༧བདེན་མེད་སྤྲོས་བྲལ་ཡེ་སྟོང་གཤིས་ཀྱི་ཁམས།།
མཐའ་ཡས་འགྲོ་བའི་བཀོད་པ་ཞིང་གི་རྡུལ།།
མ་ངེས་རྟོག་ཚོགས་མདང་གི་རྨི་ལམ་བཞིན།།
འཆར་སྣང་འདི་ལ་ཡིད་རྟོན་རུང་ངམ་ཅི།།
༧ རྒྱུ་མཚན་ཁ་གཡང་སྒྲོགས་ཚེ་སྐད་གསང་ཡང་།།
འཇིག་རྟེན་མི་ངོ་གསོན་པོ་འདི་ཡི་དྲུང་།།
ནམ་ཡང་མགོ་བོ་དུད་པའི་མི་བུ་དག།
དཔྱད་ཅིང་དཔྱད་ན་སྙིང་པོ་ཏིལ་གྱི་འབྲུ།།
༧ ཡེ་སྲིད་གནའ་མི་རྒན་པོའི་ངག་སྒྲོས་སུ།།
མི་དེ་ཤི་བ་ལེགས་ཤིང་དུས་ཚོད་ཀྱང་།།
ན་ནིང་བཟང་བའི་དཔེ་སྲོལ་སྔ་མོ་ནས།།
ཐོས་ཀྱང་ངེས་ཤེས་རྙེད་པ་ད་ཞག་ཙམ།།
༧ཉེར་གཅིག་དུས་རབས་གསར་པ་ཤར་དང་ལྷན།།
ཕྱོགས་མཚམས་ས་འགུལ་ཆེས་ཆེར་གཡོ་བ་ལྟར།།
ཞིང་འདིར་དྲག་ཞན་བར་མ་གང་ཡང་རུང་།།
སྦིར་སྐད་ཚ་རླབས་འཕྱུར་འདི་ཅི་ཡིས་ལན།།
༧ བླུན་པོ་ནམ་ཡང་ལོག་པའི་ལམ་འཕྱན་པར།།
དེ་ནི་རྨོངས་ཕྱིར་སྙིང་རྗེའི་གནས་ལགས་མོད།།
ཤེས་ལྡན་གང་དག་རང་ཚུགས་མི་བརྟན་ན།།
དེ་ལས་རྒུད་པའི་རྩ་བ་འགའ་ཡང་མེད།།
༧ ལྟར་སྣང་འུར་འདྲོག་ཆུང་ཙིག་གདོང་འདེད་པར།།
མང་ཐོས་རིག་སྨྲ་དུ་མའི་ཐབས་རྡུགས་ན།།
རྩ་བའི་མ་རིག་ལིང་ཏོག་བཅོམ་པ་ལ།།
བསྐལ་ཆེན་གྲངས་མེད་དགོས་ཞེས་ཤིན་ཏུ་མད།།
༧ རྩ་བའི་རིགས་ལམ་ཟུངས་ཁྲག་སྟོངས་པ་ཡི།།
སྡེབ་སྦྱོར་སོར་མོའི་རོལ་རྩེད་གང་བསྒྱུར་ཀྱང་།།
རིན་བྲལ་མི་ཚེའི་འདུ་བྱེད་འཁྱོལ་ཙམ་ལས།།
དོན་ལྡན་གཡུར་ཟའི་འབྲས་བུ་འབྱུང་ངམ་ཀྱེ།།
༧ སྣ་ཚོགས་སྲིད་པ་དབྱར་གྱི་མེ་ཏོག་ཁྲོད།།
ཚོར་སྐྱེན་རྐང་དྲུག་གཞོན་ནུས་དམྱུལ་བ་ཡི།།
མ་ངེས་སྣང་ཚུལ་རྩི་བཅུད་ཟེགས་མ་འགའ།།
རིག་གྲོགས་སྤྱན་ཟུར་འཛུམ་པའི་སྐྱེས་སུ་དམིགས།།