ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྦས་པའི་རྣལ་འབྱོར་མི་ཤིགས་རྣམ་རྒྱལ་མཆོག་གི་རྣམ་ཐར།
[ 2013/11/16 19:52:00 | By: ཁྱུང་གསེར་ཞུན། ]
 

༄༅།། །།སྦས་པའི་རྣལ་འབྱོར་ཆེན་མོ་༧དཔལ་ཁྱུང་རུ་མི་ཤིགས་རྣམ་རྒྱལ་རིན་པོ་ཆེའི་རྣམ་པར་ཐར་པ་ཅུང་ཟད་གླེང་བ་སྐལ་

ལྡན་ཐར་པའི་སྒོ་འབྱེད།།       ཞུ་བསྟན་འཛིན་གྲགས་པ།

༧ ཟག་མེད་སྐུ་ལ་མཚན་དཔེའི་རི་མོ་མཛེས།།

 དྲུག་ཅུའི་གསུང་ལ་ཐེག་དགུའི་བོན་དབྱངས་སྙན།།

ཡེ་གྲོལ་ཐུགས་ལ་འཁོར་འདས་བོན་ཀུན་གསལ།།

ལྷ་མིའི་འདྲེན་པ་དམུ་རྒྱལ་གཤེན་ལ་འདུད།།

༧ ཟླ་མེད་སྟོན་པའི་རྗེས་འཇུག་འཛམ་གླིང་དུ།།

མཁས་ཤིང་གྲུབ་པའི་སྐྱེས་མཆོག་རྒྱུ་སྐར་དབུས།།

ཁྱད་འཕགས་སྦས་པའི་རྣལ་འབྱོར་འོད་དཀར་ཅན།།

མི་ཤིགས་རྣམ་རྒྱལ་མཚན་ལ་མགོས་ཕྱག་འཚལ།།

༧ དེ་ཡི་གསང་གསུམ་རྣམ་པར་ཐར་པའི་ཚུལ།།

ངན་བུས་བརྗོད་འདོད་ཁྲེལ་བའི་གནས་ལགས་ཀྱང་།།

དམ་པའི་བཀའ་དྲིན་བརྗེད་པ་གསོ་བའི་ཕྱིར།།

ཅུང་ཟད་གླེང་བའི་འདུན་པ་ལྡོག་མ་གྱུར།།

དེ་ལྟར་ཡང་ལྔ་སྙིགས་དུས་ཀྱི་མར་གཤམ།  དུས་འགྱུར་རླུང་ནག་འཚུབ་སྐོར། བསྟན་པ་རྟགས་ཙམ་འཛིན་པའི་འཁོར་བུ་ཆུང་གི་བསྐལ་ངན་འདི་ལྟ་བུར་བསམ་བཞིན་དུ་བསྟན་དང་འགྲོ་བའི་སྤྱི་དཔལ་དུ་འགྲོ་བ་རང་མཐུན་གྱི་ཚུལ་དུ་སྐྱེ་བ་མི་རུ་བཞེས་པ། སྲིད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བའི་སུམ་ལྡན་དྲང་སྲོང་ཆེན་མོ།  སྐུ་ཚེ་གང་བོར་སྦས་པའི་རྟུལ་ཞུགས་འབའ་ཞིག་ལ་གནས་ཤིང་ཐེག་པ་ཆེན་པོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བ།  ངེས་པ་དོན་གྱི་རྣལ་འབྱོར་དཔལ་གྲུབ་པའི་དབང་ཕྱུག་མཚན་བརྗོད་པར་དཀའ་བ་ཁྱུང་རུ་བྱ་བྲལ་མི་ཤིགས་རྣམ་རྒྱལ་ལམ། བསྙེན་རྫོགས་དགེ་སློང་གི་མཚན་དུ་བསྟན་འཛིན་ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེའི་གསང་གསུམ་རྣམ་པར་ཐར་པ་རྒྱ་མཚོའི་འཇིང་ལས་དད་མོས་བློ་ཡིས་ཆུ་ཐིགས་ཙམ་ཞིག་རྗེས་འཇུག་ཐར་འདོད་དགའ་བའི་སྐྱེས་སུ་འབུལ་བ་ལ་ས་བཅད་ཡེ་ཤེས་ལྔ་ཡི་གྲངས་སུ་བསྟར་བ་སྟེ།  དང་པོ་ཆོ་རིགས་གང་ལས་སྐྱེ་བ་བཞེས་ཚུལ་དང་།  གཉིས་པ་ཤེས་བྱ་རིག་པའི་གནས་ལ་བསླབ་ཚུལ།  གསུམ་པ་བསྟན་པ་བོན་གྱི་སྒོ་རུ་ཞུགས་ཚུལ།  བཞི་པ་གཡོ་མེད་རྩེ་གཅིག་དོན་ལ་དྲིལ་ཚུལ།  ལྔ་པ་དགོངས་པ་ཟག་མེད་དབྱིངས་སུ་གཏད་ཚུལ་ལོ། ༧ དང་པོ་སྐྱེད་པའི་ཡབ་ནི་ཡ་ཐོག་ཞང་བོད་བསིལ་མོའི་ལྗོངས་འདིར་རུས་ཆེན་བཞིའམ་མི་བུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་བསེ་ཁྱུང་སྦྲའམ་སེ་ཁྱུང་དབྲ་ཡི་གདུང་ལས་མཆེད་པའི་ཁྱུང་རུ་ཨ་སྤེན་ཞེས་པ་དང་།  སྨིན་པའི་ཡུམ་ནི་གྲི་བཟའ་རིག་འཛིན་སྒྲོན་མ་ཞེས་པའི་སྟངས་དབྱལ་ཟུང་ལས་༡༩༣༤བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་ཁྱི་ཡི་ལོར།  ཁྱུང་པོ་གསེར་ཚའི་ཐ་གྲུ།  སྤྲུལ་སྐུ་མི་ཤིགས་རྡོ་རྗེའི་གཏེར་གནས་ཕུག་ལེབ་འོ་མ་སྟག་རྩེའི་གཡོན་ཕྱོགས།  མི་རྗེ་སྒར་ཁོང་དཔོན་གྱི་མངའ་རིས། རུ་ཉིན་མཁར་དམར་གྲོང་དུ་སྐུ་བལྟམས།  འཁྲུངས་མ་ཐག་ཏུ་ཀུན་བཟང་གཤེན་ལྷའི་ཐུགས་འཛབ་ཨ་དཀར་གསལ་བ་དགུ་འཛབ་ལན་གསུམ་སྐད་གསང་མཐོན་པོས་གསུང་ཞེས་རྒན་རབས་འགའ་ཡི་ཞལ་ལས་ཐོས།  ཁོང་ནི་མི་ཐོག་དེ་རུ་ལྕམ་སྲིང་གསུམ་བྱུང་བའི་འབྲིང་བ་དེ་ཡིན་ནོ།། 

