གཟབ་དགོས་པ་གལ་ཆེ།།
རྟེན་བཟང་རིན་ཆེན་དབྱར་གྱི་དཔལ་ཡོན་ལ།།
ནད་མུག་མཚོན་གྱི་སད་སེར་རྒོད་དྲག་པས།།
བཅོས་ཐབས་སྟ་གོན་དུག་གི་འཕྲུལ་མདའ་ཞིག།
མ་བསྐུལ་རང་འདོད་མཁའ་དབྱིངས་དཀྱིལ་དུ་འཕངས།།
བཅོས་མིན་རྣམ་དཀར་སེམས་ཀྱི་གཏད་སོ་དེ།།
ཁ་བ་བོད་པའི་རིགས་རུས་འདི་ལ་འཁྲུངས།།
མི་ཤེས་ཧམ་སྤྱོད་བྱེད་པའི་བཟློས་གར་དེ།།
འཁྲབ་ལུགས་སྐྱོ་བས་རང་སེམས་བཟོད་མ་ཚུགས།།
རྒས་ནས་འཆི་བ་དངོས་པོའི་གཤིས་ཡིན་ཡང་།།
འགྲོ་བཞིན་འདས་ན་ལྷག་གི་སྡུག་བསྔལ་ཞིག།
མ་ཚད་དེང་གི་འཕྲུལ་འཁོར་ཉེས་ཚབས་ཆེ།།
དགའ་བཞིན་ངུ་ལ་རྒྱལ་བ་ཁྱོད་ཀྱི་སྲོལ།།
སྤྱིར་འཁོར་བའི་རྒྱུད་གསུམ་གྱི་སོ་སོའི་གནས་མཐོ་དམན་ཀུན་ལ་འཚོ་བའི་ལུས་ཅན་ཐམས་ཅད་སྐྱེ་རྒས་ན་འཆིའི་བདག་ཉིད་དུ་གནས་མིན་ནི་སྨོས་མེད་ལགས་ཤིང་།
ཁྱད་པར་དུ་སྙིགས་མའི་དུས་འདིར་འཚོ་བའི་ཟས་དང་། རྒྱན་ཆ་དང་རྒྱན་གོས་སོགས་ཐ་ན་འགྲོ་འདུག་བྱེད་སའི་རྟེན་གཞི་ཕལ་ཆེ་བ་སོ་སོའི་ཕུང་ཁམས་དང་རྣམ་ཤེས་ཀྱི་འབྲེལ་ཐག་གཅོད་མཁན་གྱི་ཤན་པ་དངོས་ཡོད་དུ་གྲུབ་ཅིང་། ལྷག་པར་དུ། རླངས་འཁོར་དང་མེ་འཁོར་གནམ་གྲུ་སོགས་ལམ་ལ་མ་སོང་བའི་སྐྱོན་གྱིས། ལོ་ན་ཡོལ་བའི་རྒན་གོག་དང་། གསར་སྐྱེས་ཀྱི་བྱིས་པ། ལུས་སྟོབས་རྒྱས་པའི་གཞོན་ནུ་གང་ཡིན་ཡང་། རྐྱེན་ཆགས་གཅིག་གིས་ནམ་མཁའ་ནས་ཐོག་བབས་པ་བཞིན། ཕུངས་སུ་ལྔ་ལམ་དུ་རྫོངས་འགྲོ་བ་རེད།
དེ་ཡིན་པ་འུ་ཅག་ཚོས་ཤེས་བཞིན་དུ་ཁྱོད་ཀྱིས་དྲ་ལམ་དུ་སྤེལ་ན་དགོས་མེད་རེད་བསམ་མཁན་རྣམས་ལ། ཁོ་བོས་ཐབས་ཤེས་མེད་ཀྱང་། དེ་མིན་ང་ཚོ་ཚང་མས་བསམ་གཞིག་བྱོས་དང་། སོ་སོའི་ཡུལ་ལུང་པ་ནས་དེ་འདྲའི་རྐྱེན་ཆགས་བྱུང་བ་ག་ཚད་ཕལ་རོལ་དུ་ཕྱིན་སོང་། ལྟོས་དང་མ་ཚད་པ་ཡི་གསར་འགྱུར་ཐོག་ག་ཚད་གོ་ཐོས་བྱུང་། དེ་མིན་རང་གིས་མཐོང་ཐོས་རིག་གསུམ་བྱུང་བ་ལ་བསམ་བློ་ཞིག་བསྐོར་དང་། མི་བུ་མང་པོ་ག་ཚད་དེས་རྐྱེན་པའི་འཇིག་རྟེན་འདི་ལས་སོང་། དེ་མ་ཡིན་པའི་མགོ་རྐང་ལ་སོགས་པའི་རང་གི་ཡན་ལག་ལ་མི་ཚེ་འདི་ལ་བཅོས་ཐབས་མེད་པའི་ཆགས་སྒོ་རྒྱུག་པ་མིག་མཐོང་ལག་ཟིན་དང་མཐོང་བ་མངོན་འགྱུར་རེད།
