ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྨོངས་མུན་སེལ་བའི་སྒྲོན་མེ།
[ 2014/2/1 18:03:00 | By: ཁྱུང་གསེར་ཞུན། ]
 

༄༅།།  རྨོངས་མུན་སེལ་བའི་སྒྲོན་མེ།།

༧སྟོན་དང་དེའི་རྗེས་འཇུག་པའི་ཤིང་རྟ་དང་།  

མང་ཐོས་ཉམས་ལེན་གནད་ལ་ཤིན་ཏུ་མཁ༵ས།  

ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཀྱིས་རང་རྒྱུད་བཙུ༵ན།  

བསྟན་འགྲོར་སྨན་པས་རྒྱུད་བཟ༵ང་རྣམས་ལ་འདུད། 

༧དེང་དུས་དད་བརྩོན་སྐྱེ་བོ་མང་ན་ཡང་།  

སྨོན་དང་ཚིག་བཤར་ཙམ་ལ་ཉམས་ལེན་གྱི།  

སྙིང་པོར་འཛིན་འགའ་ངལ་བ་འབྲས་མེད་དུ།  

མཐོང་ནས་ཡིན་ལུགས་མདོ་ཙམ་གོ་བདེར་འགོད།  

དེ་ཡང་ལོ་ངོ་སྟོང་ཕྱེད་གསུམ་ལས་ལྷག་ཙམ་གྱི་ཡར་སྔོན་ན་འཚོ་ཞིང་བཞུགས་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཞེས་གོ་ལ་ཟླུམ་པོ་འདི་ཡི་སྟེང་གི་སྐྱེ་བོ་མཆོག་དམན་ཀུན་ལ་ཡོངས་སུ་གྲགས་པ་དེ་ཉིད་རྒྱུ་མེད་རྐྱེན་མེད་ལས་ཚད་མའི་སྐྱེས་བུར་གྲུབ་པ་ཞིག་ཡིན་ནམ།  འོན་ཏེ་སྐྱེ་བོ་ཐ་མལ་བ་ཞིག་བདེན་བཞིའི་ཆོས་ཉམས་སུ་བླངས་ནས་ཚད་མའི་སྐྱེས་བུར་གྱུར་པ་ཡིན་ཞེ་ན། དེ་ནི་སྟོན་པ་དང་ཐུན་མོང་མ་ཡིན་པའི་ཐུགས་རྒྱུད་གཅིག་ཏུ་གྱུར་པའི་སོ་སྐྱེ་ཐ་མལ་བས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་ལམ་ཉམས་སུ་བླངས་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པ་དང་ཚད་མའི་སྐྱེས་བུར་གྱུར་པའི་སྒོ་ནས་འགྲོ་བ་སྐྱོབ་པའི་སྟོན་པར་གྱུར་པ་ཡིན་གྱི།  དང་ཐོག་ནས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སྐྱེས་བུར་གྲུབ་མེད་པ་སྟེ་གྲུབ་རྒྱུ་མེད་དོ།   དེ་ཡང་དཔལ་ཆོས་ཀྱི་གྲགས་པས་ཚད་མ་རྣམ་འགྲེལ་ལས།  ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ།  །སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ལོ།   །ཞེས་ཚད་མར་འགྱུར་རྒྱུ་ཞིག་ཚད་མར་གྱུར་ནས་འགྲོ་བ་སྐྱོབ་པའི་སྟོན་པར་གསུངས་སོ།  དེ་བཞིན་དུ་གུས་འབངས་ཚོ་ཡང་།   