དཔོག་ཚོད་ཟིན་མཚམས་སྨྱུག་རྩེར་དྲངས།།
རྟོག་པ་རྣམ་གཉིས་རྒྱུན་དུ་འགྲོགས་ཀྱང་ངོ་མ་ཤེས་པའི་ཡ་མཚན་ལ།།
སྐབས་འགར་ཡེ་ཤེས་རིགས་བཞི་དགག་རྟོག་བཟུང་སྟེ་བདུན་ཕྲག་དམ་བཅའི་དུས་ཚིག་འདས།།
རེ་ཞིག་སྤང་བླང་གཉིས་ལ་མངོན་པར་ཞེན་པའི་དགག་རྟོག་སྒྲུབ་རྟོག་ཁྱད་པར་ཕྱེས།།
ད་ནི་ལུང་རིག་ཚད་མའི་རྒྱབ་གྱང་བརྡུང་སྟེ་དཔོག་ཚོད་ཟིན་མཚམས་སྨྱུག་རྩེར་དྲངས།།
ཆག་སྒོ་ནག་པོས་དེད་པའི་མི་ལ་བློ་དང་བྱ་བ་གཞན་ལས་མང་བ་དངོས་པོའི་གཤིས།།
འཆད་ར་ཞེས་པའི་མིང་གི་བདག་པོས་འཆད་རྩོད་རྩོམ་ཐུང་འདྲ་མིན་གང་སྤེལ་ཡང་།།
ཐམས་ཅད་དཔྱད་གསུམ་རྣམ་པར་དག་པ་བཙོ་མ་གསེར་གྱི་ཟླ་རུ་མི་འགྱུར་མོད།
ཡོངས་སུ་བླུན་པོའི་གཏམ་དུ་ངེས་པའི་དོགས་པའི་རྒྱ་ལ་ནམ་ཡང་མིན། །
ད་ལྟ་ང་ཚོ་མཉམ་དུ་བསྐྱོད་དང་སྐྱོད་བཞིན་པའི་སྨྱུག་འཛིན་པ་རྣམས་ལ་ཞུ་རྒྱུ། དཔྱིད་ཉི་རིང་པོར་དྲོ་གསུམ་གྲང་གསུམ། མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ་ཞེས་པའི་དཔེ་ལྟར་ངས་བྲིས་པའི་རྩོམ་རིགས་ཐམས་ཅད་ལ་དོན་སྙིང་ལྡན་པ་མ་ངེས་ཀྱང་ཐམས་ཅད་བླུན་གཏམ་འགྱུར་བའི་ངེས་པའང་མེད། དེ་ཡིན་དུས་རྟ་ཕོ་རྒྱུག་ཞོར་མེ་ཏོག་འཐུ་ཞོར་ཡོན་ཏན་སྦྱང་ཞོར་དཔོག་ཚོད་འབྲི་ཞོར་ཆབས་གཅིག་ཡིན་པས་རྣམ་པ་ཚོ་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ད་སྐབས་བཤད་པར་བྱ་བ་ནི་དགག་རྟོག་དང་སྒྲུབ་རྟོག་གཉིས་སོ།། སྐབས་གཉིས་པ་ལས། དོན་ལ་ཞེན་པ་དང་བཅས་པའི་བློ་དེ་འདིར་བསྟན་གྱི་རྟོག་པའི་མཚན་ཉིད་དང་། སྤང་བྱའི་རྟོག་པ་གང་ཞིག་འཛིན་སྟངས་དགག་པའི་རྣམ་པ་ཅན་དུ་གྱུར་པ་དེ་དགག་རྟོག་གི་མཚན་ཉིད། དེ་གང་ཞིག་འཛིན་སྟངས་སྒྲུབ་པའི་རྣམ་པ་ཅན་དུ་གྱུར་པ་དེ་སྒྲུབ་རྟོག་གི་མཚན་ཉིད། ཅེས་དང་། འགྲོ་མགོན་ས་ལམ་ལས་སྤང་བྱ་གཟུང་བཀག་པའི་བོན་ཉིད་མངོན་སུམ་དུ་མ་མཐོང་བས་དགག་རྟོག་ཏུ་བཞག་ལ། གཉེན་པོ་ཡོད་པར་རྟོག་པ་དང་ཡུལ་བཞི་ལ་རྟོག་པས་སྒྲུབ་རྟོག་ཏུ་བཞག