༄༅།། བཀའ་རྟགས་ཕྱག་རྒྱ་བཞི་ཡི་ཡིན་ཚུལ་མདོ་ཙམ་གླེང་བ་རྒྱལ་བ་
དགྱེས་པའི་ལམ་བཟང་།།
དྲི་མེ༵ད་ཚུལ་ཁྲིམས་གསེར་སྦྱངས་ལྷུན་བཞི༵ན་བརྟན།།
གཡོ་མེ༵ད་ཏིང་འཛིན་རོལ་པའི་མཚོ་བཞི༵ན་ཟབ།།
སྒྲིབ་མེ༵ད་ཤེས་རབ་ཉི་ཟླ་འབུམ་བཞི༵ན་གསལ།།
ཟླ་མེ༵ད་སྟོན་མཆོག་བདེ་འཁོར་རྒྱན་བཞི༵ན་བསྙེན།།
གང་གི་བསྟན་པ་བཀའ་རྟགས་རྒྱ་མཚོའི་གྲངས།།
བདག་ལྟའི་བློ་ཡི་བུམ་པར་ཤོང་མིན་ནའང་།།
སྔོན་གོམས་བག་ཆགས་ཀུ་ཤའི་རྩེར་སྨིན་པའི།།
བསྡུས་དོན་མུ་ཏིག་ཟེགས་མ་འདི་ན་བསྟར།།
དེ་ལ་སྤྱིར་འཛམ་གླིང་ས་ཡི་གོ་ལར་འཚོ་བའི་སྨྲ་ཤེས་དོན་གོ་མི་ཡི་མཚན་ཉིད་ལྡན་པ་ཇི་སྙེད་ཅིག་མཆིས་པ་དག་རྩ་བའི་བློ་ཕུགས་ཐེག་སྒོའམ་གྲུབ་མཐར་ཞུགས་པ་དང་མ་ཞུགས་པ་གཉིས་སུ་མ་འདུས་པ་མེད་ཅིང་། དང་པོ་དེ་ལ་ཡང་ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ་གཉིས་སུ་ངེས་ཏེ། ཐེག་རིམ་ལས། དེ་ལ་ཐེག་པའི་རིམ་པ་ཐ་དག་ཀུན། །བསྡུས་ཏེ་བཤད་ན་རྣམ་པ་གཉིས་སུ་འདུས། །ཕྱི་པ་མུ་སྟེགས་པ་དང་ནང་པ་གཤེན་རབ་པ། །ཞེས་གསུངས་པའི་ཕྱིར། དེ་ལས་རང་ཅག་ནང་པ་སངས་རྒྱས་པའམ་གཤེན་རབ་པའི་གྲུབ་མཐར་ཞུགས་པ་ཀུན་གྱིས་རང་ཉིད་ཀྱི་ལྟ་གྲུབ་དེ་ཕྱི་པ་ལས་ཆེས་ལེགས་པ་དང་འཕགས་པ་ཞིག་ཏུ་འཛིན་པ་ནི་ཀུན་གྱི་ལྷན་སྐྱེས་གཤིས་ལྟར་ཆགས་ཡོད་ཀྱང་། དེ་ལྟར་ལེགས་པའི་ཁྱད་བོན་ནམ་རྒྱུ་མཚན་ཚུལ་མཐུན་ཞིག་ཤེས་མཁན་ནི་ཅུང་ཉུང་བའི་ཕྱོགས་སུ་ཡོད་པར་སྙམ། འོ་ན་དོན་དངོས་ཀྱི་དབང་དུ་བྱས་ན་དེ་གཉིས་ཀྱི་ཁྱད་པར་རམ་ནང་པའི་གྲུབ་མཐའ་དེ་བཞིན་ཁྱད་བོན་གང་ཞིག་གིས་འཕགས་ཚུལ་ཡོད་དམ་ཞེ་ན་ཡོད་དེ། རྒྱལ་བའི་བཀའ་ཚད་མ་འགྲེལ་པ་མེ་ལོང་དགུ་སྐོར་ལས། བོན་རྟགས་ཕྱག་རྒྱ་བཞི་ཡི་སྒོ་ནས་ཁྱད་འདོན་པ་དང་། བརྟེན་པ་ལྷ་མཆོད་ལུགས་ཀྱི་སྒོ་ནས་ཁྱད་འདོན་པ་དང་། སྣང་ཚུལ་གྲུབ་རྟགས་སྒོ་ནས་ཁྱད་འདོན་པ་དང་། ཐོབ་ཚུལ་འབྲས་བུའི་སྒོ་ནས་ཁྱད་འདོན་པ་དང་། སྤྱོད་པའི་སྒོ་ནས་ཁྱད་འདོན་པ་དང་དེ་དག་ཡོད་དེ། དེ་ནི་ཕྱི་པ་དང་ནང་པ་གཤེན་རབ་པའི་ཁྱད་པར་རྣམ་པར་བཞག་པའི་ཚད་མར་ཤེས་པར་བྱའོ། ཞེས་དང་། མེ་སྟོན་གྱི་བྱང་ཆུབ་ལམ་རིམ་སུམ་བརྒྱ་པ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། །ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད། །ཅེས་སོགས་ལུང་དེ་དག་གིས་བསྟན་པའི་ཁྱད་བོན་དུ་མ་ཞིག་མཆིས་པ་ལས། འདིར་སྐབས་སུ་བབ་པ་གཙོ་བོ་ལྟ་བའི་ཁྱད་བོན་ནམ་ངོ་བོ་སྟེ། བཀའ་རྟགས་ཕྱག་རྒྱ་བཞི་ཡི་རྣམ་བཞག་མདོ་ཙམ་ཞིག་རང་བློ་གཞུང་ལ་འདྲིས་པ་དང་སྐལ་མཉམ་གསར་བུའི་འགའ་ཡི་བློ་སྒོ་འབྱེད་པའི་སྐྱེས་སུ་དམིགས་ཏེ་གླེང་བ་ལ་གཉིས་ཏེ། འཕྲོས་གཞིའི་ལུང་འགོད་པ་དང་། ལུང་དོན་རྒྱས་པར་བཤད་པའོ། དང་པོ་ནི། དབུས་གཏེར་ཚད་མ་སྨྲ་བའི་སེང་གེ་ལས། བོན་གྱི་མདོ་བཞི་ཁས་ལེན་པ་ནི་གཤེན་རབ། དེ་ཁས་ལེན་མི་ནུས་པ་ནི་ཕྱི་པའོ། ཞེས་དང་། མངོན་རྟོགས་རིག་པ་རྩེ་མོའི་འབུམ་ལས། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་བའོ། བོན་ཐམས་ཅད་ནི་བདག་མེད་པའོ། མྱ་ངན་ལས་འདས་པ་ཐམས་ཅད་ནི་ཞི་ཞིང་བདེ་བའོ། ཞེས་སོ། གཉིས་པ་ལུང་དོན་རྒྱས་པར་བཤད་པ་ནི། འདི་དག་གི་དོན་ཟབ་ལ་རྒྱས་པས་པས་ཞིབ་མོར་སྤྲོས་ན་ཡིག་ཚོགས་མང་ཞིང་བརྗོད་དོན་རྒྱས་པར་འབྱུང་མོད་ཀྱང་། འདིར་སྐབས་བསྟུན་མདོར་བསྡུས་ཙམ་ཞིག་འཆད་པ་ལ་གཉིས་ཏེ། སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། སྤྱིར་རྒྱལ་བ་ཐབས་མཁས་ཐུགས་རྗེའི་བདག་ཉིད་ཅན་གྱིས་གདུལ་བྱའི་རྒྱུད་ལ་མངའ་བའི་ཉོན་ཤེས་ཀྱི་བག་སྒྲིབ་མཐའ་ཡས་པའི་གཉེན་པོར་བོན་སྒོ་ཡང་དེ་སྙེད་དུ་བསྟན་པའི་ནང་ནས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའམ་བོན་གྱི་མདོ་བཞི་ཞེས་གཙིགས་ཆེར་མཛད་ནས་གསུངས་པའི་དོན། དཔེར་ན་འབངས་རྣམས་རྒྱལ་པོའི་བཀའ་ཡིས་བཅད་པའི་ཁྲིམས་ལས་འདའ་བར་བྱེད་མི་རུང་བ་བཞིན། འོ་ཅག་རྒྱལ་བའི་