ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
འདྲིས་ཆེ་ཡང་ངོ་མ་ཤེས་པ་འགའ་ཞིག
[ 2013/11/18 19:11:00 | By: ཁྱུང་གསེར་ཞུན། ]
 

༄༅།། འདྲིས་ཆེ་ཡང་ངོ་མ་ཤེས་པ་འགའ་ཞིག །

༧ རབ་འབྱམས་ཆེན་མོ་རྟ་ཐོག་གྲོག་མ་བཞིན།།

བྲག་ཕུག་སྒོམ་ཆེན་གསེར་དང་བོང་བ་མཉམ།།

གྲོང་གི་ལྷ་བོན་བཅའ་འདོན་གྱེར་ལ་བྲེལ།།

ཡིག་ནོར་ལྷག་ཆད་སྤྲང་ཐུལ་ཤིག་གི་དཔེ།།

༧ དམན་བདག་རྟོག་དཔྱོད་ཤེས་རབ་མི་ལྡན་ཡང་།།

རིང་མོ་ཞིག་ནས་འདི་ལྟའི་འཕྲང་ལམ་འགར།།

བརྒྱུད་པའི་ངལ་འབྲས་དོན་ལ་འབྱོར་བའི་ཕྱིར།།

ཅུང་ཟད་སྨྲ་འདོད་རི་གཟར་རྦབ་ཀྱི་ཟླ།།

དེ་ལ་གཉིས་ཏེ།  ཁ་བྱང་གི་འགྲེལ་དང་སྦྲེལ་ཏེ་མདོར་བསྟན་པ་དང་། བསྟན་དོན་ཇི་བཞིན་སོ་སོར་བཤད་པའོ།། ༧ དང་པོ་ནི། གུས་པས་འཇུག་ཐོག་འདིརའདྲིས་ཆེ་ཡང་ངོ་མ་ཤེས་པ་འགའ་ཞིགཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཞིག་འབྲི་བར་འདོད་པའི་དོན་ཡང་ང་ཚོས་ཚོགས་འདོན་སོགས་རྒྱུན་པར་འདོན་བྱའི་རིགས་འགའ་ཤས་ཆེས་ཀློག་གྲངས་མང་བའི་དབང་གིས་ཚིག་ཉིད་ཁ་ལ་བྱང་བ་ཙམ་དུ་མ་ཟད།  བློ་ཐོག་ཏུའང་འགྲོ་བའི་ཚོད་དུ་གྲུབ་པསའདྲིས་ཆེཞེས་དང་། ཇི་སྐད་དུ། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ།  །ཞེས་སམ། སྐྱབས་མཆོག་གཏིང་ནས་བློ་ལ་མ་ཤར་ན།  །ཚིག་གི་ཕྲེང་བ་བར་ཆད་ཁ་འདྲེན་ཡིན། །ཞེས་པའི་དོན་རས་སུ་བོར་ཏེ། འདོན་པ་ཀློག་ཚེ་ཚིག་སོ་སོའི་དོན་ལ་སེམས་པའི་བློ་མིག་ལྡོང་བའམ། ཡོད་ཀྱང་སྙོམས་ལས་སུ་གྱུར་པ། དཔྱད་ཀྱང་ངེས་གཏན་གྱི་བླང་དོར་རམ་གསལ་བཤད་བྱེད་པའི་ཁོར་ཡུག་ཧ་ཅང་དོག་པ་མིན་ནམ།  གང་ལྟར་དཔེ་ཁུངས་མི་འདྲ་བ་ནས་བྱུང་བའི་དོགས་གཞི་ཅན་གྱི་ཚིག་གམ།  གནད་ལ་ཁེལ་མིན་ཅི་རིགས་སུ་གྱུར་པའི་གོ་བ་ལེན་སྟངས་འདྲ་མིན་བྱུང་འདུག་པས་ནངོ་མ་ཤེསཞེས་པའི་ཐ་སྙད་སྦྱར།   དེ་ལྟ་བུའི་ཉོག་གྲ་མཐའ་དག་པའི་དགག་བཞག་ནི་དམན་པ་བདག་ཀྱང་ལྟ་ཞོག  མཁས་པའི་དབང་པོ་དག་ཀྱང་འོ་བརྒྱལ་བའི་ཚད་དུ་གྲུབ་མོད།  འདིར་རང་བློའི་འཁོས་དང་བསྟུན་ཏེ་རེ་ཟུང་ཙམ་ཞིག་བྱ་བ་འདི་རིགས་ལ་དཔྱད་པའི་སྒོ་འབྱེད་ཙམ་ཞིག་གླེང་འདོད་བྱུང་བས་ནའགའ་ཞིགཞེས་དང་།  སྤྱིར་ན་གང་འདྲིས་པ་དག་ངོ་ཤེས་པ་སྟེ་ཡིན་ལུགས་ངོ་འཕྲོད་པའི་འོས་བབ་ཆེ་མོད།  ང་ཚོའི་ཁོར་ཡུག་འདི་རུ་སྔ་མོ་ཞིག་ནས་འདོན་བྱའི་དཔེ་ཆ་གང་ཞིག་ཡིན་རུང་དོན་གྱི་གོ་བ་ལ་དཔྱོད་པ་དེ་ཙམ་མི་བྱ་བར་གྱེར་འདོན་གཉིས་ལ་མཁས་དགོས་པའི་གོམས་གཤིས་ཀྱི་བག་ཆགས་མཐུག་པོས་བསླད་ཟིན་པས་སྤྱི་འགྲོའི་རིང་ལུགས་ལས་འདས་པའི་གནས་ཚུལ་དམིགས་བསལ་བ་དུ་མ་བྱུང་ཟིན་ཅིང་།  ད་དུང་ཡང་མི་འབྱུང་བའི་སྔོན་འགོག་བྱ་བར་དཀའ་ཁག་ཧ་ཅང་ཆེ་བས་ནའདྲིས་ཆེ་བདངངོ་མ་ཤེས”གཉིས་ཀྱི་བར་དེར་དོན་ཐོབ་དབང་གིས་མི་མཐུན་པའི་ཚིག་རྒྱན་གྱི་ཕྲད་ཅིག་སོང་བའོ།། 

