རང་སྤྱིའི་དབྱེ་འབྱེད་རང་ངོར་མེ་ལོང་མ།།
རང་མཚན་དང་སྤྱི་མཚན་བཤད་པ་གཉིས་ལས། དང་པོ། རང་མཚན་ནི་དངོས་པོ་ཐམས་ཅད་དེ། བོན་གྱི་སྤྱན་ལྡན་ཆེན་པོའི་ཚད་མ་ཀུན་བཏུས་ལས། འཛིན་པ་མ་འཁྲུལ་པ་ལ་གསར་བར་རྟོགས་པའམ་རྟོག་བྲལ་མ་འཁྲུལ་བའི་ཡུལ་དེ་སྣང་བ་དེ། དེའི་མཚན་ཉིད་དུ་གསུངས་ལ། ཀུན་མཁྱེན་ཉི་མ་བསྟན་འཛིན་དང་། ཡོངས་འཛིན་སྨྲ་བའི་སེང་གེ། སློབ་དཔོན་བཟང་རྒྱལ་སོགས་ཀྱིས། རང་འཛིན་ཤེས་པ་ལ་ཐུན་མོང་མ་ཡིན་པའི་རྣམ་པ་སྣང་དུ་རུང་བ་གང་ཞིག་སྣང་ཚུལ་དང་མཐུན་པར་དོན་བྱེད་ནུས་པ་རང་མཚན་གྱི་མཚན་ཉིད། ཅེས་གསུངས་པའི་སོ།། མཁས་དབང་དེ་རྣམས་ཀྱིས་གོང་དུ་མཚན་ཉིད་གསུངས་ཚུལ་ལ་ལྡོག་པའི་ཆ་ནས་ཐ་དད་ཡོད་ཀྱང་དོན་ལ་གཅིག་སྟེ། དཔེར་ན། ཆབ་དང་ཆུ་བཞིན་ནོ།། སྐབས་འདིར་གོང་གི་མཚན་ཉིད་དེ་ལ་ངས་འདི་ལྟར་གོ་སྟེ། སོ་སྐྱེའི་མངོན་སུམ་ཚད་མས་གསལ་བར་རྟོགས་པའམ་མངོན་སུམ་དེ་ཉིད་ལ་དོན་རང་ཚན་གྱི་རྣམ་པ་ཚུར་གཏོད་པ་ལས། རྟོག་པའི་ངོར་ལ་འཆར་བའི་སྤྱི་རྣམ་ཙམ་ཞིག་མིན་པས་ནའོ།། སྐབས་འདིར་ཐུན་མོང་མ་ཡིན་པའི་རྣམ་པ་ཞེས་པའི་དོན། རྟོག་མེད་ཤེས་པ་ལ་གསལ་བར་སྣང་བའི་རྣམ་པའམ་སྒྲ་སྤྱི་དོན་སྤྱི་གང་རུང་ལ་བརྟེན་ནས་མ་འཆར་བ་ཡུལ་དེ་རང་མཚན་གསལ་པོར་སྣང་བའི་རྣམ་པ་ཞིག་ལ་གོ།། དཔེར་ན་ཀ་འཛིན་མིག་ཤེས་ལ་ཀ་བ་ཤར་བ་ལྟར་བུའོ། ། གངས་རི་སེར་པོ་དང་ཟླ་གཅིག་ཟླ་གཉིས་སོགས་རང་འཛིན་ཤེས་པ་ལ་ཐུན་མོང་མ་ཡིན་ པའི་རྣམ་པ་སྣང་དུ་རུང་བ་ཡིན་ཡང་། སྣང་ཚུལ་དང་མཐུན་པར་དོན་བྱེད་ནུས་པ་མ་ ཡིན་པས་དངོས་པོའི་རིགས་ལ་འཐད་པར་སེམས། ཁོ་ན་རེ། མི་རྟག་པ་དངོས་པོ་མ་ཡིན་ པར་ཐལ། སོ་སྐྱེའི་མངོན་སུམ་ཚད་མས་གསལ་བར་མི་རྟོགས་པའི་ཕྱིར། དེར་ཐལ། མི་རྟག་པ་མངོན་སུམ་དུ་གསར་དུ་རྟོགས་པའི་བློ་ཐེག་དམན་མཐོང་ལམ་སྐད་ཅིག་གཉིས་པ་ནས་གསར་དུ་སྐྱེ་བའི་ཕྱིར། ཟེར་ན། མ་ཡིན་ཏེ། །སྡུག་བསྔལ་མི་རྟག་སྟོང་བདག་མེད། ཅེས་པའི། ཐེག་དམན་མཐོང་ལམ་སྐད་ཅིག་གཉིས་པ་ནས་སྡུག་བསྔལ་དང་མི་རྟག་སོགས་ ཕྲ་བ་རྣམས་དེས་སྐབས་སུ་གསར་དུ་རྟོགས་པ་ཡོད་པའི་དོན་ལས། མི་རྟག་པ་རགས་པ་ རྣམས་སོ་སྐྱེའི་མངོན་སུམ་ཚད་མས་རྟོགས་ཏེ། འཇིག་བཞིན་ཐོག་རྩེག་ཁང་བཟང་དང་། མཛེས་ལྡན་གྱི་དབྱར་ཁའི་མེ་ཏོག་སོགས་མི་རྟག་འགྱུར་བ་ཅན་གྱི་རང་བཞིན་དུ་ཤེས་པའི་ཕྱིར། རགས་པ་འགའ་ཞིག་མི་རྟག་པ་ངེས་ན་མི་རྟག་པ་ཤེས་དགོས་ཏེ། སྤངས་ཚད་ཡ་ཐ་རྟོགས་ཚད་མ་ཐ་ཞེས་ཡོངས་གྲགས་ཡིན་པའི་ཕྱིར། སྒྲུབ་བྱེད་ཀྱང་ཡོད་དེ། མངོན་སུམ་ཚད་མའི་རྟོགས་པར་བྱ་བ་མངོན་གྱུར་གྱི་མཚན་ཉིད། དེ་དང་དངོས་པོ་དོན་གཅིག ཅེས་དང་། འགྲོ་མགོན་རིན་པོ་ཆེ་སོགས་ཀྱིས་གོང་དུ་མཚན་ཉིད་གསུངས་པ་དེ་རྣམས་ ལ་ལྟོས་དང་གོ་བ་འབྱུང་ངེས་ཡིན། སོ་སྐྱེ་ལ་གཞིར་བཞག་བྱེད་དགོས་ཏེ། རྗེའི་ཚད་མ་ལས། འདི་ཡང་སོ་སྐྱེའི་སྐབས་ཡིན་ཞེས་ནན་གྱིས་གསུངས་པའི་ཕྱིར། དེ་འདྲ་བའི་ཐེག་དམན་མཐོང་ལམ་མ་ཐོབ་གོང་དུ། མི་རྟག་པ་སོགས་འཛིན་པ་མ་འཁྲུལ་པའི་གསལ་བར་རྟོགས་ཀྱང་། རང་གྲུབ་དུས་སྐད་ཅིག་གཉིས་པ་ནས་མི་སྡོད་པའི་བོན་ཡིན་པ་མཐོང་ལམ་དུ་གསར་དུ་རྟོགས་སོ། །ཕྱོགས་གཞན་ཞིག་ནས་བཤད་ན། རང་འཛིན་ཤེས་པ་ལ་ཐུན་མོང་མ་ཡིན་པའི་རྣམ་པ་སྣང་དུ་རུང་བ་གང་ཞིག་སྣང་ཚུལ་དང་མཐུན་པ་དོན་བྱེད་ནུས་པ་ཞེས་པའི་དོན། སོ་སྐྱེའི་མངོན་སུམ་ཚད་མ་ཞིག་ཁྱོད་ལ་སྣང་ལ་མ་ངེས་པའི་བློ་འགྲོ་རྒྱུ་ ཡོད་པས་དོན་ནོ།།
གཉིས་པ་སྤྱི་མཚན་བསྟན་པ་ནི། དེའི་མཚན་ཉིད་དང་། ཁྱབ་མཐའ་བསྟན་པ། ཞར་བྱུང་གཞན་བཤད་པའོ།། དང་པོ་མཚན་ཉིད་ནི། འཛིན་པ་ལ་ཐུན་མོང་གི་རྣམ་པ་སྣང་དུ་རུང་བ་གང་ཞིག་སྣང་ཚུལ་དང་མཐུན་པར་དོན་བྱེད་མི་ནུས་པ་དེ་འོ།། དེ་དང་རྟག་པ་ དང་། དོན་སྤྱི་གྱུར་པའི་གཟུང་ཡུལ། འདུས་མ་བྱས་པའི་རྟེན་འབྲེལ། དོན་བྱེད་མི་ནུས་པའི་ཤེས་བྱ་རྣམས་ཡིན་ཁྱབ་མཉམ། ཁ་ཅིག་གིས། དོན་སྤྱི་གྱུར་པའི་གཟུང་ཡུལ་ཡིན་ན་དོན་སྤྱི་ཡིན་པའི་མ་ཁྱབ་པར་ཐལ། རྟག་པ་དེ་ཡིན་པའི་ཕྱིར་ཟེར་ན། རྟག་པ་དེ་དོན་སྤྱི་གྱུར་པའི་གཟུང་ཡུལ་དང་དོན་སྤྱི་གཉིས་ཀྱི་གཞི་མཐུན་ཡིན་ནོ།། དོན་སྤྱི་མ་ཡིན་པ་ཐལ། སུ་གང་གི་དོན་སྤྱི་མ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། དོན་སྤྱི་ཡིན་ཏེ། རྗེའི་ཚད་མ་ལས། བུམ་འཛིན་རྟོག་པ་ལ་བུམ་པའི་རྣམ་པ་སྣང་བ་མཚན་གཞི། དོན་སྤྱི་ཡིན་པར་མཚོན། འཛིན་པ་ལ་ཐུན་མོང་གི་རྣམ་པ་སྣང་རུང་ཡིན་པས་སོ།། ཞེས་དོན་སྤྱིའི་མཚན་ཉིད་ལ་ལྟོས་དང་ཤེས་ས་འདུག རིག་པས་ཀྱང་གྲུབ་སྟེ། རྟག་པ་ལ་སོགས་ནི་རྣམ་པ་བློ་ལ་འདྲེས་ཏེ་རྟོག་པ་ལ་སྣང་ཙམ་དུ་གནས་སོ།། དཔེར་ན། ནམ་མཁའ་ལྟར་བུ་ལ་མཚོན་ཏེ་བཤད་ན། ཁྱོད་ཞེས་པའི་སྒྲ་དང་ཐོགས་རེག་བཀག་པའི་ཆ་སོགས་ལ་བརྟེན་ནས་རྟོག་ངོར་འཆར་ཙམ་གྱི་བོན་ལས་གཞན་པའི་ནམ་མཁའ་ཞིག་མི་རྙེད་ལ། དེས་ན་རྟག་པ་ཀུན་ལ་རིགས་སྒྲེ་ཤེས་པར་མཛོད་ཅིག ཁོ་ན་རེ། སྟོང་གཞི་ཀ་བུམ་ལ་སོགས་ནི་རྟོག་ངོར་འཆར་བའི་རྣམ་པ་ལས་གཞན་ཡོད་ཀྱང་། ཤེས་པ་དང་ལྡན་མིན་འདུ་བྱེད་མི་རྟག་པ་སོགས་རྟོག་ངོར་ལ་འཆར་སྟོང་དང་རྟག་པ་སོགས་རྟོག་ངོར་འཆར་ཚུལ་ཧ་ཅང་འདྲ་བས་ཇི་ལྟར་འགྲེལ་ཟེར་ན། འདི་ལྟར་ཏེ། དང་པོ་ཤེས་པ་སོགས་ནི་རྣམ་པ་བློ་ལ་མ་འདྲེས་ཤིང་མངོན་སུམ་ཚད་མའི་གཟུང་ཡུལ་དུ་གྱུར་ལ། ཕྱི་མ་ནི་རྟོག་པའི་