རྗེས་འཇུག་སུ་ཡིན་རུང་ལྟ་བའི་རྒྱ་འདི་ལས་འགལ་མི་རུང་ལ། མདོ་སྔགས་སེམས་གསུམ་གང་གི་སྒོ་རུ་ཞུགས་ཀྱང་ལྟ་བ་འདི་བཞི་དང་ཡ་བྲལ་ན་ལོག་པའི་ལམ་ལས་ཡང་དག་པའི་རྟགས་སམ་འབྲས་བུ་མི་འཐོབ་པས་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་སྟེ། འབུམ་ལས། བཀའ་རྟགས་ཀྱི་ཕྱག་རྒྱ་དང་བཅས་ཏེ་ཨེ་མ་ཧོ། ཞེས་གསུངས། འདི་ལ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཡང་ཟེར་ཏེ་གནད་གཅིག་ལ་འཕྲུལ་ངག་གཡུང་དྲུང་བོན་གྱི་རྩ་བའི་གཞུང་ཤིང་སྟེ། སྤངས་རྟོགས་མཐར་ཐུག་འབྱུང་བའི་མདོ་རྩ་ལྟ་བའི་ཁྱད་བོན་ཡིན་པས་ན་བོན་གྱི་མདོ་བཞི་ཞེས་ཀྱང་གྲགས་སོ། དེ་ལྟར་བསྟན་པའི་དགོས་པ་ཡང་། ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་འདུས་བྱས་ཨ་འཐས་ཀྱི་རྣམ་པ་འདི་དག་རྟག་བརྟན་འགྱུར་མེད་འཛིན་པའི་ལོག་རྟོག་ལྡོག་ནས་མི་རྟག་སྒྱུ་མའི་ངང་ཚུལ་རྟོགས་ཏེ་འཁོར་བ་ལ་སྐྱོ་བ་སྐྱེ་བའི་ཆེད་དུ་འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ་དང་། རིང་ནས་མནར་བའི་ལས་ཉོན་དང་ཟག་བཅས་གནས་སྐབས་ཀྱི་བདེ་འབྲས་མཐའ་དག་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཏུ་གོ་ནས་སྡུག་བསྔལ་ལ་ཡིད་སུན་སྐྱེ་བའི་ཆེད་ཟག་བཅས་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བ། དེ་ལྟར་འཁོར་བའི་སྡུག་བསྔལ་གྱི་གཞི་རྩ་གཅིག་པུ་ང་བདག་འཛིན་པའི་བློ་ལྡོག་ནས་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་བའི་ཆེད་བོན་ཐམས་ཅད་ཀྱི་མདོ་བདག་མེད་པ། དེ་ལྟའི་ཤེས་རབ་ཟབ་མོ་ལ་བརྟེན་ནས་མྱང་འདས་སམ་འགོག་བདེན་ཐོབ་ན་ལས་ཉོན་དང་འཁོར་བའི་གཞི་རྩ་འགོག་པའི་གཉེན་པོར་འགྲོ་ཞིང་ཕྱིས་སུ་ཡང་འཁོར་བར་གཏན་མི་སྐྱེ་བའི་མྱང་འདས་ཆེན་པོ་འཐོབ་པར་ངེས་ཤིང་ཐར་པ་ལ་བྲོད་པ་སྐྱེ་བའི་ཆེད་དུ་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་ཞིང་བདེ་བར