གླེང་མོལ་ཨང་ཀི
༢༦༢༢༤༢༡༤༡༥
ཁ་པར།
༡༨༢༨༩༠༥༧༢༢༢

བློ་འདྲི་ཞུས་ལན་གྱི་ཉམས་མགུར'
རྣལ་འབྱོར་པ་ཀུན་བཟང་བསྟན་འཛིན།
ཨ༔ འཁོར་འདས་གཉིས་འཁྲུལ་བྲལ་འོད་གསལ་སྦུབས།།
མཚོན་མེད་ཀྱི་རང་འབྱུང་ལྷན་ནེ་བ།།
སྐྱེ་འགག་མེད་རང་གཤིས་ཧ་རེ་སྐྱོང་།།
རྩལ་སྣ་ཚོགས་དྲན་རིག་ཤར་གྲོལ་ཀློང་།།
ཕ་རིག་འཛིན་ཚེ་དབང་ཡབ་ཡུམ་དེ།།
བུ་བདག་གི་མདུན་དུ་ལམ་མེར་བྱོན།།
གནད་རླུང་སེམས་སྒོམ་པའི་ཌ་སིལ་འཁྲོལ།།
གསུང་གདུང་དབྱངས་བརྒྱུད་ནས་འདི་སྐད་གསུང་།།
ངའི་ཐུགས་ཀྱི་བརྩེ་བའི་རྣལ་འབྱོར་བུ།།
སེམས་དྲན་བློ་མ་མང་རང་ངོར་ལྟོས།།
ཉམས་གཏད་མེད་སྐྱོང་དང་བློ་རེ་བདེ།།
ལུས་སྤྱོད་ལམ་མ་བཅོས་ཤུགས་འབྱུང་སྐྱོངས།།
རོ་སྙོམ་དུ་འདུག་ན་ཡིད་རེ་དགའ།།
ངག་མཚར་གཏམ་མ་སྨྲ་གང་དྲན་སྐྱོང་།།
ཚིག་བཟང་ངན་འཛིན་མཐའ་བྲལ་ན་དགའ།།
ད་ལྟོས་དང་རང་གི་སེམས་ལ་ལྟོས།།
སེམས་རྒྱུ་ཅན་མ་གྲུབ་ངོ་བོ་སྟོང་།།
དངོས་མཚན་མ་མི་འདུག་རང་བཞིན་གསལ།།
དོན་སྟོང་ལ་གསལ་བའི་རང་མདངས་མཇལ།།
འཁོར་འདས་གཉིས་འདི་ཡི་རང་རྩལ་ཤར།།
དངོས་སྣང་ཀུན་སྟོང་གཟུགས་རང་སྣང་སྟེ།།
སྐྱིད་སྡུག་ཀུན་གཉུག་མའི་རྩལ་ཤར་ཡིན།།
གཉིས་འཛིན་གྱི་འཁྲུལ་ཆ་ཞིག་པ་ན།།
ད་གདན་ཐོག་འདི་རུ་མངོན་སངས་རྒྱས།།
སེམས་དངོས་མེད་སྟོང་ཆེན་ནམ་མཁའ་འདྲ།།
གཅིག་རྒྱུ་དང་གཅིག་འགག་གཞའ་སྤྲིན་བཞིན།།
ཁོ་ངོ་ལ་བལྟ་བའི་གཏད་སོ་བྲལ།།
དོན་མཐའ་བྲལ་ངོ་བོ་ཉི་བཞིན་གསལ།།
རང་རིག་པའི་གནས་ལུགས་འདི་ཉིད་ཡིན།།
འདི་རང་གིས་རང་ལ་བལྟས་པའི་དུས།།
གསལ་ཧ་རེ་ཁོང་ནས་རང་གསལ་འདི།།
ཕྱི་ཡུལ་ལ་བལྟ་དུས་རང་མདངས་མཇལ།།
ནང་རྣམ་རྟོག་དྲན་དུས་རང་ངོ་མཐོང་།།
འདི་སྤྱི་གཞི་རིག་པའི་གནས་ལུགས་ཡིན།།
ད་རྣལ་འབྱོར་ཉམས་མྱོང་སྐྱོང་ལུགས་ཞུ།།
ཚེ་འདི་སྣང་ཆེད་དུ་རྩོལ་བ་སྤོངས།།
ཕྱི་ཡུལ་སྣང་གང་ཤར་ཆགས་སྡང་བྲལ།།
ནང་རྣམ་རྟོག་གང་སྐྱེས་སྐྱེ་མཁན་ལྟོས།།
སྟོང་ཁྲོལ་ལེར་གྲོལ་བའི་རང་གཤིས་འདི།།