ངོར་འཆར་ཙམ་གྱི་རྗེས་དཔག་ཚད་མས་གཟུང་ཡུལ་དུ་བྱེད་པའི་ཕྱིར། ཡང་ཁོ་ན་རེ། གཞི་འདི་ན་བུམ་པ་མེད་པ་རྟག་པ་ཡིན་ཡང་མངོན་སུམ་ཚད་མས་རྟོགས་ལ། སྒྲ་ཡི་མི་རྟག་པ་རང་མཚན་ཡིན་ཡང་རྗེས་དཔག་ཚད་མས་གཟུང་དགོས་པའི་ཕྱིར་ཟེར་མཁན་ཡོད་ཀྱང་། གོང་དུ་རང་སྤྱི་གཉིས་ཀྱི་ཡིན་ཚུལ་བཤད་པ་ལ་བལྟས་ནས་འདི་ལྟར་དགོས་སམ་སྙམ། ཁ་ཅིག་ན་རེ། རྟག་པ་ཡིན་ན། གཟུང་ཡུལ་ཡིན་པའི་ཁྱབ་ཟེར་ན། རྣལ་འབྱོར་མངོན་སུམ་གྱི་ཡུལ་དུ་གྱུར་པའི་སྟོང་ཉིད་བོན་ཅན། གཟུང་ཡུལ་ཡིན་པ་ཐལ། རྟག་པ་ཡིན་པའི་ཕྱིར། འདོད་ན། རྣལ་འབྱོར་མངོན་སུམ་འཛིན་པ་ཡིན་པ་ཐལ་ལོ།། རྣལ་འབྱོར་མངོན་སུམ་བོན་ཅན། འཛིན་པ་མ་ཡིན་ཏེ། གཟུང་འཛིན་གཉིས་ལས་རྣམ་པར་གྲོལ་བའི་བོན་ཉིད་གཟིགས་པའི་ཕྱིར། མ་སྒྲུབ་ཟེར་ན། དེ་བོན་ཅན། གཟུང་འཛིན་སྤངས་བའི་རྣམ་གྲོལ་ལམ་མ་ཡིན་པ་ཐལ། གཟུང་འཛིན་གཉིས་ལས་མ་གྲོལ་བའི་ཕྱིར། གཟུང་འཛིན་གཉིས་ལས་གྲོལ་དགོས་ཏེ། ཚད་མ་ཀུན་བཏུས་ལས། བོན་ཉིད་ཡུལ་དུ་བྱེད་པའི་རྣལ་འབྱོར་མངོན་སུམ་ཡང་ཡིན་ཟེར་བ་མ་ཡིན་ཏེ། དེ་ལྟར་ན་དེ་དག་གཟུང་འཛིན་སྤངས་ནས་རྣམ་གྲོལ་ཐོབ་པ་མ་ཡིན་པར་འགྱུར་བ་ལས། དེ་གཟུང་འཛིན་གཉིས་ལས་འདས་པར་རྣམ་གྲོལ་བོན་དབྱིངས་གཟིགས་པ་དང་། ཞེས་པའི་གསལ་ལོ།། དེས་ན། དེ་ནི་རྟོགས་བྱེད་ཙམ་ཡིན་ཡང་འཛིན་པ་མ་ཡིན་ནོ།། ཞེས་གསུངས་སོ།།
ཁོ་ན་རེ། གཞི་གྲུབ་ན་གཟུང་ཡུལ་ཡིན་པའི་མ་ཁྱབ་པར་ཐལ། རྣལ་འབྱོར་མངོན་སུམ་གྱི་གཟིགས་པའི་སྟོང་ཉིད་དེ་ཡིན་པའི་ཕྱིར། ཟེར་ན། དེ་གཟུང་ཡུལ་ཡིན་ཡང་། རྣལ་འབྱོར་མངོན་སུམ་གྱི་གཟུང་ཡུལ་མ་ཡིན་ཏེ། རྣལ་འབྱོར་མངོན་སུམ་འཛིན་པ་མ་ཡིན་པས་སོ། །ཁྱབ་སྟེ། འགྲོ་མགོན་ཚད་མ་ལས། གཟུང་ཡུལ་རྟོགས་པ་འཛིན་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། འདིའི་སྐབས་སུ་གཟུང་རྟོགས་པ་འཛིན་པའི་མཚན་ཉིད་ཅེས་ཁྱོད་ཀྱི་གཟུང་ཡུལ་དེ་རྟོགས་རྒྱུ་ཡོད་པའི་དོན་ནོ།།