་བསྟན་པའོ། གཞན་བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པའི་ལོག་རྟོག་ཁེགས་ཚུལ་ཡང་ཤུགས་ལས་ཤེས་པར་བྱའོ།། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་བཞི་ལས། དང་པོ་འདུས་བྱས་ཀྱི་མདོ་མི་རྟག་པ་ལ་གཉིས་ཏེ། སྦྱོར་བ་འགོད་པ་དང་། དོན་བཤད་པའོ། དང་པོ་ནི། གཟུགས་ཀྱི་ཕུང་པོ་བོན་ཅན། མི་རྟག་སྟེ། འདུས་བྱས་ཡིན་པའི་ཕྱིར། དཔེར་ན་གློག་བཞིན། ཞེས་བྱའོ། འདི་དང་འོག་གི་རྟགས་སྦྱོར་རྣམས་ཀྱི་ཚུལ་གསུམ་ངེས་ཚུལ་དང་དགག་སྒྲུབ་བྱེད་ཚུལ་སོགས་ཚད་མའི་གཞུང་ངམ་གཏན་ཚིགས་ཐིགས་པའི་མདོ་འགྲེལ་སོགས་སུ་ཞིབ་པས་འདིར་ཡིག་ཚོགས་མང་བར་དོགས་ནས་མ་བྲིས་སོ། གཉིས་པ་དོན་བཤད་པ་ནི། འདི་ལྟར་རང་རང་གི་རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱས་པའམ་སྐྱེས་པའི་སྣོད་བཅུད་གིས་བསྡུས་ཀྱི་དངོས་པོ་ཐམས་ཅད་རང་གྲུབ་དུས་ནས་སྐད་ཅིག་གཉིས་པ་ཙམ་ཡང་མི་སྡོད་པར་འཕོ་འགྱུར་འཇིག་པའི་རང་བཞིན་དུ་ངེས་པས་ན་མི་རྟག་པ་ཞེས་བྱ་ལ། རང་ཅག་རྒྱལ་བའི་རྗེས་འཇུག་གྲོལ་བ་དོན་གཉེར་ཅན་རྣམས་སྲིད་འབྱོར་ཐམས་ཅད་མི་རྟག་སྒྱུ་མའི་ངང་ཚུལ་དུ་རྟོགས་པ་གལ་ཆེ་བ་ནི། མྱང་འདས་ཀྱི་མདོ་ལས། འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་འཆི་བའི་འདུ་ཤེས་མཆོག་ཡིན་ཏེ། འདི་དག་གིས་ནི་ཁམས་གསུམ་གྱི་འདོད་པ་དང་། མ་རིག་པ་དང་། ང་རྒྱལ་ཐམས་ཅད་སེལ་ཏོ། ཞེས་གསུངས། དེ་ཡང་མ་བསྒོམས་ན་མི་རྟོགས་པས། འདི་ལྟར་ཕྱི་སྣོད་འཇིག་ཚུལ་ལ་དམིགས་ནས་མི་རྟག་པ་སྒོམ་པ་དང་། དེ་བཞིན་ནང་བཅུད་སྟོང་ཚུལ། སངས་རྒྱས་འདས་གྲོངས་། སེམས་ཅན་སྐྱེ་འཆི། བསྐལ་པའི་འཕེལ་འགྲིབ། དུས་བཞིའི་འགྱུར་ལྡོག