༧ རིགས་བཟང་ཁུངས་བཙུན་ཁྱུང་གི་དགུང་ལས་གྲོལ།།  

རིང་མོ་ཞིག་ནས་དོན་ལ་གོམས་པའི་རྟགས།།

འཁྲུངས་མ་ཐག་ཏུ་སྙིང་པོའི་བོན་དབྱངས་སྒྲོགས།།

དོན་གྱི་ཀུན་བཟང་ཐུགས་སྤྲུལ་ཁྱེད་ལ་འདུད།།   བར་སྐབས་སྙན་པའི་ཚིགས་སུ་བཅད་པའོ།།  

 ༧ གཉིས་པ་ནི།  ཁོང་སྐུ་ན་ཆུང་ངུ་ནས་དམ་པའི་རང་བཞིན་མངའ་བས་ན་མཉམ་བྱིས་པ་རྣམས་དང་ལྷན་དུ་རྩེད་མོའི་སྐབས་སུ་སྒོམ་རྒྱག་ཚུལ་དང་།  བོན་བཤད་བྱེད་ཚུལ་སོགས་གཞན་དང་མི་འདྲ་བའི་མཛད་སྤྱོད་གནང་ཚུལ་རྒྱུས་ཡོད་བགྲེས་སོང་དག་གི་ངག་ལས་ཐོས།  དགུང་ལོ་བརྒྱད་ཐོག་ཡབ་ཀྱི་དྲུང་ནས་ཤེས་བྱའི་གཞི་མ་ཡི་གེ་འབྲི་འདོན་བསླབས་པས་རིང་པོར་མ་ཐོགས་པར་མཁྱེན། དེ་བཞིན་དི་ཚ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་སུམ་རྟགས་དག་སྦྱོར་དང་། རྩིས་དཀར་ནག  དཀྱིལ་འཁོར་ཐིག་རྩ་རྣམས་སྦྱངས།  གྲི་དབུ་མཛད་ཚུལ་ཁྲིམས་ཡེ་ཤེས་དང་།  སྐོར་ཚ་དབུ་མཛད་བུ་དགའ་སོགས་ཀྱི་དྲུང་ནས་གསང་སྔགས་ཆོ་གའི་ཕྲིན་ལས་སྐོར་དང་།  གྱེར་དབྱངས་བཅའ་བཀོད་སོགས་ཀྱང་ཁུངས་ལྡན་ཚུལ་བཞིན་སྦྱང་བར་མཛད་པའོ།།