  གཉིས་པ་ནི། དང་ཐོག་ཚོགས་འདོན་དབུ་ཡི་སྐྱབས་འགྲོའི་སྐྱབས།  གཤེན་རབས་གཡུང་དྲུང་སེམས་དཔའི་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆིའོ།།   ཞེས་པར་ལྷ་ཚོགས་ཀྱི་ལྷ་དེ་དཔེ་ཁུངས་མི་འདྲ་བར་ཡོད་མེད་གཉིས་སུ་སྣང་ཞིང་།  གུས་པའི་བསམ་པར་བོད་མི་དག་ལྷ་ལ་དགའ་ཆེས་པའི་དབང་གིས་ལྷ་དེ་ཕྱིས་དཀྱུས་སུ་བཅུག་པའམ་ཤོར་བ་མ་གཏོགས་མི་དགོས་པ་འདྲ་སྟེ།  གང་གི་ཕྱིར་ན།  སྤྱིར་སྐུ་གསུམ་ལྟ་བུ་སྐྱབས་གནས་སུ་གྱུར་པའི་ལྷ་ཡོད་མོད་ཀྱང་དེ་དག་གོང་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པའི་ནང་དུ་འདུ་ལ།  དེ་མིན་གཤེན་རབས་ཏེ་སེམས་དཔའ་རྣམས་ལ་ལྷ་ཞེས་པའི་ཐ་སྙད་ཀྱང་འཇུག་དཀའ་ལ།  གཞུང་དོན་སེམས་དཔའི་ཚོགས་ལྟར་གོ་བ་བླངས་ཚེ་ཚོགས་ཞེས་མང་ཚིག་གམ།  དམིགས་བསལ་སེམས་དཔའ་རྣམས་བསོད་ནམས་ཀྱི་ཚོགས་བསགས་པའི་ཞིང་མཆོག་ཏུ་གྱུར་པ་ཡིན་པས་ཀྱང་ཚོགས་ཞེས་བརྗོད་པ་ཡོད་དོ།།    ཡང་ན་གཤེན་རབས་ལ་ས་མཐའ་ཡོད་མེད་གཉིས་སུ་ཡོད་པར་དག་ཡིག་འགར་གསུངས་པ་ལྟར་གྱི་རྣམ་བཞག་ལག་ཏུ་བླངས་ཚེ་འདིར་གཤེན་རབས་ལ་ས་མཐའ་ཐོབ་པ་ཡིན་ཀྱང་དེ་བཞིན་བྱས་པ་མཐོང་རྒྱུ་ཉུང་། དེ་ལྟར་ཐོབ་པའི་ས་མཐའ་དོར་ཞིང་མི་ཐོབ་པའི་ལྷ་སྦྱར་བའི་དགོས་པ་ཅི་ཡོད་ཅེས་དྲི་བ་ཡང་བྱའོ།། 