སྐྱོན་ཟད་རུང་ཡོན་ཏན་སྐྱེ་རུང་གི་རིགས་ཡིན་ཞིང་། དུད་འགྲོ་སོགས་དང་མི་འདྲ་བར་སྐྱེ་བ་འདི་ཡི་སྔོན་རོལ་གྱི་དུས་སུ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་།    སྦྱིན་སོགས་ཕར་ཕྱིན་དྲུག་གིས་གྲོགས་བྱས།  སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཏེ།  མངལ་སྐྱེ་ཁམས་དྲུག་ལྡན་གྱི་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཡི་རྟེན་བཟང་ཁྱད་པར་ཅན།  བླང་དོར་གྱི་གནས་ལ་བློ་གྲོས་ཀྱིས་འཇུག་པར་ནུས་པ་འདི་འདྲ་ཞིག་ཐོབ་པའི་སྐབས་འདིར།  དལ་འབྱོར་སྟོང་ཟད་དུ་མ་སོང་བར་དམ་པའི་ཆོས་ཀྱི་ཞག་ཡོད་པ་ཞིག་ཅི་ནས་ཀྱང་འབད་དགོས། དེ་ལྟར་འབད་པ་ལ་ཐོག་མར་ཆོས་དེ་ཡང་དག་པར་ཤེས་དགོས།  དེ་ཤེས་པ་ཡང་ཆོས་དེ་ཆ་རྒྱུས་ཡོད་པའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་ཚུལ་བཞིན་བསྟེན་ནས་ཐོས་དགོས།   ཐོས་པ་ཙམ་གྱིས་མི་ཆོག་པར་ཐོས་པའི་དོན་ལ་རིག་པས་དཔྱད་དེ་དཔྱད་དོན་ཐོབ་པའི་དོན་དེ་ཉིད་ལ། རྟག་ཏུ་ཡི་སྦྱོར་བ་དང་། གུས་པའི་སྦྱོར་བས།  རང་གི་བློར་གོམས་པར་བྱེད་དགོས་པ་ནི་གནད་ཀྱི་དོན་པོར་བཟུང་དགོས་ཏེ།  རྗེ་བླ་མས།  ལམ་བློ་ཡི་དམིགས་པ་འབའ་ཞིག་ཏུ་སོང་བ་མ་ཡིན་པར།  བློ་ལམ་གྱི་ངོ་བོར་སོང་བ་ཞིག་དགོས་སོ། ཞེས་ལམ་རིམ་ཆེན་མོར་ཇི་སྐད་གསུངས་པ་བཞིན་ནོ། དེའི་དོན་ནི།  དཔེར་ན་མི་སྤྲང་པོ་ཞིག་གིས་རང་ལ་ཐོབ་ཆ་ཅི་ཡང་མེད་པར་ཕྱུག་པོའི་རྒྱུ་ནོར་ལ་བཟང་ངན་འབྱེད་པ་དང་གྲངས་བགྲང་བ་ལྟ་བུ་མ་ཡིན་པར།  ས་དང་ལམ་གྱི་ངོ་བོ་དང་རྣམ་གྲངས་བརྩི་ཤེས་པ་ཙམ་གྱིས་མི་ཆོག་པར་ས་ལམ་གྱི་སྤངས་རྟོགས་རང་གི་རྒྱུད་ཐོག་ཏུ་སྐྱེ་བར་བྱ་དགོས་པར་བསྟན་པ་ཡིན་ནོ།   དེ་ཡང་ང་རང་ཚོ་ཚེ་རབས་ཐོག་མེད་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་སྐྱེ་བ་གྲངས་ལས་འདས་པ་ཞིག་བླང་བའི་རིང་། རང་སེམས་ཀྱི་དབང་དུ་སོང་།  སེམས་ཉོན་མོངས་པའི་དབང་དུ་སོང་སྟེ།  བསམ་རྒྱུ་ཉོན་མོངས།  བྱེད་རྒྱུ་སྡིག་པ་ལས་མ་འདས་པ་དེས།  ལས་ངན་ཆུ་ཡི་གཉེར་མ་བཞིན་དུ་རྒྱུན་མར་བསགས་ནས་ལས་དེའི་དབང་གིས་འཁོར་བའི་གནས་སུ་ཟོ་ཆུ་བཞིན་འཁོར་ནས་སྡུག་བསྔལ་མུ་མཐའ་མེད་པ་ཞིག་མྱོང་ཡོད། ད་དུང་ཡང་སྐྱེ་འཆི་གཉིས་ལ་རང་དབང་མེད་ཅིང་།  