ཟིན་ཐོ།།
འཁོར་འདས་ཀུན་འབྱུང་ཡེ་སྟོང་ཆེན་པོའི་གཞི། །
སྡུག་དགུའི་དཔལ་མཛེས་ཀུན་བཟང་གཤེན་ལྷ་འོད། །
གང་འདུལ་དེར་སྟོན་རྒྱལ་མཆོག་མི་ཡི་ཚུལ། །
བསླུ་མེད་སངས་རྒྱས་སྒོ་གསུམ་གུས་བརྒྱས་འདུད། །
བོན་བསྟན་ཉི་གཞོན་མ་སྒྲིབ་མཁའ་ལ་གསལ། །
བོན་འབངས་བདེ་སྐྱིད་རྒྱལ་བྱིན་དང་མཚུངས་དུས། །
བོན་ཕྲུག་ཞུག་མར་འོད་མདངས་དགོས་དབེན་ཡང་། །
བོན་གཞུང་བསྟུན་ནས་རིག་གསར་ཕན་ཕྱིར་བཀོད། །
གོང་རིམ་འཁྲུག་པའི་རྗེས་དྲན་ཟིན་ཐོ་འདི། །
གཟུར་གནས་དགྱེས་པའི་ཤེས་བྱ་མ་ལགས་ཀྱང་། །
ཤེས་ཚོད་ཙམ་ཞིག་ཤོག་ཐོག་ལ་འགོད་པས། །
གསར་ཞུགས་བུ་སློབ་རྣམས་ཀྱིས་གཟིགས་མཛོད་ཀྱེ། །
དེ་ཡང་བདེ་སྡུག་གི་ཕུང་པོས་བསྡུས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་མཁན་ཁོ་ན་ཡིན་པས། དེ་དག་ཐམས་ཅད་ཀྱི་ རྩ་བ་ནི། རང་སེམས་སངས་རྒྱས་དེ་ཉིད་རྟོགས་མིན་ལ་རག་ལས་ཏེ། གཞུང་ལས་དེ་རྟོགས་མ་རྟོགས་ཁྱད་པར་ཆེ། །གྲོལ་འཁྲུལ་གཉིས་ལས་སོ་སོར་གྱེས་ཅེས་དང་། སྙན་རྒྱུད་ལས། གཞི་དོན་རྟོགས་དང་མ་རྟོགས་ཁྱད་པར་ལས། །སངས་རྒྱས་སེམས་ཅན་གཉིས་ཀྱི་འབྱུང་གཞིར་གནས་ཅེས་གསུངས་པ་བཞིན། ཡང་དག་པའི་གནས་ལུགས་དེ་ཉིད་མཐོང་ན་མྱང་འདས་དང་། མ་མཐོང་ན་འཁོར་བ་ཡིན་པ་གསལ་བར་རྗེ་ཡི་ས་ལམ་ལས་གསུངས་ལ། རང་གཞུང་དབུ་མ་ལས། དོན་དམ་རྟོག་པའི་ཡུལ་མིན་ཡང་། །བརྡ་དང་ཚིག་གིས་དེ་མཚོན་སྟོན། །འཛུབ་ཁྲིད་ཟླ་བ་ལྟར་བུ་འོ།། ཞེས་གསུངས་པ་བཞིན། ཡང་དག་པའི་གནས་ལུགས་དེ་ཉིད་ངོ་ཤེས་ཤིང་འདྲིས་པར་བྱེད་པ་ལ། དབང་པོ་ཐ་མ་རྣམས་ཀྱིས་དང་པོར་རིག་པའི་འཕྲུལ་འཁོར་བསྐོར་ཏེ་ཡུལ་དང་ཡུལ་ཅན་ཚད་མ་ཚད་མིན་དགག་པ་དང་སྒྲུབ་པ་རྫས་དང་ལྡོག་པའི་རྣམ་བཞག་ལེགས་པར་ཕྱོས་ན་སྟབས་བདེ་བར་མཐོང་ནས་རང་བློས་དཔོག་ཚོད་ཙམ་ཞིག་ཞུ་བར་འདོད་པ་ལ། དང་པོར་བློས་རིག་པར་བྱ་བ་དེ་ཤེས་བྱ་འམ་ཡུལ་གྱི་མཚན་ཉིད་དུ་བོན་གྱི་སྤྱན་ལྡན་ཆེན་པོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་གསུངས་ལ། རྗེ་མཉམ་མེད་ཆེན་པོ་དང་ཀུན་མཁྱེན་ཉི་མ་བསྟན་འཛིན་ཡོངས་འཛིན་སྨྲ་བའི་སེང་གེ་སོགས་ཀྱིས། བློས་ཡུལ་དུ་བྱ་རུང་བ་དེ་ཡུལ་གྱི་མཚན་ཉིད་ཅེས་གསུངས་སོ། ། མདོར་ན་སློབ་དཔོན་བཟང་རྒྱལ་སོགས་རང་གཞན་མཁས་