༧ བྱིས་པའི་དུས་ནས་བཟང་པོའི་སྤྱོད་ལམ་གོམས།།

ཤེས་བྱའི་གཞི་མ་ཡབ་ཀྱི་དྲུང་ནས་བསླབས།།

ཡུལ་བསྟུན་རྨང་གཞིའི་རིག་གནས་ཐུགས་སུ་ཆུད།།

ཆུང་ནས་ལས་སྐལ་བོན་དང་འཕྲད་ལ་བསྟོད།།  ཞེས་སོ།།

༧ གསུམ་པ་ནི།  དེ་ནས་རྗེ་ཉིད་དགུང་ལོ་བཅོ་ལྔའི་ཐོག་རིགས་ཀྱི་གཅེན་པོ་མཚམས་པ་བཀྲ་རྒྱལ་དང་ལྷན་དུ་ཁྱུང་དཀར་མཐོང་གྲོལ་རི་ཁྲོད་ཀྱི་ཁྲི་འཛིན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེའི་དྲུང་ནས།  སྐུ་ཚེ་འདིའི་དབུ་སྐྱེས་གཙུག་ཕུད་ཕུལ་ཏེ་གཙང་མ་གཙུག་ཕུད་ཀྱི་ཁྲིམས་བཞེས་པས་མཚན་ཡང་ཚུལ་ཁྲིམས་མཐར་ཕྱིན་གསོལ།  དེ་ནས་བཟུང་ཤ་ཆང་སྒོག་ཙོང་གི་ཁ་ཟས་གཏན་དུ་སྤངས་ཏེ་རྣམ་དག་འདུལ་བའི་མཛེས་རྒྱན་དུ་གྱུར། རི་ཁྲོད་དེ་རུ་ཡབ་སྲས་སྔོན་འགྲོའི་ཐོག་ནས་བསགས་སྦྱོང་དང་།  དཔྱད་འཇོག་ཟུང་འབྲེལ་ལ་བརྟེན་ནས་སེམས་ཁྲིད་སྨར་བ།  རིམ་པར་རྩ་རླུང་དང་མུན་མཚམས་སོགས་ཀྱང་གདན་ཐོག་གཅིག་ཏུ་མཐར་ཕྱིན་པར་མཛད།  དེ་སྐབས་བླ་མས་ཐུགས་གཅེས་ཤིན་ཏུ་ཆེ་ཞིང་སློབ་མ་གཞན་ལའང་བུ་འདིས་མ་འོངས་བསྟན་འགྲོ་གཉིས་ཀར་ཕན་ཐོགས་འབྱུང་བ་ཡོང་ཞེས་གསུངས་པར་གྲགས།  དེ་ནས་གྲུབ་ཆེན་བཟོད་པ་རིན་པོ་ཆེའི་མདུན་ནས་ཨ་སྙན་རྫོགས་གསུམ་སོགས་ཟབ་དགུའི་བོན་ལ་ཁྲིད་སྒོམ་ཟུང་འབྲེལ་གྱི་ཐོག་ནས་ལོ་མང་རིང་ཉམས་སུ་བཞེས།  གཞན་སྐབས་དེའི་མཁས་ཤིང་གྲུབ་པའི་སྐྱེས་མཆོག་ག་ཤེལ་ཁྲི་ཆེན་དང་།  ཞུ་ཡས་མུ་ལ་གྲགས་པ།  མཛོ་བྱ་བྲལ།  མཁན་ཉི་མ་དབང་རྒྱལ།  སྤ་ཚང་འབྲུག་རིན་པོ་ཆེ་སོགས་ཀྱི་དྲུང་ནས་བོན་སྒོ་ཕྱི་ནང་གསང་བའི་དབང་ལུང་གདམ་ཁྲིད་ཅི་རིགས་ཞུས་ཤིང་གདམ་དོན་ཉམས་སུ་བཞེས།    ཁྱད་པར་གྲུབ་དབང་འཇའ་ལུས་པའི་རྒྱལ་ཚབ་བློ་གྲོས་རྒྱ་མཚོའི་དངོས་སློབ་ཞུ་གཡས་མཁས་གྲུབ་བསོད་ནམས་བསྟན་རྒྱལ་མཆོག་གིས་དཔལ་ཤར་རྫ་བ་དང་སུ་ལའི་གསུང་འབུམ་རྣམས་ཁྱུང་ཡུལ་དུ་གདན་དྲངས་ཐོག་འཆད་ཉན་བསྟན་པའི་སྒོ་འཕར་གསར་དུ་ཕྱེས་སྐབས་འཁོར་གྱི་དང་པོར་གྱུར་ཏེ།  ཐོག་མར་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཟབ་ཁྲིད་གསན་བསམ་གནང་བས་བློ་ལྡོག་རྣམ་བཞིའི་སྐབས་སྐྱོ་ཤས་དང་ངེས་འབྱུང་ལྷག་ཏུ་འཕེལ་ཏེ་ཚེ་དང་སྒྲུབ་པ་མཉམ་པའི་ཞེ་བཅད་དང་ཐུགས་སྨོན་ཡང་ཡང་མཛད།  དེ་བཞིན་འབུམ་དགུའི་བསགས་སྦྱོང་དང་།  འཕོ་བ།  དངོས་གཞི་ལྟར་སེམས་འཚོལ་ནས་ཕྱི་ནང་གི་འཁོར་འདས་རུ་ཤན།  རྣལ་དབབ།  སོར་གཞུག  འཇོག་བཤིག་སྐྱོང་གསུམ་སོགས་ཚང་མ་དང་།  སྐུ་གསུམ་རང་ཤར་ལྟར་གྱི་ཐབས་ལམ་སྡེ་དྲུག  དབྱིངས་རིག་རིན་པོ་ཆེའི་མཛོད་སོགས་གསུང་འབུམ་ཡོངས་ཀྱི་ཁྲིད་ལུང་ཞུས་ཏེ་ཚིག་དོན་རྒྱུད་ལ་འབྱོར་བར་མཛད།  མདོར་ན་དམ་པ་འདི་ཡི་ཞབས་པད་ལོ་བཅུ་ལྷག་བསྟེན་ཅིང་ཐོས་བསམ་སྒོམ་ལ་བརྩོན་པ་ཡིན་གསུངས།  དེ་ལྟར་ཆུང་ནས་དགེ་སྒྲུབ་སྡིག་སྤང་དང་ཐོས་བསམ་སྒོམ་སྒྲུབ།  དབེན་གནས་རི་ཁྲོད་ལ་ཐུགས་མོས་ཤིན་ཏུ་ཆེ་ཞིང་།  ཟས་ནོར་མི་ངོའི་ཕྱིར་དུ་གྲོང་ཆོག་དང་། མཁས་འདོད་མིང་གྲགས་ཆེད་ཀྱི་དབང་སྐུར་བོན་བཤད་བཅས་ལ་དགག་བྱ་མཛད་ཅིང་།  ཡེ་གྲོལ་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་རྟོགས་མཐོན་པོར་ཕེབས་ཀྱང་བོན་སྤྱོད་ཕྱག་སྐོར་སོགས་ལ་ཆུ་བོའི་རྒྱུན་བཞིན་གནང་མུས་སུ།  བོད་དུ་དུས་འགྱུར་དབང་གིས་རྒྱལ་བསྟན་སྤྱི་ལ་གོད་ཆག་ཚབས་ཆེན་བྱུང་སྐབས་ཚེ་སྲོག་བློས་བཏང་གིས་ཤར་རྫ་པའི་གསུང་འབུམ་སོགས་རིན་བྲལ་རྒྱལ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཐབས་མཁས་ཀྱིས་མི་ལོ་བཅུ་གསུམ་ཡུན་དུ་སྦས་སྐུང་མཛད་ཅིང་ཕྱིས་རྟེན་བདག་བླ་མའམ་སྡེ་དགོན་སོ་སོར་ཕ་ནོར་བུ་ལ་ཕོག་པ་བཞིན་ཤོག་སྡེབ་གཅིག་ཀྱང་མ་ཉར་བར་རྩིས་སྤྲད་གནང་བར་མཛད་པ་ནི།  མཁྱེན་དཔྱོད་མཁའ་ལྟར་ཡངས་ཤིང་བསྟན་འགྲོར་ཐུགས་བསྐྱེད་བླ་མེད་མངའ་བའི་འབྲས་རྟགས་ཡང་དག་ཡིན་ནོ།།  