སྐྱེས་ནས་འཇིག་རྟེན་གྱི་ཁམས་འདིར་ཅུང་ཟད་གནས་པའི་རིང་ལ་གོད་ཆག་དང་རྐྱེན་ངན་གྱིས་རུ་འཛིངས་ཏེ། འདོད་པའི་བདེ་བས་ནི་ཕོངས། མི་འདོད་པའི་སྡུག་བསྔལ་ནི་ངམ་ངམ་ཤུགས་ཀྱིས་འབྱུང་།  དེ་དག་གི་སྐབས་སུ་རྣམ་དཀར་དགེ་བའི་ལས་ལ་འཇུག་དཀའ་ཞིང།  རེ་འགར་འཇུག་ཁུལ་བྱས་ཀྱང་ཚེ་འདིའི་བདེ་ཐབས་གཙོ་བོར་བཟུང་ན་ཆོས་སུ་མི་འགྲོ   གཞན་གྱི་མིག་སྔར་མཛེས་ཆོས་ཀྱི་འདྲ་ཆགས་བྱེད་པ་སོགས་ཆོས་བརྒྱད་ཀྱི་དབང་དུ་སོང་ན་གཞན་གྱིས་བསྟོད་བཀུར་བྱས་པ་ཙམ་གྱི་རང་གི་དགེ་རྩ་ཟད་དེ་འགྲོ་བ་སོགས་དགེ་བ་ཉམ་ཆུང་ཞིག་ལས་བསྒྲུབ་མི་ཐུབ། མཆོག་གསུམ་ལ་ཡིད་ཆེས་ལ་མ་ཆེས་པ་ཞིག་ལས་མེད་ན་ནང་ཆོས་སུ་འགྲོ་དཀའ།  ཆེད་དུ་བྱ་བ་རང་དོན་ཁོ་ནར་བཟུང་ན་དགེ་བ་རྒྱ་ཆུང་བ་ཞིག་ལས་མི་འབྱུང་། སྡིག་ལས་ལ་ནི་འཛེམ་ཟོན་དང་ཚམ་ཚོམ་གཏན་ནས་མེད་པར་གྲངས་མང་ལ་ངམ་ནག་པ་ནར་མར་བསགས་དང་གསོག་བཞིན་པ་འདིས་ད་དུང་ཡང་། ངན་འགྲོ་ནས་ངན་འགྲོར་འགྲོ་བ་ལས་མ་འདས་པ་ཞིག་འདུག་ཀྱང་།  རེ་བ་ནི་བཟང་སར་རྒྱག   གྲ་སྒྲིག་ནི་སྡུག་ས་ནས་བྱེད། ཅེས་པའི་དཔེ་ལྟར།  ད་རེས་དལ་འབྱོར་གྱི་རྟེན་བཟང་འདི་འདྲ་ཞིག་ཐོབ་པའི་སྐབས་འདིར་འཛམ་གླིང་འདིའི་སྤྱི་ཚོགས་ནང་ཇི་ཙམ་སྡོད་རིང་འཚོ་ཐབས་ལ་བརྩོན་དགོས་ཀྱང་དེ་ཁོ་ནས་མི་ཚེ་སྟོང་ཟད་དུ་སོང་བ་མ་ཡིན་པར་རང་ངོས་ནས་ཕྱི་མར་བདེ་བའི་ཐབས་ཤིག་གང་ཐུབ་ཀྱིས་བྱེད་དགོས།  དེ་ལྟ་བུའི་ཐབས་ཤིག་བྱེད་རྒྱུ་ཡོད་བཞིན་མ་བྱས་ན།  ནམ་ཞིག་ཕྱི་རོལ་གྱི་ལུས་ནི་རྒས་པས་རྒུད།   ནང་གི་རིགས་པ་ནི་རྟེན་རྒུད་པས་འཐིབ།  དལ་འབྱོར་ནི་ཚེ་འདིའི་འཚོ་ཐབས་ཁོ་ནས་སྟོང་ཟད་དུ་འགྲོ།  འཆི་བ་མི་རྟག་པ་ནི་འཇིགས་ཡེ་རེར་ཐོག་ཏུ་འབབ།  ཕྱི་མར་ཕན་པའི་དམ་པའི་ཆོས་ནི་འདི་བྱས་དྲན་རྒྱུ་མེད།  སྡིག་ལས་ཀྱིས་ནི་མུན་རུབ།  དེ་ལྟ་བུའི་ཉམ་ཐག་གི་གནས་སུ་ལྷུང་བའི་སྐབས་སུ་འགྱོད་གདུང་དྲག་པོས་ནོན་ཏེ་མྱ་ངན་གྱི་འོ་དོད་འབོད་བཞིན་སྐྱབས་འཚོལ་བ་སྐད་བྱེད་པ་ལ་ནི་སུ་ཡིས་སྐྱོབ་པར་མི་ནུས་ཏེ་བསྐྱབ་རྒྱུ་མེད་པས་ཡིན་ཏེ།   དཔལ་ལྡན་ཟླ་བས།  གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པ།  །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན།  །གཡང་སར་ལྷུང་བས་གཞན་དུ་འཇུག་འགྱུར་བ། །དེ་ལས་ཕྱིས་ནས་གང་གིས་སློང་བར་འགྱུར། །ཞེས་དབུ་མ་ལ་འཇུག་པ་ལས་ཇི་སྐད་གསུངས་པ་བཞིན་ནོ། དོན་ནི།  ཆོས་དང་འཇིག་རྟེན་གྱི་བྱ་བ་གང་འདྲ་ཞིག་ཡིན་ཡང་དེ་ཉིད་རང་གིས་བསྒྲུབ་པའི་གོ་སྐབས་ཡོད་བཞིན་མི་བསྒྲུབ་པར་དུས་ལས་ཡོལ་ནས་གཞི་ནས་འགྱོད་གདུང་དྲག་པོས་རོགས་སམ་སྐྱབས་འཚོལ་བ་ནི། དོན་འགྲུབ་རྒྱུ་གཏན་ནས་མེད་པ་ཞིག་ལ་རྨོངས་དད་དང་ལྐུག་པ་ཨུ་ཚུགས་ཀྱིས་རེ་བར་སུས་ཀྱང་སྐྱོབ་པར་མི་ནུས་པ་ཡིན་ནོ།  ཞེས་པའི་དོན་ནོ།  དེ་ལ་འགའ་རེས་འདི་སྐད་ཟེར་ཏེ།  འོ་དེ་ང་ཚོའི་ངོས་ནས་ཅི་བྱ་དགོས། བླ་མ་སངས་རྒྱས་ཀྱི་ཐུགས་རྗེས་དག་པའི་ཞིང་གི་པདྨའི་སྦུབས་སུ་འོད་ཕུང་ངེ་གསལ་སིང་ངེར་འདྲེན་འགྲོ་བ་ཡིན་ནོ་ཞེ་ན།  བླ་མ་སངས་རྒྱས་ལ་བློ་ལིང་གིས་གཏད་པའི་ཡིད་ཆེས་ཤིག་ཡོད་ན་རེ་བ་ཆེ་ཡང་། འུ་ཅག་ཚོ་དེ་ལས་ལྡོག་སྟེ་བླ་མ་སངས་རྒྱས་ལས་མོ་རྩིས་སོགས་ལ་བརྩི་ཆེ་ཞིང་། ལས་འབྲས་ལ་ངོ་རྒྱབ་བྱས་ཏེ་སྡིག་པ་འཛེམ་ཁུལ་གྱི་མི་ངོ་ཐུབ་ཙམ་གྱིས་སངས་རྒྱས་ཀྱི་འདྲེན་ཚུལ་ལ་རེ་བ་ནི་རང་ཉིད་ཕུང་བའི་རྒྱུ་ཡིན་ཏེ།  རྒྱལ་སྲས་ཞི་བ་ལྷས།  སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་།    །བདག་ནི་རང་གི་ཉེས་པས་དེའི།   །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ།   །ཞེས་གསུངས་སོ།  དོན་ནི།    སངས་རྒྱས་གྲངས་ལས་འདས་པ་ཞིག་བྱོན་ཟིན་ཀྱང་། དེ་དག་གིས་བདག་སོགས་སེམས་ཅན་རྣམས་ཐར་པའི་གོ་འཕང་དུ་བཀོད་མ་ཐུབ་པར་ད་དུང་འཁོར་བའི་གནས་སུ་སྡུག་བསྔལ་མུ་མཐའ་མེད་པ་ཞིག་མྱོང་བཞིན་ལུས་འདུག་པ་འདི། འདས་ཟིན་པའི་སངས་རྒྱས་རྣམས་ཀྱིས་མ་ལན་པར།   བདག་སོགས་སེམས་ཅན་རྣམས་ཀྱིས་ཉེས་པ་སྟེ་སྡིག་པ་ཁོ་ནར་བསགས་པས་དེའི་གསོ་བའི་སྤྱོད་ཡུལ་ཏེ་འདྲེན་པའི་སྐལ་བ་ཅན་དུ་མ་གྱུར་པ་ཡིན་ནོ།   ཞེས་པའི་དོན་ནོ།  