འདི་གསུམ་དབྱེ་ཞིབ་བྱེད་དགོས་ཨ་མའི་བུ།
༧ ཕ་སྐད་མ་ཡིག་མཁོ་མེད་རིག་གནས་མིན།།
ཡུལ་སྲོལ་གོམས་གཤིས་དུས་རབས་རྗེས་ལུས་མིན།།
ངོ་ཚ་ཁྲེལ་ཡོད་གླེན་པའི་སྤྱོད་པ་མིན།།
འདི་གསུམ་མ་བརྗེད་བོད་པའི་གཞོན་སྐྱེས་ཚོ།།
༧ གྲུབ་མཐའ་རིས་མེད་མི་ཤེས་རྨོངས་དད་མིན།།
ལྟ་གྲུབ་དཔྱད་ཞིབ་གཞན་སྐྱོན་འཚོལ་བ་མིན།།
རང་བསྟན་རང་སྐྱོང་ཕྱོགས་ལྷུང་ལྟ་བ་མིན།།
འདི་གསུམ་ཡོད་དགོས་བསྟན་འཛིན་སྐྱེས་མཆོག་ཚོ།།
༧ སྐོར་ཕྱག་བཟླས་བརྗོད་རྩ་བའི་དགེ་སྦྱོར་མིན།།
གཞུང་དོན་སློབ་གཉེར་དོན་མེད་བྱ་བ་མིན།།
རང་ཉིད་གཅེས་འཛིན་ཐེག་ཆེན་ལྟ་བ་མིན།།
འདི་གསུམ་ཤེས་དགོས་བོད་པའི་དགེ་བྱེད་ཚོ།།
༧ མི་རིགས་རྗེས་ལུས་ཐོད་པའི་རི་མོ་མིན།།
མ་བསླབས་ཤེས་ན་རྒྱུ་འབྲས་བསླུ་མེད་མིན།།
ངལ་རྩོལ་སློབ་སྦྱོང་སྤྲང་པོའི་འཚོ་ཐབས་མིན།།
འདི་གསུམ་ངེས་དགོས་ན་ཆུང་ལོ་ལོ་ཚོ།།
༧ ཀླད་རྙིང་མཁྲེགས་བཟུང་ལྷ་ཡི་བྱིན་རླབས་མིན།།
ཚན་རིག་ལག་རྩལ་བདུད་ཀྱི་ཆོ་འཕྲུལ་མིན།།
ཞིང་འབྲོག་ལས་གཉེར་ཐབས་རྡུགས་བྱ་བ་མིན།།
འདི་གསུམ་བླང་དོར་ཤེས་དགོས་སྙིང་གྲོགས་ཚོ།།
༧ མི་རིགས་མཐུན་སྒྲིལ་གཞན་གྱི་རྐུབ་གཡོག་མིན།།
རང་ཚུགས་སྲ་བརྟན་ཁ་བྲལ་བྱ་སྤྱོད་མིན།།
ཕུ་ནུ་ནང་འཁྲུག་དཔའ་བོའི་བྱས་རྗེས་མིན།།
འདི་གསུམ་རྣམ་འབྱེད་ཤེས་དགོས་སྒང་པ་བོད།།
༧ ཨ་གསར་རྒྱན་གོས་སྔོན་ཐོན་མི་རིགས་མིན།།
ཤོ་བག་མཱ་ཅང་མི་རིགས་ལག་ཤེས་མིན།།
ཆང་བཟི་དུ་འཐེན་ཡ་རབས་འཚོ་བ་མིན།།
འདི་གསུམ་དུག་བཞིན་སྤང་དགོས་གཅེན་གཅུང་ཚོ།།
༧ སྲམ་གཟིག་གཟི་བྱུར་དུས་རབས་རྒྱན་གོས་མིན།།
ཤ་ཁྲག་འདོད་སྲེད་འཕྲོད་བསྟེན་འཚོ་བ་མིན།།
ལག་ཤེས་ཁེ་ལས་མི་རུང་སྤྱོད་ངན་མིན།།
འདི་གསུམ་གོ་དགོས་འབྱོར་ལྡན་རྩམ་གཟན་ཚོ།།
༧ ཁོར་ཡུག་སྲུང་སྐྱོབ་ལྷ་འདྲེའི་རྨོངས་དད་མིན།།
རྒན་བཀུར་གཞོན་སྐྱེས་བཀས་བཀོད་རྒྱུད་འཛིན་མིན།།
གཙང་སྦྲ་འཕྲོད་བསྟེན་གཞན་རྗེས་འབྲེང་བ་མིན།།
འདི་གསུམ་མ་བརྗེད་རིགས་མཐུན་བློ་གསལ་ཚོ།།
༧ སྙིང་བརྩེའི་ཁ་ད་དོན་མེད་སྐྱོན་འཚོལ་མིན།།
ངོ་དགའ་ཁ་ཡག་ཕན་པའི་ཞལ་གདམས་མིན།།
ལེགས་ཉེས་བླང་དོར་གཅོལ་ཆུང་བྱ་བ་མིན།།
འདི་གསུམ་དབྱེ་ཞིབ་བྱེད་དགོས་ཨ་མའི་བུ།།