ཅེསདང་། རྗེ་ཡི་ས་ལམ་ལས་ངེས་འབྱེད་རྗེས་ཐོབ་གཉིས་ཀ་ལ། །མཉམ་བཞག་ལ་ནི་དགག་རྟོག་ཡོད། ཅེས་གསུངས་པ་སོགས་ལ་བརྟེན་ནས་དང་པོ་དགག་རྟོག་ངོས་བཟུང་བ་ནི། སྤྱིར་འཇིག་རྟེན་པའི་ལམ་ལ་མཉམ་བཞག་མེད་ཀྱང་འདིར་སྐབས་མཉམ་བཞག་ཞེས་མཉམ་བཞག་རྗེས་མཐུན་པ་ལ་འཇོག་སྟེ། ཀ་བ་རང་བཞིན་མེད་དོ་སྙམ་པའི་མེད་དགག་གི་རྣམ་པ་ཅན་གྱི་བློ་ལྟ་བུའོ། དེ་ལྟ་བུའི་བློ་དང་དུས་མཉམ་དུ་སྐྱེས་ལ་ངང་ངམ་ཤུགས་ཀྱིས་མངོན་པར་ཞེན་པའི་བློ་དེ་མཉམ་བཞག་སྐབས་སུ་ཡོད་པའི་དགག་རྟོག་ཡིན་ཏེ་ཁོ་དང་དུས་མཉམ་དུ་འགྲོགས་པའི་རང་བཞིན་མེད་པར་ཞེན་པའི་བློ་དེ་འཛིན་སྟངས་དགག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། དེ་མིན་ན་བློ་རང་གི་འཛིན་སྟངས་ལ་དགག་པའི་རྣམ་པའི་མི་སྲིད་པའི་ཕྱིར་ཏེ། དཔེར་ན་ཀ་བ་བདེན་པར་གྲུབ་པ་འཛིན་པའི་བློ་བཞིན་ནོ། མདོར་ན་བདེན་འཛིན་གྱི་བློ་ལ་འཛིན་སྟངས་དགག་པའི་རྣམ་པ་ཅན་མི་སྲིད་དོ།། གཉིས་པ་སྒྲུབ་རྟོག་བཤད་པ་ལ། ངེས་འབྱེད་རྗེས་ཐོབ་གཉིས་ཀ་ལ། ། ཞེས་པས། ངེས་འབྱེད་ཡན་ལག་གི་ངོ་བོ་གྱུར་པའི་རྗེས་ཐོབ་ལ་གཉིས་ཀ་ཡོད་དེ། འདིར་སྐབས་རྗེས་ཐོབ་ཞེས་སྦྱོར་ལམ་གྱི་ངོ་བོ་གྱུར་ཅིང་སྣང་བ་ཡོངས་གཅོད་བྱེད་པའི་ཡུལ་རྟོགས་པའི་ཤེས་པ་ཞིག་ལ་འཇོག་སྟེ། ཀ་བ་སྒྱུ་མ་ལྟ་བུ་རྟོགས་པའི་བློ་ལྟ་བུའོ།། གང་ཟག་གི་བདག་མེད་རྟོགས་པའི་སྦྱོར་ལམ་དེ་ཐེག་པ་ཆེན་པོ་འདི་ཡི་ལུགས་ལ་རྗེས་ཐོབ་ཏུ་འཇོག་སྟེ་གང་ཟག་བདག་མེད་དེ་ཐེག་པ་འདིའི་ཀུན་རྫོབ་བདེན་པ་རུ་འདོད་པའི་ཕྱིར། དེ་ལས་འཕྲོས་ནས་བཤད་བྱ་མང་ཡང་གླེང་གཞི་དངོས་ལ་འགྱོང་བར་དོགས་ནས་བཤད་གཞི་ལ་ཚུར་འཇུག་གི་ཡིན། རྗེས་ཐོབ་སྐབས་སུ་ཡོད་པའི་དགག་རྟོག་ནི་གང་ཟག་གི་བདག་མེད་དོ་སྙམ་པའི་བློ་དང་དུས་མཉམ་དུ་གང་ཟག་གི་བདག་མེད་པར་མངོན་པར་ཞེན་པའི་བློ་དེའོ།། དེའི་སྐབས་སུ་ཡོད་པའི་སྒྲུབ་རྟོག་ནི་ཀ་བ་སྒྱུ་མ་ལྟ་བུ་རྟོགས་པའི་བློ་དང་དུས་མཉམ་དུ་སྐྱེས་པའི་ངང་ངམ་ཤུགས་ཀྱིས་ཀ་བ་སྒྱུ་མ་ལྟར་བུ་ལ་མངོན་པར་ཞེན་པའི་བློ་དེའོ།། འཛིན་སྟངས་དགག་སྒྲུབ་ཀྱི་རྣམ་པ་ཞེས་ཁྱོད་དང་དུས་མཉམ་དུ་ཡོད་པའི་མཉམ་བཞག་དང་རྗེས་ཐོབ་གཉིས་ལ་འཇོག་དགོས་སམ་སྙམ། ཁ་ཅིག་གིས། འགྲོ་མགོན་ས་ལམ་ལས་སྤང་བྱ་གཟུང་འཛིན་བཀག་པའི་བོན་ཉིད་མངོན་སུམ་དུ་མ་མཐོང་པས་དགག་རྟོག་ཏུ་བཞག་ཅེས་དང་། རྗེ་ཡི་ས་ལམ་ལས་མཉམ་བཞག་གི་ངོ་བོ་དགག་རྟོག་ཁོ་ན་ལྡན་པ་ཡིན་པས། མཚན་གཞི་ནི། དཔེར་ན་དྲོད་མཉམ་བཞག་གི་ངོ་བོ་ལྡན་པའི་ཀུན་ནས་ཉོན་མོངས་པའི་གཟུང་བ་རང་བཞིན་མེད་པར་ཞེན་པའི་བློ་ལྟར་བུའོ།། ཞེས་གསུངས་པས། སྦྱོར་ལམ་དེ་འདིར་བསྟན་གྱི་རྟོག་པ་བཞག་དགོས་པའི་ཕྱིར་ཟེར་ན་ཡང་། མཁས་པ་ཆེན་པོའི་གསུང་ལ་དགོངས་གཞི་དགོས་པ་རྒྱ་ཆེན་པོ་ཡོད་པས་འདིར་སྐབས་ཀྱི་རྟོག་པ་ཞེས་མངོན་ཞེན་གཞི་བཞག་སྟེ་གསུངས་པ་ཡིན་ནམ་སྙམ།
རྣམ་དཔྱོད་མཚུངས་པ་མེད་པའི་དྲ་གྲོགས་ཚོས། །
ཚུལ་འདིར་འཆུགས་མེད་དཔྱད་གཏམ་སྤེལ་མཛོད་ཀྱེ། །
དེ་མིན་ཆགས་སྡང་བློ་ཡིས་བསླངས་རྐྱང་གི །
ཚིག་སྦྱོར་མཁན་རྣམས་རེ་ཞིག་ངལ་གསོར་ཕེབས། །
- ཟིན་ཐོ་གོང་མ།དྲི་བ་དྲིས་ལན།
- ཟིན་ཐོ་འོག་མ།བློ་འདྲི་ཞུས་ལན་གྱི་ཉམས་མགུར།། འོས་སྦྱོར།།
ཟིན་མཚམས་ཐིགས་པ་སྨྱུག་རྩེར་བཞུར་བ་སྣང་།
དེས་ན་གྲོགས་ཚོ་རེ་ཞིག་ངལ་གསོ་ལས།
སྤྱན་རས་བཙའ་བའི་འབབ་སྟེགས་ཅི་ལ་འོས།
སྙུག་ཐུན་ནས།