དེ་ལྟར་ཡིན་ན་གོང་དུ་སྟོན་པ་སངས་རྒྱས་འགྲོ་བ་སྐྱོབ་པའི་སྟོན་པར་བཤད་པ་ཇི་ལྟར་ཡིན་ཞེ་ན།  དེ་ནི་སྟོན་པས་རང་ཅག་རྣམས་ལ་བླང་དོར་གྱི་གནས་བསྟན་པ་ལྟར་ཉམས་སུ་བླངས་ན་སྡུག་བསྔལ་ལས་གྲོལ་ཐུབ་པའི་ཆ་ནས་སྟོན་པ་སྐྱབས་སུ་བཤད་པ་ཡིན་གྱི།  རང་གར་སྐྱོབ་པར་བཤད་པ་མ་ཡིན་ནོ། དེ་ཡང་ཇི་སྐད་དུ། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།  །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།  །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད།   །ཅེས་གསུངས་སོ།  དོན་ནི།   ཐུབ་པ་སངས་རྒྱས་པ་རྣམས་ཀྱི་ལུགས་ལ་སྡིག་པ་ཆུ་ཡིས་མི་དག་པས་མི་འཁྲུ་ཞིང་།   འགྲོ་བའི་སྡུག་བསྔལ་ཚེར་མ་བཞིན་ལག་གིས་འདོན་རྒྱུ་མེད་པས་ཕྱག་གིས་མི་སེལ་ལ།  ཐུབ་པ་རང་ཉིད་ཀྱི་སྤངས་པ་དང་རྟོགས་པའི་ཡོན་ཏན་དག  མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གཞན་ལ་འཕོ་རྒྱུ་མེད་པས་ཉམ་ཐག་གི་འགྲོ་བ་གཞན་ལ་སྤོ་བ་མིན་ནོ།   འོ་ན་ཅི་ལས་འགྲོ་བ་ཉམ་ཐག་པ་རྣམས་མྱ་ངན་ལས་གྲོལ་བ་ཡིན་ཞེ་ན།   ཐུབ་པས་ལས་འབྲས་ཀྱི་བདེན་པ་ནས་ཆོས་ཐམས་ཅད་ཀྱི་ངོ་བོ་མཐར་ཐུག་ཆོས་ཉིད་ཀྱི་བདེན་པའི་བར་གྱི་བླང་དོར་གྱི་གནས་བསྟན་པ་ལྟར་རང་རང་གིས་ཉམས་སུ་བླངས་ནས་གྲོལ་བ་སྟེ་བདེ་བ་ཐོབ་པར་མཛད་དོ།  འོ་ན་རང་ཅག་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བའི་ཐབས་ཤིག་ནི་ཡོད།  དེ་རང་ངོས་ནས་བསྒྲུབ་དགོས་ན། ཐབས་དེ་སྟོན་པའི་ཚིག་ཁ་འདོན་བྱེད་པའམ། ཐབས་དེ་སྨོན་ལམ་འདེབས་པ་ཙམ་གྱིས་ཆོག་གམ་དེ་ལས་གཞན་ཞིག་ཡོད་སྙམ་ན།  དང་པོ་ཚིག་ཁ་འདོན་བྱེད་པ་ཙམ་གྱིས་མི་ཆོག་པ་ནི།  དོན་གྱི་རྒན་པོ་ཚིག་གི་འཁར་བར་བརྟེན།  ཞེས་པ་ལྟར།   ཚིག་ཁ་འདོན་བྱེད་པ་ནི་དོན་དྲན་པའི་ཆེད་ཡིན་པ་ལས།  དོན་ཅི་ཡང་ཡིད་ལ་མི་བྱེད་པར་ཚིག་ཁ་ནས་བཏོན་པ་ཁོ་ནས་གང་ཡང་མི་ཕན་ཏེ། དཔེར་ན་སྨན་གཞུང་ནས་བཤད་པའི་སྨན་གྱི་སྦྱོར་བས་ནད་ལས་གྲོལ་བའི་ཐབས་མི་བྱེད་པར་ནད་པ་ཆེ་གེ་མོ་ཞིག་གི་མདུན་དུ་སྨན་དཔྱད་ཡན་ལག་བརྒྱད་པ་ཀློག་འདོན་བྱེད་པས་ནི་ཅི་ཞིག་ཕན་པར་འགྱུར་ཏེ།     རྒྱལ་སྲས་ཞི་བ་ལྷས།   