ཡང་ཁོ་ན་རེ། མདུན་གྱི་གཞི་འདིར་བུམ་པ་མེད་པ་བོན་ཅན། རྟག་པ་མ་ཡིན་པར་ཐལ། ཁྱོད་སོ་སྐྱེའི་མངོན་སུམ་ཚད་མས་དངོས་སུ་རྟོགས་པའི་ཕྱིར། ཟེར་ན། མ་སྒྲུབ་སྟེ། ཁྱོད་མངོན་སུམ་རྟོགས་པའི་སོ་སྐྱེའི་བློ་མེད་པའི་ཕྱིར། དེར་ཐལ། ཁྱོད་དོན་བྱེད་ནུས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲོ་མགོན་ཚད་མ་ལས། དོན་བྱེད་ནུས་པའི་དངོས་པོ་སྣང་ནས་ཡུལ་དུ་བྱེད་པ་དེ་རྟོག་བྲལ་མ་འཁྲུལ་པའི་བློ་ཡི་མཚན་ཉིད་དུ་གསུངས་པའི་ཕྱིར། འཕགས་པའི་མངོན་སུམ་དུ་རྟོགས་ཀྱང་། མི་སྐྱོན་ཏེ། འདིའི་སྐབས་སོ་སྐྱེ་ལ་གཞིར་བཞག་གོ།། དེ་ལྟར་མིན་ན་རང་མཚན་སྤྱི་མཚན་ཁྱད་པར་ཇི་ལྟར་འཇོག ཡུལ་དང་དངོས་མེད་གཉིས་ལ་མུ་བཞི་ཡོད་དེ། ཡུལ་ཡིན་ལ་དངོས་མེད་མ་ཡིན་པ། མདུན་གྱི་ཀ་བ་ལྟར་བུའོ།། དངོས་མེད་ཡིན་ལ་ཡུལ་མ་ཡིན་པ། རི་བོང་གི་རྭ་དང་བྱས་པ་ཁོ་ན་མི་རྟག་པ་ཡིན་པ་སོགས་སོ།། གཉིས་ཀ་ཡིན་པ། ནམ་མཁའ་དང་། བློས་རིག་པར་བྱ་བ་ཡུལ་གྱི་མཚན་ཉིད་ཡིན་པ་སོགས་སོ།། གཉིས་ཀ་མིན་པ་ཡང་ཡོད་དེ། མི་མགོ་རྡོ་རིལ་དང་བུམ་པ་མེད་པ་དེ་གཉིས་ཡིན་པའི་ཕྱིར། དེ་གཉིས་དངོས་མེད་ཡིན་ཡང་གཉིས་ཀ་མིན་པའོ།། ཡང་ཤེས་བྱ་དང་ཐ་དད་པ་དང་མཚོན་བྱ་གཉིས་ལ་མུ་བཞི་ཡོད་དེ། ཤེས་བྱ་དང་ཐ་དད་པ་ཡིན་ལ་མཚོན་བྱ་མ་ཡིན་པ། མི་འཇིག་པའི་བོན་དང་། འཇིན་པ་འཁྲུལ་པ་ལ་གསལ་བར་སྣང་བ་སོགས་སོ།། མཚོན་བྱ་ཡིན་ལ་ཤེས་བྱ་དང་ཐ་དད་པ་མ་ཡིན་པ་ནི། ཤེས་བྱ་ལྟར་བུའོ།། གཉིས་ཀ་ཡིན་པ་མེད་པ་གསལ་སྣང་དུ་གྱུར་པའི་གཟུང་ཡུལ་ལྟར་བུའོ།། གཉིས་ཀ་མ་ཡིན་པ་ཤེས་བྱ་དང་དོན་སྤྱི་གཅིག་ཏུ་འཆར་རུང་དེའོ།།