དཔེར་ན་དེང་སང་སྨན་ཁང་ཕལ་ཆེ་བ་ལ་ནད་པ་བརྒྱ་ཆ་བརྒྱ་ཡི་ནང་ནས། དྲུག་ཅུ་གཡས་གཡོན་འཕྲུལ་ཆས་རྐྱེན་པ་རེད་འདུག་ཅེས། སྨན་ཁང་དེར་ཕྱག་ལས་གནང་མཁན་གྱི་ལྷ་རྗེ་མང་དག་ཞིག་གིས་ང་ལ་གསུངས་མྱོང་། ངས་ཀྱང་བསམ་གཞིག་བྱས་ན་དེ་རང་རེད་འདུག རེད་དེ། རང་ཕར་རྒྱབ་རོགས་ཚུར་རྒྱབ་རྐྱེན་ངན་དེ་དང་མ་འཕྲད་པར་ཡིད་ལ་བཟུང་མཁན་ཉུང་ཉུང་འདྲ་མོ་ཡིན་འདུག་པས། དེ་ལ་ཁོ་བོས་བརྗེད་གཙང་གི་ཚུལ་དུ་པར་རིས་ཁ་ཤས་ཤིག་སྤྱན་འབུལ་ཞུས་ཡོད།
སླད་ཕྱིན་ཆད་རྐྱེན་ཆགས་སྒོ་དེ་དག་གི་འཕྲང་སེལ་གྱི་ཆེད་དུ། སྐོང་གསོལ་ལམ་ལྷ་དང་། བར་ཆད་ལམ་སེལ། གཞན་ལ་བསམ་པ་བཟང་པོ་སོགས་ལྷག་བསམ་རྣམ་དག་བགྱིས་དགོས་པ་མ་ཟད། རང་ཉིད་ཀྱིས་འཕྲུལ་ཆའི་རིགས་བེད་སྤྱོད་སྐབས་བཟི་རག་རྩ་བ་ནས་མི་མཆོད་རྒྱུ་དང་། རང་གི་ལུས་པོར་བརྟགས་དཔྱད་བྱས་ཏེ། ཁྲག་ཚད་མཐོ་མིན་སོགས་གནད་འགག་ཆེ་བའི་ནད་ རྣམས་བཅོས་དགོས་པ་མ་ཟད། གློག་སྒྲོན་དང་སྐད་བརྡ་གཡས་གཡོན་གཟུར་ལུགས་སོགས་ འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ནང་ཞུགས་ཏེ་སློབ་སྦྱོང་བྱེད་རོགས་ཞུ་རྒྱུ་དང་། འཁོར་དགག་དང་རྣམ་སྒྲོན་ཁ་འཁོར་སོགས་དུས་རྒྱུན་དུ་ཡོ་བཅོས་བཟོ་དགོས་རེད། ད་དུང་ཁ་ལོ་བཟུང་ཤེས་པ་དང་ལམ་དཀྱིལ་དུ་བགྲོད་ཤེས་པ་ཙམ་གྱི་ཆོག་ཤེས་མི་བྱེད་པ་དང་། ལྷག་པར་དུ་རླངས་འཁོར་མ་གཏོང་བཞག་འཇོག་པའི་གནས་སྐབས་སུ་མངགས་གཏོང་རིམ་པ་དང་པོའི་ནང་བཞག་ན་ལེགས། གཞན་པའི་དོ་སྣང་བྱེད་དགོས་རྒྱུ་མང་ཡང་མདོར་ན་གཟབ་གཟབ་བྱེད་རོགས་ཞུ།། ལྷག་པར་དུ་དབྱར་རྩ་དགུན་འབུ་བརྐོས་ཚར་དུས་བཟི་རག་ཏོག་ཙམ་མཆོད་མཁན་མང་བས་ཕན་ཚུན་རྩོད་པ་འཛིང་མོ་མི་བཟོ་རོགས་ཞུ་བ་དང་།
ཆབ་གཅིག་ཏུ། ཁོ་བོས་རེད་འབོད་ཞུས་པ་འདི། གནས་སྐབས་མཐོང་ཆུང་མི་བྱ་བར་སོ་སོའི་ཡུལ་མི་རྣམས་དང་གཉེན་ཉེ་འབྲེས་དགའ་ཡག་ཕོ་མཐུན་སོགས་གང་མང་མང་ཞིག་ལ་སློབ་གསོ་ཁ་བརྡ་མ་བརྗེད་པར་ཞུ་ཞུ།།
པར་རིས་འདི་དག་མཐོང་བའི་རྐྱེན་གྱིས་རང་སེམས་བཟོད་མ་ཚུགས་ནས་ཉིས་སྟོང་བཅུ་གསུམ་ལོའི་སྤྱི་ཟླ་བ་དྲུག་པའི་ཚེས་བཅུ་བཞི་ཉིན་བྲིས།།
- ཟིན་ཐོ་གོང་མ།རང་སྤྱིའི་དབྱེ་འབྱེད་རང་ངོར་མེ་ལོང་མ།།
- ཟིན་ཐོ་འོག་མ།དུས་རབས་གསར་པའི་སྐྱ་སེར་གཉིས།།
བོན་མཚེར་ཟིན་བདག་པ་གཡམ་དྲང་སྲོང་ནས།