༧ མཚུངས་མེད་མཁས་གྲུབ་དུ་མའི་ཞལ་སྔ་ནས།།

རབ་འབྱམས་གཞུང་ལུགས་ཐོས་བསམ་སྒོམ་ལ་བརྩོན།།

དུས་འགྱུར་ཁྲོད་དུ་སྐུ་གསུང་ཐུགས་ཀྱི་རྟེན།།

གཅེས་ཉར་གནང་མཛད་དམ་པར་སླར་ཡང་འདུད།།   ཞེས་སོ།།

 ༧ བཞི་པ་ནི།  དེ་མཚམས་ཆོས་དད་རང་མོས་ཀྱི་སྲིད་ཇུས་སླར་གསོ་བྱུང་སྐབས་དམ་པ་ཉིད་ཀྱང་སངས་རྒྱས་བསྟན་པ་བསྐྱར་དར་གྱི་ཐུགས་སྤྲོ་ཚད་མེད་ཀྱི་ངང་ནས་ཐོག་མར་བོན་རིར་གནས་སྐོར་ཕེབས་ཏེ་སྐོར་བརྒྱ་རྐྱང་ཕྱག་དང་།  ལྷ་འདུས་དང་བོན་སྐྱབས་རིན་པོ་ཆེ་རྣམ་གཉིས་མཇལ་འཕྲད་དང་འབྲེལ་ཕན་ཚུན་དབང་ལུང་བོན་འབྲེལ་གྱི་སྒོ་ནས་ཐུགས་དགོངས་གཅིག་ཏུ་འདྲེས། དེ་བཞིན་རྩ་བའི་གྲྭ་ས་གོང་འོག་བར་གསུམ་གྱི་མཁན་སློབ་གནས་རྟེན་རྣམས་ལ་མཇལ་ཞུས་གྲུབ་མཚམས་ཡབ་ཡུལ་དུ་ཕྱིར་ཕེབས།  དགུང་ལོ་ང་གཅིག་ཐོག་དམ་པ་ཉིད་ཀྱི་རྩ་བའི་ཐུགས་བཞེད་ལྟར་བོད་ཤིང་བྱི་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ཉིན་མོར་དབེན་གནས་ཕུབ་ལེབ་འོ་མ་སྟག་རྩེ་རུ་རྒྱལ་འཕགས་གོང་མའི་ཕྱག་སྲོལ་ཇི་བཞིན་ཀུན་སྤངས་བྱ་བྲལ་གྱི་ངང་ནས་སྐུ་ཚེ་གང་བོར་ཆིབས་རྟ་མི་ཞོན་པ་དང་།  གྲོང་ནག་གི་ཁྱིམ་དུ་མི་ཕེབས་པ། འཚོ་བ་ངན་ངོན་ཙམ་ལས་ནོར་གཞན་མི་འཆང་བ།  འཇིག་རྟེན་གྱི་འདུན་གྲོས་ལ་མི་ཞུགས་པ།  གནས་རིའི་སྐོར་ལམ་ཕྱི་རུ་མི་བྱོན་པ་ལྔ་ཡི་ཐུགས་དམ་བཅས་ཏེ་བཞུགས།  དེ་ནི་ཁོང་ཉིད་སྔ་མོ་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བ་ཞིག་ཡིན་པ་ལ་དམ་བཅའ་དེ་འདྲ་མཛད་པའི་དགོས་གལ་མི་ཆེ་ཡང་།  མངོན་ཚན་ཆེ་བའི་ཞེ་དམ་དྲག་པོ་ཞིག་མཛད་ན་ནམ་ཡང་དགེ་སྦྱོར་གཞན་དབང་དུ་མི་འགྲོ་ཞིང་།  སྒྲུབ་རྒྱུད་བསྟན་པ་སྤྱི་ལ་མིག་ལྟོས་བཟང་པོ་ཡོང་བ་སོགས་ལ་དགོངས་པར་སྣང་ངོ་།།  ཐོག་མར་རི་ཁྲོད་དེར་ས་འདུལ་བྱིན་རླབས་ཀྱི་ཆེད་དུ་ཡི་དམ་དབལ་གསས་རྩོད་ཟློག་གི་བསྙེན་སྒྲུབ་ཡུན་རིང་དང་།  དུས་རྒྱུན་རྩ་བའི་ཉམས་ལེན་བླ་མེད་རྫོགས་པ་ཆེན་པོའི་ཁྲིད་གཞུང་ལྟར་ཐོད་རྒལ་དང་མུན་མཚམས་ཉམས་བཞེས་མཛད་པའི་ཁར།    བསྙེན་སྒྲུབ་སྐོར་ལ་ཡང་གསས་མཁར་མཆོག་ལྔ། བདེར་འདུས།  སྐུ་གསུམ་རང་ཤར།  མ་རྒྱུད།  ཚེ་དབང་བོད་ཡུལ་མ།  དྲེལ་དམར།  བླ་སྒྲུབ་འདོད་འབྱུང་བཅས་ལ་སྒོམ་བཟླ་ཟུང་འཇུག་གི་ཐོག་ནས་བསྙེན་ཆེན་རེ་འགྲོ་བར་མཛད།   ནང་ནུབ་སྦྱིན་པ་རྣམ་བཞི་ཆག་མེད་དང་ཐུན་བར་རྣམས་སུ་ཡང་རྗེ་ཉིད་སྦས་པའི་རྣལ་འབྱོར་འབའ་ཞིག་ལ་ཐུགས་གཏད་པའི་རྒྱུ་མཚན་གྱིས་སྐུ་ཚེ་འདིར་འཁོར་སློབ་མང་པོ་སོགས་ཀྱི་སྤྲོས་པ་ལ་ཐུགས་མི་དགྱེས་ཀྱང་།  