རྒོལ་བའི་གཟི་བརྗིད་གླེང་བ་དང་སྐྱོན་བརྗོད་པ།།
གཞུང་ལས། སྒྲུབ་དང་སུན་འབྱིན་ཤན་འབྱེད་པ། །
བརྗོད་པ་གཙོ་བོར་ཁས་ལེན་པ། །
རྒོལ་དང་ཕྱི་རྒོལ་དཔང་པོ་འོ། །
ཞེས་པས། སྒྲུབ་བྱེད་དང་སུན་འབྱིན་ཤན་འབྱེད་གཙོ་བོ་བརྗོད་པའི་ཆ་ནས་རིམ་པ་ལྟར་རྒོལ་བ་དང་ཕྱི་རྒོལ་དཔང་པོ་ཞེས་བརྗོད་པ་འོ།། དེའི་དང་པོ། རྒོལ་བ་ནི་སྔ་རྒོལ་ལ་གོ་དགོས་ལ། འདིར་འཆད་པར་བྱ་བའི་སྔ་རྒོལ་ལ་ལྡན་དགོས་པའི་ཡོན་ཏན་ནི། རྗེ་ཡི་ཚད་མ་ ལས་སྒྲུབ་བྱེད་ཡང་དག་བརྗོད་པ་གཙོ་བོ་ཁས་ལེན་པའི་གང་ཟག་དེ། རྒོལ་བའི་མཚན་ ཉིད་ཅེས་གསུངས་པས། རང་ཉིད་ཀྱིས་རང་གཞན་གཉིས་ལ་ཕན་པའི་ལུང་རིགས་ཀྱི་རྒྱབ་ ལྗོང་ཡོད་པའི་རྒྱུ་མཚན་ཡང་དག་པ་འམ་སྒྲུབ་བྱེད་གནད་ལ་ཁེལ་བ་གཅིག་བཀོད་སྟེ། ལུས་ངག་ཡིད་གསུམ་གྱི་ཐོག་ནས་གཞན་དངས་བ་འདྲེན་པ་ཞིག་དགོས་ལ། ཀུན་སློང་ལ་ཡང་ཕན་ཚུན་རོགས་རམ་དང་བསམ་བློ་བརྗེ་རེས་རང་གཞན་གཉིས་ཕན་གྱི་གཞི་བཟུང་སྟེ་རྩོད་པ་ཚད་ལྡན་བྱེད་དགོས་པ་མ་ཟད། ཕྱི་ལུས་ཀྱི་རྣམ་འགྱུར་ནང་སེམས་ཀྱིས་དྲན་སྟངས་གསང་བ་ངག་གིས་བཟླ་སྟངས་སོགས་གང་ལེགས་གང་ཡག་གཏོང་སྟེ། སྒོ་གསུམ་ དགེ་བའི་ཕྱོགས་དང་ཡ་མ་བྲལ་བའི་སྒོ་ནས་རྩོད་པ་ཚད་དང་ལྡན་པ་ཞིག་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ངོས་འཛིན་གནང་ན་སྐྱེས་བུ་དེ་ཉིད་སྨྲ་བའི་སེང་གེ་རུ་འགྱུར་ཏེ།གཞུང་ལས། གང་ཞིག་སྒྲོས་རྩོད་མཆོག་གྱུར་པ། །ཐེ་ཚོམ་གེག་སེལ་ཞུ་ལ་བརྩོན། །བཀའ་ སྒྲོས་བདེ་ཉམས་སྡུ་ལ་མཁས། །རྩོད་པས་ལོག་རྟོག་འཇོམས་པར་བྱེད། །རྩོད་དུས་ངག་འཇམ་གཟི་མདངས་ལྡན། །རང་དབང་མངོན་འགྱུར་གཞན་དབང་བཀྲོལ། །དེ་ནི་སྨྲ་བའི་སེང་གེ་སྟེ། ཞེས་གསུངས་སོ། །ལྷག་པར་དུ་རང་ཉིད་ཀྱིས་རྟགས་གསལ་དང་བཅས་པའི་ཐལ་འགྱུར་གཏོང་ཚེ། ཐལ་འགྱུར་ཡང་དག་སོང་བ་དང་། ཕ་རོལ་པས་ལན་འདེབས་སྟངས་ལ་བཀའ་དང་བཀའ་རྟེན་གང་རུང་ཞིག་གི་ལུང་ལ་དོན་འགལ་སོང་ཚེ་ངེས་པར་དུ་འཁོར་གསུམ་བརྡ་སྤྲད་དགོས་པ་ཡིན་ཏེ། དེ་ལྟར་མ་བྱས་ན་རྩོད་པའི་ལུགས་སྲོལ་ཉམས པར་འགྱུར་ཞེས་གསུངས་སོ། །ཡང་དགོས་སུ་རང་གིས་འདོད་སྟངས་དང་མ་མཐུན་པ་བྱུང་བ་ཙམ་ལ་རྩ་བ་ནས་ཕ་རོལ་པོ་ལ་སྨོད་པ་དང་འཁོར་གསུམ་སོགས་མི་བྱེད་རྒྱུ་དེ་ནི་རྩོད་པ་ཚད་ལྡན་བྱེད་པའི་གཏན་ཚིགས་སུ་ངེས་སོ།། ངེས་པར་དུ་། ལག་གི་ཐལ་མོ་བརྡབ་པའི་ སྐབས་གཡས་ཀྱི་ཐལ་མོ་གཡོན་གྱི་རིག་པའི་འཕར་རྩ་ལ་རྒྱབ་ན་རིག་པ་མྱུར་དུ་འགྲོ་བ་དང་། དེའི་མཚམས་ལག་གཡོན་ཀྱིས་ཉོན་མོངས་དུག་ལྔ་མར་གནན་པའི་ཚུལ་བྱས་ལ། ལག་གཡས་ཀྱིས་འཁོར་བའི་སེམས་ཅན་ཡར་འདྲེན་པའི་ཀུན་སློང་བཟུང་སྟེ་ཞལ་གྱི་དཀྱིལ་འཁོར་འཛུམ་ལ་གཟི་མདངས་དང་ལྡན་ཞིང་ངག་འཇམ་པོ་དང་། སྐད་ཤུགས་མཐོ་པོའི་ངང་རྩོད་དགོས་པ་ཡིན་ཏེ། རྗེའི་ཚད་མ་ལས་རྩོད་དུས་ངག་འཇམ་གཟི་མདངས་ལྡན་ཞེས་ སོགས་གསུངས་པའི་ཕྱིར།
རྒོལ་བའི་སྐྱོན་བརྗོད་པ།
རང་ཉིད་རྒྱལ་བར་འདོད་པའི་ང་རྒྱལ་དང་། གཞན་རྣམས་ཕམ་པར་འདོད་པའི་ཞེ་སྡང་། རང་གཞན་གྲུབ་མཐར་རྨོངས་པའི་གཏི་མུག་གསུམ་ཇེ་འཕེལ་དུ་སོང་སྟེ། དང་པོ་རྩོད་གཞི་ ལ་གཞན་ཕན་དང་བྱམས་པ་གླེང་ཡང་མཐར་མཇུག་ང་རྒྱལ་དང་རང་གཅེས་ཁོ་ནའི་དབང་དུ་ཤོར་ཏེ། ཕ་རོལ་སྨོད་པ་དང་བག་མེད་ཀྱི་ངང་ནས་བརྟག་དཔྱད་མ་བྱས་པ་ལུང་དོན་ལོག་པར་འགྲེལ་མཁན་ཡང་སྲིད་དེ་བླ་ཆེན་དྲན་པའི་ཞལ་ནས། །རྩོད་ངན་སྡོང་བས་ཕ་རོལ་སྨོད། །རང་རྒྱལ་འདོད་ལ་ཆགས་ཞེན་ཅིང་། །བག་མེད་གཟུ་ལུམ་འགལ་བར་སྨྲ། ཞེས་གསུངས་སོ།། ད་དུང་ཁ་ཅིག་གིས། རང་གིསཞེན་སྟངས་དང་བསམ་སྟངས་མ་མཐུན་པ་དང་རང་ཉིད་ལ་དོན་ལྡན་གྱི་རྒྱུ་མཚན་གྱིས་སྟོང་ཚེ་དམ་བཅའི་དབུ་འཕུར་མཉེ་བཟོ་བ་དང་། བ་གླང་རྫི་བོའི་དམོད་ཚིག་ལྟར་བུའི་ཚིག་གྱོང་པོ་བརྗོད་པ་སོགས་བྱས་ན་ངན་སོང་གི་གནས་སུ་ལྟུང་བྱེད་ཀྱི་རྒྱུ་རུ་འགྲོ་སྟེ། དེ་ཉིད་ལས། རྩོད་པར་ཁས་བླངས་ཡེངས་ལ་འཇོག །རྩོད་གཞི་མེད་པར་རྩོད་པ་བཟོ། །དྲི་སྐབས་མེད་པར་གལ་དུ་རྩོད། །ཐལ་བརྡབ་ཚིག་ངན་བརླང་པོ་ཡིས། །ངན་སོང་གནས་སུ་གཞེན་འདེབས་བྱེད། ཅེས་གསུངས་སོ། །ཕྱི་ཡི་ཚུལ་ལའང་ལུས་ཀྱི་ཚུགས་ཤོར་བ་དང་ངོ་གདོང་ནག་པོ་རུ་འགྲོ་བ་དགྲ་བོ་ཉེ་བར་བཏུལ་བ་ལྟར་བུའི་ཧམ་ཁྱེར་གྱི་ཚིག་ངན་སྣ་ཚོགས་བརྗོད་ན་འཆད་རྩོད་ཀྱི་བསྟན་པ་ལ་ལྟ་བ་ལོག་པ་དང་ཁྱད་མེད་པས་ངེས་པར་དུ་གཟབ་དགོས་སོ།།
2012 ལོའི ཟླ་བ 9 ཚེས 21 ཉིན་བྲིས། །
- ཟིན་ཐོ་གོང་མ།གསང་སྔགས་ཐེག་པའི་བོན་དབྱངས། །
- ཟིན་ཐོ་འོག་མ།ཕྱི་རྒོལ་གྱི་གཟི་བརྗིད་གླེང་བ་དང་སྐྱོན་བརྗོད་པ། །