སྐྱེ་དགའ་ན་འཆིའི་ཚུལ་སོགས་ལ་བསམ་ནས་མི་རྟག་པ་བསྒོམས་ན་མཐར་རྟག་འཛིན་ལོག་རྟོག་གི་རྒྱ་ལས་གྲོལ། འཁོར་བ་ལ་སྙིང་པོ་མེད་པར་ཤེས། རྒྱུ་འབྲས་ལ་ཡིད་ཆེས། བདག་གཞན་གཉིས་མེད་ཀྱི་དོན་རྟོགས་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། དཔེར་ན་སྔོན་གཡུང་དྲུང་སེམས་དཔའ་རྟག་ཏུ་ངུ་ཞེས་བྱ་བས། སེམས་ཅན་ཐམས་ཅད་མི་རྟག་པ་སྐྱེ་ཤིའི་སྡུག་བསྔལ་བར་གཟིགས་ནས་རྟག་ཏུ་ངུས་པས། དེ་ལ་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་རྟག་ཏུ་ངུ་བ་ནི་ཤིན་ཏུ་ལེགས་སོ། དེ་ནི་འགྲོ་བ་གང་ལ་ཡང་རྟག་པར་མི་འཛིན་ཅིང་མི་རྟག་པའི་འདུ་ཤེས་དང་ལྡན་པས་ཕྱིར་མི་ལྡོག་པའི་འདུ་ཤེས་རྒྱུད་ལ་སྐྱེ་བའི་སྔ་ལྟས་སོ། ཞེས་གསུངས་པ་ལྟར་ཐོག་མར་འདུས་བྱས་ཀྱི་མདོ་མི་རྟག་པ་རྟོགས་པ་གལ་ཆེའོ།། གཉིས་པ་ཟག་བཅས་ཀྱི་མདོ་སྡུག་བསྔལ་བ་ལ་ཡང་གཉིས་ལས། དང་པོ་སྦྱོར་བ་འགོད་པ་ནི། ཉེར་ལེན་གྱི་གཟུགས་ཕུང་སོགས་བོན་ཅན། སྡུག་བསྔལ་བདེན་པ་ཡིན་ཏེ། ཟག་པ་དང་བཅས་པ་ཡིན་པའི་ཕྱིར། དཔེར་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་བཞིན། ཞེས་བྱའོ། གཉིས་པ་དོན་ནི། དེ་ལྟར་འདུས་བྱས་ཀྱི་བོན་ལ་ཟག་བཅས་དང་ཟག་མེད་གཉིས་ལས་ཟག་མེད་རྣམས་ནི་སྡུག་བསྔལ་གྱི་རྒྱུ་དང་ངོ་བོ་འབྲས་བུས་མ་བསྡུས་པས་སྡུག་བསྔལ་མིན་ཀྱང་། བོན་གང་ག་དམིགས་ན་ཉོན་མོངས་ཉེ་བར་རྒྱས་པའི་རྒྱུར་འགྱུར་བ་ནི་ཟག་བཅས་སྡུག་བསྔལ་ཏེ། གནད་དེ་ལ་དགོངས་ནས་འཁོར་བར་ཟག་བྱེད་ཉོན་མོངས་ཀྱི་སྒྲིབ་པ་དང་མ་བྲལ་བ་དེ་ཟག་བཅས་ཀྱི་མཚན་ཉིད་དུ་འཇོག དེ་ལ་དབྱེ་ན་ཕུང་པོ་ཁམས་དང་སྐྱེ་གནས་ཀྱི་ཟག་པ་གསུམ་དང་། ཟག་པའི་སྒོ་དྲུག་སོགས་ཡོད་ཅིང་དེ་རྣམས་གང་གིས་བསྡུས་ཀྱང་སྡུག་བསྔལ་བར་གནས་ཏེ་སྐྱེས་ཙམ་ནས་སྡུག་བསྔལ་གྱི་ངོ་བོའམ་སྡུག་བསྔལ་དང་འབྲེལ་བ། སྡུག་བསྔལ་གྱི་རང་བཞིན་དུ་གནས་པ། གལ་ཏེ་གནས་སྐབས་ལྷ་དང་མི་ཡི་བདེ་འབྲས་ཙམ་རྙེད་ཀྱང་གཉེན་པོ་མྱང་འདས་སམ་འགོག་བདེན་མ་ཐོབ་ན་དེའི་རྒྱུན་ཟད་ནས་འཁོར་བའི་སྡུག་བསྔལ་གྱིས་མནར་བ་སྟེ། སུམ་བརྒྱ་པ་ལས། འཁོར་བར་སྐད་ཅིག་བདེ་བའི་སྐབས་མེད་པས། །དེ་ལ་འཇིགས་ཤིང་སྐྱོ་བ་