རྒྱུས་ཡོད་སྐལ་ལྡན་སློབ་མ་རྣམས་ཀྱི་གསོལ་བ་བཏབ་པ་བཞིན་ལོ་ལྟར་སྔོན་འགྲོ་དངོས་གཞི་རྩ་རླུང་སོགས་ཀྱི་བཀའ་ཁྲིད་ཀྱང་བར་མེད་དུ་གནང་བར་མཛད།  ཇི་སྐད་དུ།  དམ་པ་དབེན་སར་སྦས་ན་ཡང་།  །ལེགས་པའི་རྣམ་བཞག་ཀུན་ཏུ་ཁྱབ།  །ནོར་བུ་དར་གྱིས་དྲིལ་ན་ཡང་།  །འདོད་པའི་རེ་འབྲས་ཀུན་ལ་ཁྱབ།  །ཅེས་པ་ལྟར་རྗེ་ཉིད་ནི་ཀུན་སྤངས་བྱ་བྲལ་གྱི་སྒོ་ནས་ངེས་དོན་ཟབ་མོ་ལ་རྩེ་གཅིག་ཏུ་གཞོལ་བ་ལས་རྒྱུ་ནོར་གསོག་སྒྲུབ་ཀྱི་དགེ་རྩ་ལ་ཐུགས་མི་དགྱེས་ཀྱང་དད་ལྡན་རྣམས་ཀྱིས་ཕུལ་བའི་དངོས་རྫས་དག་རང་དགར་ཆུད་ཟོས་གཏོང་མི་རུང་གསུངས་ཏེ།  རི་ཁྲོད་དེའི་ཁོར་ཡུག་ཏུ་དར་ཆེན་བརྒྱ་ལྷག་ཙམ་གསར་བཞེངས་དང་དེ་དག་ལོ་རེ་བཞིན་བརྗེ་གསོ་མཛད།  ས་གནད་ལ་དགོངས་ཏེ་ཁང་བུ་བརྩེགས་པའི་མཆོད་རྟེན་ཞིག་བཞེངས་ཏེ་ནང་རྟེན་ས་ཚ་འབུམ་ཐེར་ཡར་འཕེལ་གདབ།  དེ་བཞིན་ཇོ་དྲིལ་དང་།  སྲོག་བསླུ།  དགེ་འདུན་བསྙེན་བཀུར།  སྤྲང་འགྱེད་གཏོང་བ་སོགས་ཀྱི་དགེ་ཚོགས་ཀྱང་བརྗོད་ལས་འདས།  མདོར་ན་ཤིང་བྱི་ལོ་ནས་ལྕགས་འབྲུག་ལོའི་བར་ལོ་བཅུ་བདུན་རིང་མཚན་མོ་སྐུ་ཆིངས་ཡང་མ་བཀྲོལ་བར་ཉིན་མཚན་འཁོར་མོ་ཡུག་ཏུ་དགེ་སྦྱོར་དོན་ལ་བརྩོན་པའི་སྐྱབས་མཆོག་བླ་མ་འདི་བཞིན་ལྔ་སྙིགས་དུས་འདིར་ཉིན་སྐར་ལས་ཀྱང་དཀོན་པ་ནི་གུས་པས་སྒྲོ་འདོགས་ཙམ་མ་ཡིན་པར་མཐོང་བ་མངོན་གྱུར་ཚད་མ་ཡིན།  འོན་ཀྱང་དམ་པའི་རྣམ་ཐར་ཇི་བཞིན་བརྗོད་པའི་མཐུན་རྐྱེན་མ་འཛོམས་ཏེ།  གཅིག་ནས་གོང་ཞུས་ལྟར་རྗེ་ཉིད་སྦས་པའི་རྣལ་འབྱོར་ཁོ་ན་མཛད་པས་རྣམ་ཐར་གྱི་རྩ་ཐོ་བཀོད་པ་མི་འདུག་ཅིང་།  གཉིས་ནས་གུས་པ་རིག་གནས་སྤྱི་ཡི་ཆུ་ཚད་དམན་ཁར་དམ་པའི་ནང་གི་ལྟ་དགོངས་ཟབ་མོ་ཇི་བཞིན་མཇལ་བའི་བློ་མིག་བྲལ་བ་མ་ཟད།  ཐུན་མོང་ཕྱི་ཡི་མཛད་པ་ཐ་དག་བརྗོད་པ་ལ་ཡང་ནམ་མཁའ་འདོམ་གྱིས་འཇལ་བའི་དཔེ་ཟླར་གྱུར།  ཅུང་ཟད་ཞུས་པ་དག་ནི་དམ་པ་ཉིད་དང་འབྲེལ་འདྲིས་ཆེ་བའི་ཡུལ་མི་རྒན་རབས་རྣམས་ཀྱི་ངག་རྒྱུན་དང་།  རྒྱུན་བཞུགས་སློབ་མ་དག་གི་གསུང་རྒྱུན།  རང་གིས་དངོས་སུ་མཐོང་ཐོས་ཚད་མ་རྣམས་ཕྱོགས་གཅིག་ཏུ་མཚུངས་མེད་རྩ་བའི་བླ་མ་དེའི་ཉིད་ཀྱི་དཀའ་དྲིན་བརྗེད་པ་གསོ་ཕྱིར་དང་།  རྗེས་འཇུག་ངེས་དོན་དགེ་བྱེད་རྣམས་ཀྱི་མིག་དཔེ།  དད་ལྡན་སེར་སྐྱ་ཡོངས་ཀྱི་སོག་པ་ཀུན་གཞིའི་སྟེང་དུ་དགེ་བའི་བག་ཆགས་བཟང་པོ་རེ་འཇོག་པའི་ཆེད་དུ་སྒྲོ་སྐུར་དང་བྲལ་བར་ཡི་གེར་ཕབས་པ་ལགས་སོ།།