ཆེད་འཛིན་པ་མེད་པར་རང་ངོ་སྐྱོངས།།
ཡུལ་སྣ་ཚོགས་མཐོང་སྣང་རང་སྣང་སྟེ།།
འཇའ་ཁ་དོག་ལེགས་ཀྱང་དངོས་མེད་བཞིན།།
ནང་རྣམ་རྟོག་གང་སྐྱེ་སྟོང་པའི་ཤུགས།།
དྲན་མཁན་པོ་ཁོ་རང་རང་ངོ་སྟོང་།།
བར་རྟག་ཆད་གཟུང་འཛིན་མཐའ་བརྒྱད་བྲལ།།
མཐའ་འཛིན་པ་གང་བྱུང་ཁོ་ལ་ལྟོས།།
ཆེད་འདི་ཡིན་མེད་པར་ཤིག་གེར་གྲོལ།།
འདི་རྣལ་འབྱོར་ཉམས་མྱོང་སྐྱོང་ལུགས་གྱིས།།
རྗེ་ཚེ་དབང་ཞལ་ནས་དེ་སྐད་གསུངས།།
བུ་སྤྲང་ཕྲུག་རང་སྣང་དགུང་ལས་མཐོ།།
སེམས་དྭངས་སྙིགས་ཕྱེད་ནས་རིག་སྟོང་སྐྱོང་།།
ཚེ་འདི་ཡི་ཕུགས་སེམས་རྒྱབ་ཏུ་འབོར།།
དགེ་རྟེན་བཞེངས་བསོད་ཚོགས་ཆེད་གཉེར་མེད།།
བསྟན་ཕ་མཁར་དགོན་གནས་ཕ་ཞིང་ཡུལ།།
བྱ་མཁའ་འཕུར་ཚང་བཞིན་བྲལ་དགོས་བསམ།།
གྲོས་འདེབས་པའི་བླ་དཔོན་མཐུན་པའི་གྲོགས།།
བློ་གཏད་ན་ཚེ་འདིའི་གོ་སར་ལྷུང་།།
ད་ངོ་སོ་བློ་གཏད་བྲལ་དགོས་བསམ།།
གཟུགས་ཕུང་ཁམས་སྨིན་མཛད་དྲིན་ཆེན་མ།།
ལུས་གཅེས་འཛིན་གཏད་སོ་རང་གི་ཁྱིམ།།
བུ་ཆུང་མ་གཉེན་འཁོར་གྲོས་འདེབས་ཅན།།
སེམས་མཐུན་པའི་བསམ་ཕུགས་མི་ཉར་བསམ།།
རྒྱུ་ལོངས་སྤྱོད་ཕྱུགས་པའི་བསྟན་སྦྱིན་དང་།།
བློ་རང་ལ་གཏད་པའི་གྲོགས་པོའི་ཚོགས།།
གྲོགས་མཐུན་ཐབས་བྱས་ན་འདི་སྣང་གོལ།།
བློ་མི་མཐུན་རྒྱང་རིང་བགྲོད་དགོས་བསམ།།
དེའི་མཉམ་དུ་སྐྱེ་བའི་མཆེད་དང་གྲོགས།།
སེམས་དགེ་སྐུལ་ཀུན་སློང་དག་པ་ཡིས།།
གྲོགས་གཅིག་མཐུན་དགེ་བཅུ་སྒྲུབ་དགོས་བསམ།།
ད་བསམ་བསམ་འཁོ་བའི་རང་གྱུས་བསམ།།
གང་དྲན་ཚད་ཆགས་སྡང་བདེ་སྡུག་བློ།།
ད་བསམ་དྲན་བྲལ་བའི་རིག་སྟོང་མཇལ།།
གང་དྲན་ཀྱང་ཁྲོལ་ལེ་ཤིག་གེ་ངང་།།
བུ་སྤྲང་ཕྲུག་གཏད་སོ་བྲལ་ན་བསམ།།
ཕྱི་ཡུལ་སྣང་སྒྱུ་མ་རྨི་ལམ་ཉམས།།
ནང་དྲན་རྟོག་དངོས་མེད་རང་འབྱུང་གཤིས།།
སྤྲང་སྐྱིད་སྡུག་གང་བྱུང་དེ་ཀར་གློད།།
ཉམས་ཐེག་ཆེན་ལྟ་བའི་རྒྱན་དུ་འཆར།།
ཕྱི་གཏད་མེད་ཡུལ་ལ་འཛིན་མེད་འཆར།།