པ་དུ་མའི་འགྲིན་དབྱངས་གཅིག་འགྱུར་རོ།། འགའ་ཞིག་གིས་བློས་རིག་པར་བྱ་བ་དེ་ཡུལ་གྱི་མཚན་ཉིད་མ་ཡིན་པ་ཐལ། བློས་ཡུལ་དུ་བྱ་རུང་བ་ཡུལ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། མཚོན་བྱ་གཅིག་ལ་མཚན་ཉིད་གཉིས་མི་སྲིད་པའི་ཕྱིར་ཟེར་ཡང་། དོན་ལྡོག་གཞན་འགྱུར་གྱི་སྐབས་སུ་མཚོན་བྱ་གཞན་གྱི་མཚན་ཉིད་མ་ཡིན་པ་ཞེས་པའི་དོན། རང་གི་བཏགས་ཡོད་ལས་གཞན་པའི་མཚན་ཉིད་མ་ཡིན་པའི་དོན་ལས། མཚོན་བྱ་གང་བཟུང་བ་དེ་དང་ལྡོག་པ་ཐ་དད་པའི་དོན་མ་ཡིན་པ་འོ། ། དེ་ལྟར་མ་ཡིན་ན། རང་རྒྱུ་འབྱུང་བ་ལ་རྟེན་ནས་བྱུང་བའི་འབྲས་བུ་གཟུགས་རུང་དེ་འབྱུང་འགྱུར་གྱི་མཚན་ཉིད་མ་ཡིན་པ་འགྱུར་ཏེ། རང་རྒྱུ་འབྱུང་བ་ལ་རྟེན་ནས་བྱུང་བ་གང་ཞིག་རྡུལ་དུ་གྲུབ་པ་ དེ་འབྱུང་འགྱུར་གྱི་མཚན་ཉིད་ཅེས་རྗེས་གསུངས་སོ། ། དེས་རིགས་བསྒྲེས་ནས་སྐད་ཅིག་མ་དེ་དངོས་པོའི་དོན་ལྡོག་ཏུ་འགྱུར་ཟེར་ན། མི་མཚུངས་ཏེ། གཅིག་ཤོས་དེ་དེའི་མཚོན་བྱེད་དུ་འགྲོ་ལ། སྐད་ཅིག་མ་དེ་དངོས་པོའི་མཚོན་བྱེད་དུ་མི་འགྲོ་བའི་ཕྱིར། སྤྱིར་མཚོན་བྱེད་དུ་འགྲོ་ཚུལ་ལ་མང་དུ་ཡོད་ཀྱང་། ད་སྐབས་མཚོན་བྱེད་དུ་འགྲོ་མིན་མིན་ནི། དཔེར་ན། མི་རྟག་པ་ལྟར་བུ་ལ་མཚོན་ན་སྐད་ཅིག་མ་ཞེས་པའི་སྒྲ་ཡི་རྗེས་འབྲང་གི་རྟོག་པ་ལ་མི་རྟག་འགྱུར་བ་ཅན་ཞིག་འཆར་བ་ལས་དངོས་པོ་མི་འཆར་བའི་ཕྱིར། བློས་ཡུལ་དུ་བྱ་རུང་བ་དང་བློས་རིག་པར་བྱ་བ་ཞེས་པ་གཉིས་ཀའི་རྗེས་འབྲང་གི་རྟོག་པ་ལ་ཡུལ་དེ་བློས་བཟུང་བྱ་རུ་དོན་སྤྱི་འཆར་སྟངས་འདྲ་ལ། སྐད་ཅིག་མ་དང་དོན་བྱེད་ནུས་པ་གཉིས་ལ་མི་འདྲ་སྟེ། སྐད་ཅིག་མ་ཞེས་པའི་སྒྲ་ཡི་རྗེས་འབྲང་ལ་སྐད་ཅིག་སྐད་ཅིག་ནས་མར་འཇིག་མཁན་ཞིག་འཆར་ལ་དོན་བྱེད་ནུས་པ་ཞེས་པའི་སྒྲ་ཡི་རྗེས་འབྲང་ལ་ཡར་དོན་བྱེད་ནུས་མཁན་ཞིག་འཆར་བས་མི་འདྲ་འོ།། དེ་མིན་ན་སྐད་ཅིག་མ་དེ་དངོས་པོའི་མཚན་ཉིད་མི་འགྲོ་ལ་བློས་རིག་པར་བྱ་བ་དེ་ཡུལ་གྱི་མཚན་ཉིད་འགྲོ་བའི་རྒྱུ་མཚན་གང་། འདི་ནི་རང་བློར་འཆར་ཚུལ་ཙམ་ལས་དཀའ་བར་སྣང་།
དྲྭ་གྲོགས་རྣམ་པས་འདིའི་ཐོག་ལ་བསམ་ཚུལ་གཞན་ཡོད་ན་འདིར་ཕྱོགས་འདོན་རོགས། །
- ཟིན་ཐོ་གོང་མ།ཀ་ཁའི་དབྱངས་རྟ། །
- ཟིན་ཐོ་འོག་མ།རང་སྤྱིའི་དབྱེ་འབྱེད་རང་ངོར་མེ་ལོང་མ།།