༧རང་སེམས་དཔང་བཙུགས་དམ་བཅའ་རྣམ་ལྔ་མཛད།།

དབེན་པའི་རི་ལ་སྒྲུབ་པའི་རྒྱལ་མཚན་བཙུགས།།

སྐལ་ལྡན་འགྲོ་ལ་སྨིན་གྲོལ་བོན་འཁོར་བསྐོར།། 

འབྱོར་ཚོགས་དགེ་རྩར་བཏང་ལ་སྙིང་ནས་འདུད།།  ཅེས་སོ།།

༧ ལྔ་པ་ནི།  དམ་པ་ཉིད་དགུང་ལོ་དྲུག་ཅུ་རེ་བདུན་བཞེས་པའི་ལྕགས་འབྲུག་ལོའི་བོད་ཟླ་༡༢པའི་ཚེས་༢༩ཉིན་སྔོན་མའི་སྙུང་གཞི་ཐུ་བ་ལྟར་གྱུར་ཏེ་སྔ་དྲོ་སློབ་མ་རྣམས་ལ་ཐུགས་མཐུན་ཁྲིམས་གཙང་ངོས་ཚེ་ལ་ལོང་ཁོམ་མེད་པས་འཆི་ཁར་མི་འཇིགས་པའི་དགེ་སྦྱོར་རྣམ་དག་ཅིག་མ་འགྲུབ་ན་རི་ཁྲོད་བསྟེན་ལོས་བྱས་པས་ཕན་པ་མི་འདུག་པས་སྒྲུབ་རྒྱུད་བསྟན་པའི་རྗེས་སུ་བཟུང་ནས་ཚེ་དང་སྒྲུབ་པ་མཉམ་ཐུབ་དགོས་པ་སོགས་ཀྱི་བསླབ་གདམ་ཞིབ་ཅིང་སྨར་བ་གནངས།   ཕྱི་དྲོ་ཆུ་ཚོད་བཞི་པ་ཙམ་དུ་སྐུ་ལ་མི་བཟོད་པའི་ཟུག་གཟེར་མེད་པར་ཕྱག་རྒྱ་ཆ་ལུགས་ལྔ་ལྡན་ངང་ནས་དགོངས་པ་ནང་དབྱིངས་ཀ་དག་ཆེན་པོའི་ལྷུམས་སུ་སྙོམས་པར་བཞུགས་སོ།། 