དོན་མཐའ་བཞི་རྒྱ་གྲོལ་གསལ་སྟོང་གཤིས།།
དུས་རྟག་ཏུ་ཉམས་ལེན་བདེ་མོར་སྐྱོངས།།
ཕ་རིག་བརྒྱའི་བརྡ་དངོས་ལུང་བསྟན་དང་།།
མ་མཁའ་འགྲོའི་རྟེན་འབྲེལ་འགྲོ་དོན་གནད།།
བུ་གསོན་ཡུལ་འདིར་འདུག་དོན་ཆེན་ཀུན།།
དོན་དེ་བཞིན་འགྲུབ་པའི་བྱིན་རླབས་སྩོལ།།
སྐྱབས་འཆི་མེད་རིག་འཛིན་ཡབ་སྲས་གསུམ།།
སྤྲང་བདག་གི་སྤྱི་བོའི་ལྷ་སྐལ་ཏེ།།
ནམ་དུས་དྲུག་བླ་མའི་རྣལ་འབྱོར་སྐྱོང་།།
ཐུགས་དགོངས་སེམས་ཉག་ཐག་མ་ཆད་པར།།
དུས་ནམ་ཞིག་དབྱེར་མེད་མངོན་གྱུར་ཤོག།
ཅེས་འདི་ཉིད་ཤར་རྫ་གཡུང་དྲུང་ལྷུན་པོའི་དབེན་ཁྲོད་རྣལ་འབྱོར་ཉམས་མྱོང་སྐྱོང་བའི་ཁང་བཟང་དུ་བླ་སློབ་རྣམས་ནུབ་གཅིག་ཞེས་ཆ་མཛད་ཅིང་བཞུགས་པ་ལ་ཉམས་དགའ་དང་བཅས་ཏེ་རིག་འཛིན་ཚེ་དབང་ཡབ་ཡུམ་བདག་གི་མདུན་དུ་གསལ་བའི་སྐབས་སུ་བློ་འདྲི་ཞུས་ལེན་གྱི་ཉམས་ མགུར་འདི་ཉིད་ཐོ་ཤར་ཁྲོལ་ལེར་འདུག་པ་ཕྱིན་ཉིན་སྔ་མོར་སྟག་སྤྲུལ་ཡེ་ཤེས་ཉི་མས་ཡིག་ཐོག་ཏུ་ བྲིས་པ་འོ།།
- ཟིན་ཐོ་གོང་མ།དཔོག་ཚོད་ཟིན་མཚམས་སྨྱུག་རྩེར་དྲངས།
- ཟིན་ཐོ་འོག་མ།ང་ཡི་དགའ་སྐྱིད་ལན་གཅིག་ཁྱོས་འཕྲོག་སོང་།།


ཁྱེད་ཀྱིས་འོས་སྦྱོར་བྱས་ན་ཁྱེད་ཅན་མ་ཡིན་དགོས་སམ། གངས་རིའི་གསས་རྒོད་དམ་བློ་གནས་ནས།

ཡ་འ་་་་དྲ་གྲོགས་ཁྱེད་སྐྱབས་སུ་འགྲོ་ས་ནོར་འདུག ང་ལ་དེ་ལྟར་བུའི་ཉམས་མགུར་ཡང་གསུང་རྒྱུ་མེད་ལ་སྐྱབས་སུ་འགྲོ་ས་དེ་བས་ཀྱང་མིན། ཁྱེད་ནང་པ་ཞིག་ཡིན་ན་སྐྱབས་སུ་འགྲོ་ས་ཡུལ་མཆོག་གནས་གཞི་གང་རུང་ཞིག་བྱེད་ན་བཟང་ངམ་སྙམ། མ་གཞི་གོང་གི་འོས་སྦྱོར་ཞེས་པའི་ཚིག་འབྲུ་གཉིས་ཁྱེད་ཀྱིས་བཀླགས་ཡོད་ན་ཧ་གོ་བའི་བཟོ་འདྲ་མོ་ཞིག་ཡོད། ཡིན་ན་ཡང་ངས་གསུང་པ་པོ་ཡི་མཚན་དངོས་སུ་མ་བྲིས་པ་ང་ལ་ནོར་འཁྲུལ་གཏུག་ཙམ་ཡོད་ནའང་ཆོག རྗེས་སུ་ཁོ་བོའི་ཟིན་བྲིས་ནང་གང་མང་ཕེབ་པའི་རེ་བ་ཡོད།།

དྲེ་བཙུན་སྦྱིན་པ་ང་ཡིས་དྲྭ་གྲོགས་འཇིགས་མེད་ལ་ངའི་ཟིན་བྲིས་སུ་ཕེབས་པ་ཐུགས་རྗེ་ཆེ་ཞུ།།