དར་དཀར་འདི་ཁྱོད་ལ་སྒྲོན། །
༢༠༡༢ལོའི་ལོན་ཏོན་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཐོག་བོད་མོ་ཆོས་དབྱིངས་སྐྱིད་ལ་
ཨང་གསུམ་པར་ཐོབ་ནས་ཨེ་ཤ་ཡའི་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་པའི་དགའ་སྟོན་དུ་ཕུལ། །
ཆོས་དབྱིངས་སྐྱིད་ཞེས་འབོད་པའི། །
རིགས་བཟང་བོད་པའི་བུ་མོ། །
ཕ་ཟས་སྦྲང་དཀར་རྩམ་པའི། །
སྟོབས་དང་ནུས་པ་གང་ཡོད། །
འཛམ་གླིང་ཡོངས་ལ་གསལ་བྱུང་། །
བོད་པའི་རང་གཤིས་འགྱུར་མེད། །
ངོ་གདོང་འཛུམ་གྱིས་ཁེངས་ནས། །
མཇུག་མཐའི་སྐར་གྲངས་འགའ་ནས། །
སྟོབས་ཤུགས་སྔར་ལས་རྒྱས་ཏེ། །
ཕ་རོལ་ཟིལ་གྱི་གནོན་སོང་། །
ཕ་བཟང་གངས་རིའི་བུ་མོས། །
རང་རྒྱལ་མི་དམངས་ཡོངས་ཀྱི། །
ཕུགས་འདུན་རེ་བ་ཁྱེར་ནས། །
འཛམ་གླིང་འདུར་རྒྱུར་ཁྲོད་དུ། །
གོམས་ཆེན་སྔོན་ལ་སྤོས་སོང་། །
ལྟེ་ཁྲག་འབྲོག་ཏུ་འཐོར་ཞིང་། །
རང་འདྲའི་འགྲན་ཞུགས་ཁྲོད་ནས། །
གཡུར་ཟའི་གྲུབ་འབྲས་ལོན་པ། །
གངས་རིའི་བུ་ཕྲུག་ཞིག་གིས། །
གངས་རིའི་མཚན་སྙན་ངོམས་བྱུང་། །
བློ་སེམས་གངས་ལ་དཀར་བའི། །
སྐྱེ་བོ་དུ་མའི་རེ་འདུན། །
མིག་ཟུང་ཁྱོད་ལ་འཁྲེངས་ཤིང་། །
གངས་རིའི་བུ་མོའི་སྟོབས་ཤུགས། །
ཀུན་གྱི་བསྔག་འོས་གྱུར་སོང་། །
མི་རིགས་ཤིག་གི་གཟི་བརྗིད། །
རྒྱལ་ཁབ་ཞིག་གི་མཛེས་རྒྱན། །
རང་རྟོན་སྤོབས་པ་ཆེ་བ། །
ནུས་མེད་བུ་མོ་དག་གིས ། །
དམིགས་དཔེ་ལྟ་འོས་གྱུར་སོང་། །
བོད་མོ་ཆོས་དབྱིངས་སྐྱིད་ཀྱི། །
སྐུ་ཁམས་སྔར་ལས་བདེ་བའི། །
འགྲན་བསྡུར་གང་དུ་ཞུགས་ཀྱང་། །
སྐྱབས་གནས་དཀོན་མཆོག་གསུམ་གྱི། །
ཁ་འཛིན་སྡོང་གྲོགས་མ་ཆུང་། །
༢༠༡༢ལོའི་ཟླ་༨་པའི་ཚེས་༡༡་དགོང་མོའི་ཆུ་ཚོད་དང་པོར་བྲིས།