༧ ཁྱེད་ནི་སྐྱེ་འཆིའི་རྩིས་གདབ་སྔོན་ནས་ཟད།།

ཐུགས་དམ་གཡོ་མེད་གཤེགས་པའི་ཚུལ་རྨད་ཀྱང་།།

ད་ནི་རྗེས་འཇུག་ཤུལ་ལུས་བུ་སློབ་རྣམས།།

ཐར་པའི་ལམ་སྟོན་རེ་ས་གང་ལ་བཅོལ།།

༧ ཀྱེ་ཧུད་སྦས་པའི་རྣལ་འབྱོར་ཆེན་པོ་ཉིད།

དགོངས་པ་ཀ་དག་དབྱིངས་སུ་སྙོམས་ཞུགས་ཀྱང་།།

བརྩེ་ཆེན་ཐུགས་རྗེ་ནམ་ཡང་ལྷོད་མེད་པས།།

བདག་ཅག་འཁོར་ངན་གྲོང་ལས་ཐར་པར་མཛོད།།

༧ ནང་དབྱིངས་གཞོན་ནུའི་བུམ་སྐུའི་རྒྱ་རལ་ནས།།

ཕྱི་གསལ་གཟུགས་སྐུའི་བཀོད་པ་འབུམ་ཕྲག་ཏུ།།

མཐའ་མེད་སྲིད་པའི་རྒྱ་མཚོ་མ་བསྐམས་བར།།

དེ་སྲིད་སྤྲུལ་པས་བསྟན་འགྲོའི་དོན་མཛད་ཤོག།   ཅེས་ཀྱང་སྨོན་ནོ།།

        དེ་ནས་ཉིན་གསུམ་རིང་ནམ་མཁའ་ནི་སྤྲིན་བྲལ་ཤིན་ཏུ་དྭངས་ཤིང་ཕྱི་ཡི་འབྱུང་ཁམས་ཁོད་སྙོམས་པ་།  སྐབས་སྐབས་སུ་འཇའ་ཚོན་སྣ་ཚོགས་ཤར་ཞིང་མཁའ་ནས་མེ་ཏོག་གི་ཆར་འབེབ་པ་ཡུལ་མི་ཀུན་གྱིས་མཐོང་བ་བྱུང་སྟེ་དད་མོས་སླར་ལ་འཕེལ།  སྐུ་གདུང་ཡང་ཆུང་ངུར་གྱུར་ཅིང་ཕྱོགས་སོ་སོ་ནས་གདུང་མཇལ་མཆོད་འབུལ་ཞུ་མཁན་མང་པོ་བྱུང་བས་དེ་དག་གི་མོས་པ་མ་བཀག་བར་མཇལ་ཁ་ཚུལ་བཞིན་གནང་བས་སྐུ་གདུང་མཐོང་གྲོལ་རིན་པོ་ཆེ་མཇལ་བ་ཙམ་གྱིས་སྐྱ་སེར་མཐོ་དམན་སུ་ཡིན་ཀྱང་དད་མོས་ཆེས་ཆེར་བྱུང་སྟེ།  ལུས་ཀྱིས་ཕྱག་མཆོད་བཀུར་བསྟི།  ངག་གིས་གསོལ་འདེབས་བསྟོད་དབྱངས།  ཡིད་ཀྱིས་སྐྱབས་འཇུག་སྨོན་ལམ་དང་འབྲེལ་དགེ་སྒྲུབ་སྡིག་སྤང་གི་ཁས་ལེན་བྱེད་མཁན་ཤིན་ཏུ་མང་བས་མཐའ་དག་བརྗོད་ཀྱིས་མི་ལོང་ཡང་སྤྱི་སྡོམ་བྱས་ན།  ཉ་སྡོམ་དང་སྲོག་བསླུ།  བསྙེན་བསྙུང་དང་གནས་སྐོར།  ལོ་སྒྲུབ་དང་ཟླ་མཚམས།  སྔོན་འགྲོ་དང་དངོས་གཞི།  སྒྲིབ་སྦྱོང་སྐོར་བཞི་གཙོས་པའི་སྙིང་པོ་ཁྲི་འབུམ་དུ་མ་བསགས་རྒྱུ་སོགས་ཀྱི་དགེ་བ་ཁས་ལེན་དང་།  ཤ་ཆང་སྒོག་ཙོང་དང་། ཤོ་བག་རྒྱན་འཛུགས།  ཁ་དུ་སྣ་དུད། རྐུ་རྫུན་ཇག་གསུམ་སོགས་མི་བྱེད་པའི་སྡིག་སྤང་གི་དམ་བཅའ་བྱེད་པའི་དགེ་ཚོགས་རླབས་ཆེན་འགྲུབ་པ་འདི་ཡང་བླ་མ་དམ་པའི་ཐུགས་རྗེའི་བྱིན་མཐུ་སེམས་ལ་ཞུགས་པའི་རྟགས་སུ་ངེས།  དེ་བཞིན་དགུང་ཞག་ནང་དུ་ཉིད་ཀྱི་རྒྱུད་འཛིན་རྒྱལ་ཚབ་གཡང་རྡོའམ་འཁོར་འདས་རང་གྲོལ་མཆོག་གི་གཙོས་དད་ལྡན་འཁོར་སློབ་རྣམས་ཀྱིས་ཀུན་རིག་ལས་བཞིའི་རྒྱུན་ལྔའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྐུ་དགུང་རིན་པོ་ཆེ་ཞུགས་ལ་ཕུལ།  དེའི་སྐབས་མཁའ་ལ་འཇའ་གུར་འཁྲིགས་ཤིང་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་གྱི་ལྟས་དུ་མ་བྱུང་ཞིང་།  རིང་བསྲེལ་ཆེ་བ་མདོག་སྔོ་ལ་འོད་འཚེར་བ་དབྱིབས་ཟླུམ་པོ་ལེབ་ཆགས་པ་རྒྱ་སྲན་ཙམ་གཅིག་དང་།  འབྲིང་བ་ནས་འབྲུ་ཙམ་བདུན།  ཆུང་བ་ཉུངས་འབྲུ་ཙམ་གསུམ་བཅས་བྱུང་བ་རྣམས་ནི་ད་ལྟའི་སྐུ་གདུང་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གྱི་ནང་དུ་བཞུགས་པ་བཅས་ལགས་སོ།།