སྐྱེས་འགྱུར་ན། །ཁམས་གསུམ་གནས་ནས་ཐར་འགྱུར་མྱ་ངན་འདས། །འཁོར་བའི་སྡུག་བསྔལ་བདེ་བར་འཛིན་མཐོང་བ། །དེ་དག་ཤིན་ཏུ་སྡུག་བསྔལ་ཆེན་པོ་སྟེ། །སྲིད་པའི་འཆིང་བས་བཅིངས་པས་གྲོལ་མི་འགྱུར། །ཞེས་གསུངས་པ་ལྟར་ཤེས་པར་བྱ་ལ་འཁོར་བ་སྤྱི་དགོས་ཀྱི་སྡུག་བསྔལ་ལ་སྐྲག་ཤེས་པ་དང་། འཇིགས་ཤེས་པར་བྱུང་ན་ཚེ་འདི་བློས་ཐོང་ཞིང་ཕྱི་མར་བསམ་པ། བྱང་དོར་གྱི་གནས་ལ་གཟབ་པ། རྒྱུད་ལ་སྐྱོ་ཤེས་དང་ངེས་འབྱུང་། བྱང་ཆུབ་ཀྱི་བློ་སྦྱོང་བ་ལ་སོགས་དགེ་ལ་ངང་ངམ་ཤུགས་ཀྱིས་འཇུག་པར་འགྱུར་རོ།། གསུམ་པ་བོན་གྱི་མདོ་བདག་མེད་པ་ལ་གཉིས་ལས། དང་པོ་སྦྱོར་བ་འགོད་པ་ནི། ཉེར་ལེན་གྱི་ཕུང་པོ་ལྔ་པོ་བོན་ཅན། བདག་མེད་ཡིན་ཏེ། བདག་ཡོད་ན་ཚད་མས་དམིགས་སུ་རུང་བ་ལ་དེ་ཚད་མས་མ་དམིགས་པའི་ཕྱིར། དཔེར་ན་བུམ་པ་དག་པའི་ས་ཕྱོགས་ན་བུམ་པ་ཚད་མས་མ་དམིགས་པ་བཞིན་ནོ། ཞེས་བྱའོ། གཉིས་པ་དོན་ནི། འདི་ལྟར་རྟག་དངོས་གཉིས་ཀྱིས་བསྡུས་པའི་བོན་ཐམས་ཅད་གང་ཟག་དང་བོན་གྱི་བདག་གཉིས་ཀས་སྟོང་པས་ན་བདག་མེད་ཅེས་བྱ་ལ། དེ་ཡང་གང་ཟག་བདག་གིས་སྟོང་ཚུལ་དང་བོན་བདག་གིས་སྟོང་ཚུལ་གཉིས་ལས། འདི་ལ་ཐེག་སྒོ་སོ་སོ་ནས་འཇོག་ཚུལ་མི་འདྲ་བ་ཡོད་ཀྱང་སྤྱི་ཡི་དབང་དུ་བྱས་ན། གང་ཟག་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ཕུང་པོ་བཞིའམ་ལྔ་ལ་འཛིན་ཚུལ་གདགས་གཞི་ལ་མ་ལྟོས་པའི་ཚུགས་ཐུབ་ཧྲང་ངེ་བའི་བདག་གམ་བདག་གིར་འཛིན་ཅིང་དེ་འདྲའི་ཡུལ་དང་པོ་དེ་གང་ཟག་གི་བདག་དང་། ཕྱི་མ་བདག་གི་བ་ཡིན་ལ་དེ་ནི་ཤེས་བྱ་ལ་མི་སྲིད་པའོ། བདག་འཛིན་གྱིས་ང་བཏགས་ཚུལ་དཔེར་ན་རང་གི་མགོ་ན་བ་ལ་ང་ནའོ་སྙམ་པ་དེས་མགོ་ལ་ང་བཏགས་པ་ལས་ན་རྒྱུའི་མགོ་དེ་ང་མ་ཡིན་པ་བཞིན། ཕུང་པོ་རང་སྟེང་ངམ་དེ་ལས་གཞན་པའི་ང་དང་བདག་ཅེས་སམ་བདག་གི་གདགས་གཞི་ཙམ་ཡང་གྲུབ་པ་མེད་ཀྱང་། དུད་འགྲོ་ཡན་ཆད་ཀྱི་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ང་དང་ང་ཡི་འཛིན་པའི་བདག་འཛིན་ལྷན་སྐྱེས་ཀྱིས་བདག་བཏགས་ཚུལ་ལ་ཁྱད་མེད་དོ། དེ་ལྟར་མེད་ན་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་གམ་ཟག་གམ་ང་ཇི་ལྟར་འཇོག་སྙམ་ན་གདགས་གཞི་ཕུང་པོ་བཞིའམ་ལྔ་ལ་བཏགས་པ་ཙམ་སྟེ། སུམ་བརྒྱ་པ་ལས། ཉེ་བར་ལེན་པའི་ཕུང་པོ་ལ་བརྟེན་ནས། །གང་ཟག་སེམས་ཅན་སྐྱེས་བུ་བདག་ཅེས་བརྗོད། །ཅེས་གསུངས། དེ་བཞིན་བོན་ཡང་བདག་གིས་སྟོང་སྟེ། བོན་རྣམས་ཀྱང་རང་རང་གི་གདགས་གཞི་ཆ་ཤས་སམ་ཕན་ཚུན་རྟེན་འབྱུང་གི་སྒོ་ནས་འཇོག་པ་ལས་ཐོག་མེད་ནས་གོམས་པའི་མ་རིག་པའི་དབང་གིས་ཐ་མལ་གྱི་བློ་ལ་སྣང་བའི་གཟུགས་སོགས་བོན་རྣམས་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོད་པར་ཞེན་པའི་ཡུལ་དེ་བོན་གྱི་བདག་ཡིན་དགོས་ལ་དེ་ནི་འཁྲུལ་བློས་བཏགས་པའི་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་ལྟར་ལས་དེ་བཞིན་རང་ངོས་ནས་གྲུབ་པ་མི་སྲིད་ཅིང་། དེས་ན་བོན་དང་གང་ཟག་རང་ངོས་ནས་ཡོད་པར་ཞེན་པའི་བློ་ནི་མ་རིག་པ་སྟེ། དེ་མ་ལྡོག་བར་དུ་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་ཤིན་ཏུ་རིང་བས། མ་རིག་པ་དང་དེའི་ཞེན་ཡུལ་ངོས་ཟིན་ན་གཟོད་བདག་མེད་ཀྱི་དོན་ལ་གོ་བ་རྙེད་ཅིང་གཏན་བདེའི་ལམ་སྣེ་ཟིན་པ་སོགས་དགོས་གལ་ཤིན་ཏུ་ཆེ་བས་འདིར་སྒོ་ཙམ་ལས་བདག་བདེ་ལེགས་སུ་འདོད་པ་དག་ཚད་ལྡན་གྱི་གཞུང་ཟབ་མོ་རྣམས་ལ་ཡང་དག་པའི་ཐོས་བསམ་གྱི་སྒོ་ནས་བདག་མེད་ཀྱི་དོན་ཁོང་དུ་ཚུད་ཐབས་ལ་འབད་བརྒྱས་འཇུག་པར་འཚལ་ལོ།། བཞི་པ་མྱང་འདས་ཀྱི་མདོ་ཞི་ཞིང་བདེ་ལ་ལ་ཡང་གཉིས་ལས། དང་པོ་སྦྱོར་བ་འགོད་པ་ནི། ཁམས་ཆེན་སྟོང་ཕྲག་བརྒྱ་པ་བོན་ཅན། རང་གི་བདག་རྐྱེན་དུ་གྱུར་པའི་ཐམས་ཅད་མཁྱེན་པ་ཡོད་དེ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། དཔེར་ན་ཤེས་རབ་ཅན་གྱི་སྙན་ངག་བཞིན། ཞེས་བྱའོ། གཉིས་པ་དོན་ནི། དེ་ལྟར་བོན་དང་