དེ་དག་ལུས་ཀྱིས་སྤྱད་བྱ་ཡི།  །ཚིག་ཙམ་གྱིས་ནི་ཅི་ཞིག་འགྲུབ།   །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།  །ནད་པ་དག་ལ་ཕན་འགྱུར་རམ།  །ཞེས་ཇི་སྐད་གསུངས་པ་བཞིན་ནོ།  གཉིས་པ་སྨོན་ལམ་འདེབས་པ་ཙམ་གྱི་མི་ཆོག་པ་འདི་ངེས་པར་དུ་ཤེས་དགོས་པའི་གནད་ཅིག་ཡིན་ཏེ་དཔེར་ན་སྐོམ་པས་གདུང་བའི་མི་ཞིག་གིས་སྐོམ་འཐུང་བ་ལ་མི་རེམས་པར།  སྐོམ་ནད་སེལ་བར་ཤོག་ཅེས་སྨོན་པ་ཙམ་གྱིས་སྐོམ་གྱི་སྡུག་བསྔལ་མི་ཞི་བ་ལྟར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདི་ལས་ཐར་བར་སྨོན་པ་ཙམ་གྱིས་མི་ཆོག་གོ།  གསུམ་པ་དེ་དག་ལས་གཞན་པའི་ཐབས་ཤིག་ཡོད་པ་ནི།  ང་རང་ཚོར་སེམས་མ་ཞི་བའི་དབང་གིས་བྱུང་བའི་དཀའ་ངལ་དེ།  སེམས་ཞི་བར་བྱས་ཏེ་སེལ་དགོས་པ་ཡིན་ཏེ།  དཔེར་ན།  མེས་ཚིག་མེར་གཏུག་ཅེས།    མེས་ཚིག་པའི་རྨ་རྨ་ཉེན་དུ་མི་འགྲོ་བའི་ཆེད་དུ་སླར་ཡང་མེ་ཡི་ངབ་ལ་གཏུག་དགོས་པ་བཞིན། ཉོན་མོངས་པའི་སེམས་ཀྱིས་གདུང་བ།      དེའི་གཉེན་པོ་སེམས་ལ་གོམས་པར་བྱས་ཏེ་གྲོལ་བ་ཐོབ་པ་ཞིག་ངེས་པར་དགོས་སོ། དེ་ཡང་འདས་ལམ་གྱི་སྟོབས་ཀྱིས་ཉོན་མོངས་ལས་གཏན་དུ་གྲོལ་བ་ཞིག་དགོས་ཀྱི་འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་རེ་ཞིག་མགོ་གནོན་པ་ཙམ་གྱིས་མི་ཆོག་ཏེ་ཡུལ་དང་འཕྲད་ན་སླར་ཡང་སྐྱེ་བར་འགྱུར་བའི་ཕྱིར་ཏེ།  སློབ་དཔོན་དབྱིག་གཉེན་གྱིས།  །ཕྲ་རྒྱས་སྤངས་པ་མ་ཡིན་དང་།  །ཡུལ་ནི་ཉེ་བར་གནས་པ་དང་།  །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ལགས།  ཞེས་གསུངས་སོ།   དོན་ནི།  ཉོན་མོངས་རེ་ཞིག་མགོ་མནན་ཏེ་རང་རྒྱུད་ལ་མངོན་གྱུར་དུ་མེད་ཀྱང་། སྤྱིར་ཕྲ་རྒྱས་ཏེ་ཉོན་མོངས་པ་སྤངས་པ་མ་ཡིན་པ་དང་གཅིག    ཡུལ་ཏེ་ཉོན་མོངས་སྐྱེ་བའི་རྐྱེན་དགྲ་གཉེན་སོགས་རང་དང་ཕྱོགས་ཐག་ཉེ་བར་གནས་པ་དང་གཉིས།     ཚུལ་བཞིན་མ་ཡིན་པ་སྟེ་རང་གིས་དོན་དངོས་དང་མི་མཐུན་པའི་གནས་ལུགས་ཡིད་ལ་བྱེད་པ་དང་གསུམ་པོ་ལས་ཉོན་མོངས་སླར་ཡང་སྐྱེ་བ་ཡིན་ཏེ།   དེ་སྐྱེ་བའི་རྒྱུ་ཚང་བར་གནས་པའི་ཕྱིར་རོ།   ཞེས་པའོ།། 