དྲྭ་གྲོགས་ཚོ་བསམ་ཚུལ་ཡོད་ན་འདོན་རོགས།།
- ཟིན་ཐོ་གོང་མ།ཟིན་ཐོ། །
- ཟིན་ཐོ་འོག་མ།གཟབ་དགོས་པ་གལ་ཆེ།།
རྨོ་རྐོ་འགེལ་གྱི་བྱ་བ་མི་འགྲུབ་ལྟར།།
རང་སྤྱིའི་དབྱེ་འབྱེད་རང་ངོར་མེ་ལོང་མར།།
སྐྱོན་བརྗོད་བྱེད་པའི་ཐོས་རྒྱ་ཁྱོད་ལ་དབེན།།
འོན་ཀྱང་གོང་བྲིས་རྩོམ་གྱི་མགོ་ནས་མཇུག།
ཞིབ་ཕྲ་བྱས་ནས་བརྟགས་དཔྱད་གཏོང་ཤེས་ན།།
འགལ་འཁྲུལ་སྐྱོན་ལྡན་མིན་པ་མི་སྲིད་ཀྱང་།།
ཕྲ་བའི་མི་རྟག་དངོས་པོ་མ་རྩིས་པའི།།
གཏན་ཚིག་རིག་པ་ཟིན་ཐོའི་ངོས་ལ་ཐོན།།
དེ་མིན་མཐོང་ལམ་གཉིས་པས་གསར་རྟོགས་ཅེས།།
བཀོད་པ་ཙམ་གྱིས་དངོས་མིན་མི་འགྲུབ་བོ།།
ཟབ་མོའི་དོན་ལ་མཉམ་པར་བཞག་པའི་ངོར།།
གཟུང་འཛིན་གཉིས་མེད་རོ་གཅིག་མྱོང་པའི་ཚུལ།།
ཀུན་བཏུས་ལུང་གི་ཚད་མས་བདེན་ཁ་གསལ།།
དེ་མིན་བསྡུས་རྟགས་གཞུང་ལ་འཇུག་ཙམ་གྱིས།།
བདེན་པའི་སྟོང་ཉིད་འགྱུར་མེད་རྟག་པའི་གཤིས།།
གྲུབ་པར་བཟུང་བའི་ཡིད་དཔྱོད་དག་མའི་རྗེས།།
བདེན་པར་རྟོགས་པའི་ཡང་དག་ཚད་མ་ཞིག།
ཐ་སྙད་ཚད་མའི་ལམ་ནས་རྙེད་སྲིད་པས།།
སྤྱི་མཚན་བཞག་ན་དོན་ལ་འགལ་མིན་སྙམ།།
དམ་འགལ་ཨ་སྦྲས་རང་ཚོད་མ་ཟིན་ན།།
ལུང་རིག་མདའ་མོ་མདེའུ་རང་འགྲིག་ཡིན།།
དྲེ་བཙུན་འབོད་པའི་ཟིན་བདག་ཁོ་བོས་བྲིས།།
ལུང་རིག་གཉིས་ཀྱིས་མགོ་ལ་འཁོར་གསུམ་རྒྱབ།།
དོན་དམ་ཟབ་མོ་འཛིན་པའི་ཡུལ་མིན་ཡང་།།
འཛིན་པར་ཐུན་མོང་རྣམ་པ་སྣང་རུང་འགྲེལ།།
གོང་འོག་བསྒྲིགས་ན་རང་གིས་རྒྱབ་པའི་ཚ།།
སྔ་འཕྱི་མ་གཏོགས་རང་ངོ་ཚ་བྱེད་རེད།།
རྩོམ་ལ་འཇུག་པའི་ཀུན་སློང་བཟང་མོད་ཀྱང་།
རྩོམ་ལུགས་མ་ཤེས་རང་དོན་ཐལ་འགྱུར་དངོས།།
སྤང་ཐོག་ཨ་སྦྲ་ནས་་་་་་་་བྲིས།།