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་པའི་ལམ་བདེན་གྱིས་བདག་འཛིན་ས་བོན་དང་བཅས་པ་སྤངས་པ་སྟེ་མེད་པར་བྱས་པ་ལ་བརྟེན། འགོག་བདེན་ནམ་མྱང་འདས་ཞེས་སྤང་བྱ་བྲལ་བའི་བྲལ་ཆ་འཁོར་བའི་སྡུག་བསྔལ་ཞི་ཞིང་དེའི་མྱ་ངན་ལས་འདས་པ་སྟེ་བདེ་བ་དངོས་སུ་ཐོབ་པར་འགྱུར་ལ། དེ་ཡང་འཁོར་བར་སྐྱེ་བྱེད་ཀྱི་ཉོན་སྒྲིབ་འགོག་པ་རྒྱུ་ཡི་གནས་སྐབས་ཀྱི་མྱང་འདས་དང་། མཐར་ཐུག་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྲལ་བའི་བྲལ་འབྲས་ཏེ་མཐར་ཐུག་གི་མྱང་འདས་ཞི་བ་ཆེན་པོའམ་སྤངས་པ་ཆེན་པོ་ཞེས་པ་ཐོབ་ལ། སྤྱིར་མྱང་འདས་ལ་ཐེག་པ་ཆེ་ཆུང་དང་མིང་ཙམ་མཐུན་པའི་སྒོ་སོགས་དབྱེ་ཚུལ་མང་ཡང་གཞན་དུ་ཤེས། གང་ལྟར་མྱང་འདས་སམ་ཐར་པ་ཐོབ་ཕྱིན་ཆད་ལས་དང་ཉོན་མོངས་པས་གདུང་བ་དང་། འཁོར་བའི་སྡུག་བསྔལ་གྱི་རྣམ་གྲངས་ཐམས་ཅད་དང་གཏན་དུ་བྲལ་བའི་རང་བཞིན་བདེ་བ་ཆེན་པོའི་གོ་འཕང་མཆོག་རྙེད་པ་སྟེ། མདོ་ལས། ཕ་རོལ་གང་ལྟར་མྱ་ངན་འདས་པའོ། །ཞེས་དང་། ཀུན་བཏུས་ལས། མྱ་ངན་འདས་པ་ཐར་པ་ཆེ། །ཚོགས་གཉིས་ལས་སྐྱེ་འཕགས་ལམ་ནི། །འཁོར་བའི་གདུང་བྲལ་གསེར་གླིང་བཞིན། །ཞེས་གསུངས་སོ། དེ་ལྟར་ཇི་སྐད་བཤད་པ་དག་ངན་བུའི་རྟོག་ངོར་ཤར་ཚུལ་ཙམ་ལས་རྒྱ་ཆེ་བའི་ལུང་དང་རིགས་པའི་མཐའ་རྒྱ་ཆོད་པའི་འཁོས་ཀ་ཞན་སྟབས་སྐྱོན་དང་ནོར་བ་གང་མང་ཡོད་སྲིད་པས། རྒྱ་ཆེའི་གཟིགས་མོ་བ་རྣམས་ནས་ཐུགས་ཁྲེལ་མེད་པར་ལེགས་སྤེལ་ཉེས་འགོག་གི་མཛད་པ་རྒྱ་མི་ཆུང་བར་མཁྱེན་མཁྱེན་ཞུ། །
སྨྲས་པ། ཆེས་རྣོ་རིག་པའི་རྩལ་ཆེན་མ་རྒྱས་སྟབས།།
རྣམ་བཤད་འདི་སོགས་རྩོམ་ལ་ནོངས་པའི་ཆ།།
མཁྱེན་ལྡན་གཟུ་བོའི་དྲུང་དུ་མི་འཆབ་ན།།
དྲི་མེད་དཔྱད་གསུམ་ཆབ་ཀྱིས་བསལ་བར་རིགས།།
༧ རབ་དཀར་ལྷག་བསམ་འོ་མཚོ་གཡོ་བའི་བཅུད༵།།
བཅུད༵་ལྡན་འབེལ་གཏམ་འབྲི་མར་གསར་པའི་རོ༵།།
རོ༵་བརྒྱའི་ཉིང་ཁུ་བློ་གྲོས་གསོས་མཆིས་ན༵།།
ན༵་གཞོན་བློ་སྒོ་འབྱེད་པའི་སྐྱེས་སུ་བཏེགས།།