དེ་ལྟར་གཞུང་ལུགས་ཐོས་བསམ་ཕྲན་བུར་བརྒྱུད།།

གོ་ཚོད་སྙིང་བསྡུས་ཐོ་རུ་བཀོད་པ་འདིས། །

མཁས་ཉམས་རྙིང་མཁྲེགས་སོགས་ལ་མི་མཁོ་ཡང་།།

སྐལ་མཉམ་དོན་གཉེར་ཅན་འགར་ཕན་འགྱུར་སྙམ།།

ཞེས་མཆོག་མིང་པས། ༢༠༡༣ . . . ཉིན་བྲིས། 

 

 
 
Re:རྨོངས་མུན་སེལ་བའི་སྒྲོན་མེ།
[ 2014/2/8 9:30:37 | By: སྐུ་མགྲོན་1HXk0O(སྐུ་མགྲོན) ]
 
སྐུ་མགྲོན་1HXk0O(སྐུ་མགྲོན)རྒན་མཆོག་མིང་རྩོམ་ལ་དགའ་སོང་།།
ཆོས་རང་མགོ་རང་ཐོན་དགོས་གསུང་།།
གྱེར་བཅའ་འདོན་སྙིང་མེད་རེད་གསུང་།།
ངན་རྒྱུན་འབྱམས་བཅོས་ཐབས་དཀའ་གསུང་།།
འབྲོག་རི་བོ་རྩོད་ཐལ་ཆེ་སོང་།།
རྙིང་བོན་པོ་འདོན་ཐལ་ཆེ་སོང་།།
ཁོང་ཇོ་ནང་རང་མཐོང་ཆེ་གི།
ཞྭ་དམར་ནག་རྟོགས་པ་མཐོ་སྐད།།
 