 སྐུ་ཚེ་མཐར་ཕྱིན་འཁོར་ལ་ཞལ་ཆེམས་གསུངས།།

ངོ་མཚར་ལྟས་བཅས་ཟག་མེད་དབྱིངས་སུ་གཤེགས།།

ཕྱི་རབས་དད་རྟེན་གདུང་ལས་རིང་བསྲེལ་འཁྲུངས།།

མཐོང་ཐོས་དྲན་རེག་གྲོལ་ལ་གསོལ་བ་འདེབས།།   ཞེས་ཀྱང་དད་པས་གསོལ་བའོ།།  

སླར་སྨྲས་པ།

 ༧ མར་འགྲིབ་རྩོད་ལྡན་བསྐལ་པའི་ཁུག་སོ་འདིར།།

བློ་སྣ་དོན་ལ་ཕྱོགས་པའི་དགེ་བྱེད་དཀོན།།

ཕྱོགས་ཀྱང་ཚུལ་བཞིན་སྒྲུབ་པའི་མཚམས་པ་དཀོན།།

བསྒྲུབས་ཀྱང་དགེ་མཐར་ཕྱིན་པ་དེ་ལས་དཀོན།།

༧ དེ་འདྲའི་དཀོན་པ་གསུམ་གྱི་ཁོར་ཡུག་འདིར།།

དང་པོ་དལ་བརྒྱད་འབྱོར་བཅུའི་རྟེན་བཟང་རྙེད།།

བར་དུ་མཚན་ལྡན་བཤེས་གཉེན་ཚུལ་བཞིན་བསྟེན།།

ཐ་མར་ཞེ་བཅད་དྲག་པོས་ཉམས་སུ་བླངས།།

༧ རྒྱུད་ལ་མི་སྦྱོར་སྨྲ་བའི་ལྕེ་བདེ་འམ།།

ཐོས་མེད་ཨུ་ཚུགས་ཅན་གྱི་སྒོམ་ལོ་བ།།

མང་ཡང་ཐོས་བསམ་སྒོམ་གསུམ་སྐྲས་གདང་ལྟར།།

འཇུག་ཚུལ་ལུགས་བཞིན་ཤེས་པ་རྗེ་ཉིད་ཙམ།།

༧ ཁྱེད་ནི་འཁོར་བ་སྤངས་པའི་བྱ་བྲལ་ཞིག།

ཁྱེད་ནི་གཉིས་འཛིན་ལྡོག་པའི་འཁྲུལ་ཞིག་ཅིག།

ཁྱེད་ནི་བླ་མེད་ཐེག་པའི་རྟོགས་ལྡན་ཞིག།

ཁྱེད་ནི་ངེས་པ་དོན་གྱི་རྣལ་འབྱོར་ཞིག།

༧གང་གི་གསང་གསུམ་རྣམ་ཐར་འོད་དཀར་ཅན།།

ངན་བུ་རི་བོང་གཟུགས་ཀྱིས་སྦགས་སྲིད་ན།།

དགོངས་རྟོགས་ལྷ་ཡི་ལམ་དེར་བཟོད་པར་གསོལ།།

དགེ་མཆིས་བསྟན་དང་འགྲོ་བའི་དཔལ་དུ་སྨོན།།

   ཞེས་པའི་གྲུབ་དབང་དམ་པ་མཆོག་གི་རྣམ་ཐར་རགས་བསྡུས་འདི་བཞིན་ཉིད་ཀྱི་དངོས་སློབ་ཞུ་བླ་མ་བསྟན་འཛིན་གྲགས་པ་མཆོག་གིས་བྲིས་གནང་བ་དེ་ཉིད་ཕྲན་ལ་དག་སྦྱོར་ལེགས་སྒྲིག་དགོས་པའི་བཀའ་ཕེབས་བྱུང་ཞིང་།  རང་ཡང་རྣམ་འདྲེན་གང་གི་མཛད་ཕྲིན་དག་ལ་བཅོས་མིན་གྱི་དད་འདུན་ཤུགས་དྲག་བྱུང་བར་བརྟེན་དེ་བཞིན་དང་དུ་བླངས་ཏེ།  དབུ་ཡི་མཚན་དང་ཀླད་གཞུང་མཇུག་གསུམ་གྱི་ཚིག་བཅད་རྣམས་དད་མོས་དབང་གིས་གསར་རྩོམ་དང་འབྲེལ།  དཀྱུས་ཀྱི་བརྗོད་དོན་ཁག་ལ་སྣོན་ཕྲི་ཟུར་ཙམ་ཡང་མ་བྱས་པར་མ་དཔེར་ཇི་ཡོད་སོར་བཞག་ཐོག་ཚིག་སྦྱོར་འགའ་ཤས་ལ་ལེགས་སྒྲིག་གི་སྲི་ཞུ་ཅུང་ཟད་བྱེད་པོ་ནི་བསྟན་རྣམ་པ་དེས་རབ་མཛོད་ཆུ་སྦྲུལ་ལོ་ཡི་མཇུག་ཏུའོ།།              ཐ་ཚན་མུ་ཙུག་སྨར་རོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.