 
Re:རྨོངས་མུན་སེལ་བའི་སྒྲོན་མེ།
[ 2014/2/7 13:19:27 | By: སྐུ་མགྲོན་qul8OB(སྐུ་མགྲོན) ]
 
སྐུ་མགྲོན་qul8OB(སྐུ་མགྲོན)༧བོན་པོས་བོན་བཞིན་སྤྱོད་ན་དགའ་བ་ལ།།
ཆོས་པས་ཆོས་བཞིན་སྤྱོད་ན་སྐྱིད་པ་ལ།།
བན་བོན་ཚིག་གི་ཁ་ཤག་འགྱེད་པ་དེས།།
བན་བོན་གཉིས་ཀར་གནོད་ལས་ཕན་པ་མེད།།
༧ ཧི་བོན་ཟིན་བྲིས་ཉིན་ཤས་ལོ་སར་རོལ།།
སྒར་སྲུང་རྒས་པོས་མཆན་བུ་ཡ་ཟུང་བཏགས།།
བདེན་དང་མི་བདེན་བྱེས་པ་གཞིས་འཁོར་སྐབས།།
ཉི་སྨུག་དྲོ་འཇམ་ནང་དུ་ལྟོས་དང་ཤེས།།
 
 
Re:རྨོངས་མུན་སེལ་བའི་སྒྲོན་མེ།
[ 2014/2/5 17:08:10 | By: སྐུ་མགྲོན་GLCn1R(སྐུ་མགྲོན) ]
 
སྐུ་མགྲོན་GLCn1R(སྐུ་མགྲོན)ཕིས། ཁྱེད་ལ་རང་ཞེན་ཆེ་ཐག་ཆོད་གདའ། ད་སྐབས་བན་བོན་གྱི་འཐེན་ཁྱེར་བྱས་ན་བོད་ཀྱི་སྐྱིད་སྡུག་གང་དུ་འགྲོ་རྒྱུ་བསམ་མནོ་མེད་པར་ཐབས་རྡུག་དེ་འདྲའི་རྟོག་པ་མང་དྲགས་སོང་། དགོངས་མ་འཚོམ། གྲོས་མོལ་བྱེད་དང་།
 
 
Re:རྨོངས་མུན་སེལ་བའི་སྒྲོན་མེ།
[ 2014/2/5 17:04:51 | By: སྐུ་མགྲོན་GLCn1R(སྐུ་མགྲོན) ]
 
སྐུ་མགྲོན་GLCn1R(སྐུ་མགྲོན)ཧི་བོན་དྲྭ་ཚིག་འདི་ཆོས་སྐད་ཀྱི་ཟིན་ཐོ་ཅུང་ཉུང་ན་མི་མཛེས་སམ། མ་གཞི་རྒན་ལགས་ལ་དམ་པའི་ཆོས་ཞད་ཅིག་ཡོད་པས་ཡིན་རྒྱུ་རེད། ཨ་ཙི་ཀུ་རེ། རིམ་བཞིན་སྤེལ་དང་། རིམ་བཞིན་ཀློག་ཡོང་། སྙིང་དོན་རང་ཉིད་ཐར་བ་སྒྲུབ་པ་ལ་རང་ཉིད་ཀྱིས་འབད་དགོས་པ་དེ་རེད་འདུག་ག དེ་ནི་ང་ཚོའི་བོན་ལུགས་ལ་ཡང་རེད། འོན་ཏེ་འཕོ་བ་དང་སྐྱབས་འཇུག་ཞུ་སྲོལ་བན་བོན་གཉི་གར་ཡོད་པ་རེད་མོད། བོན་པོ་གཏོ་བཅོས་ཅུང་མང་ཙམ་རེད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.