  མཛད་བཅུའི་བསྟོད་པ་ཞང་སྐད་མ་ལས།  གདུལ་བྱ་དང་པོའི་འཁོར་ལ་བཀྲི་དྲང་གི།   །ཞེས་དང་།  གདུལ་བྱ་དང་པོའི་འཁོར་བ་བཀྲིད་དྲངས་ནས།  །ཞེས་པའི་ཚིག་སྦྱོར་མི་འདྲ་བ་གཉིས་སོགས་བྱུང་བ་ལས་ལུགས་དང་པོ་དེ་དག་པར་འདོད་དེ།  རྒྱུ་མཚན་ཡང་ཐོག་མར་སྟོན་པས་བོན་གསུང་སྐབས་ལས་དང་པོ་བའི་འཁོར་རྣམས་ལ་བཟོ་སོགས་ཐུན་མོང་གི་རིག་གནས་བསྟན་ཅིང་རིམ་པར་རྒྱུ་འབྲས་བདེན་པའི་བོན་གསུངས་པས་ན།  ལས་དང་པོ་བའི་འཁོར་རྣམས་ལ་ཐད་ཀར་བདག་མེད་དང་གཞན་ཕན་གྱི་ལྟ་སྤྱོད་སོགས་བཤད་པའི་སྣོད་དུ་མ་གྱུར་བས་ཐབས་མཁས་ཀྱིས་རིམ་པས་འོག་མ་ནས་གོང་མའི་བོན་བསྟན་པའི་དོན་ནོ།  དེ་ལྟར་མ་ཡིན་པར་ཚིག་ཕྱི་མ་ལྟར་བྱས་ཀྱང་མི་འཐད་རྒྱུ་ཆེར་མེད་དེ།  འདི་ལྟར་འཁོར་བ་བཀྲི་དྲང་ཞེས་སྟོན་པས་བོན་གང་གསུངས་ཀྱང་གཙོ་བོ་གདུལ་བྱ་རྣམས་འཁོར་བ་ལས་ཐར་པའི་ཆེད་དུ་བསྟན་པར་འགྲེལ་ཆོག་གོ།  ཞེ་ན།  འོ་ན་གདུལ་བྱ་དང་པོ་རྣམས་མ་གཏོགས་གཞན་དག་འཁོར་བ་ལས་ཐར་དགོས་པ་མ་ཡིན་པར་ཐལ།  ཚིག་དེར་དང་པོ་ཞེས་ཆེད་དུ་སྨོས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར།  ཞེས་སོགས་སྤྲོའོ།།

༧ རྗེ་ཡི་གསུང་སྨྲ་སེང་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་མར།   སྨྲ་བའི་སེང་གེའི་རྒྱན་ཆས་སྐོར་ཤེས་རབ་དགོངས་རྒྱལ་སྙན་བརྒྱུད་སྨྲ་སེང་སོགས་དང་མི་འདྲ་བ་བྱུང་འདུག་ཅིང་འདིའི་ཁུངས་དམ་པ་རང་གྲོལ་གྱི་སྙན་བརྒྱུད་མུན་སེལ་སྒྲོན་མེ་ཞེས་པའི་གཞུང་ཞིག་ཡོད་འདུག་ཀྱང་དེ་སྔོན་དངོས་སུ་མ་མཇལ།  གཞན་བསྟོད་པ་དེའི་ཚིག་དོན་ཕལ་ཆེར་གོ་སླ་ཞིང་། ཀུན་སྐྱོབ་ཅེས་པར་དཔེ་འགར་ཀུན་ཁྱབ་ཟེར་བ་འདུག་རུང་ཡིག་ནོར་ཡིན་པར་སྙམ་ཞིང་། ཉིན་མཚན་ཀུན་ཏུ་འདུན་པས་བསམ་ཀྱང་ད་རུང་ཁྱེད་ཀྱི་ཐུགས་རྗེའི་ཤུགས།  །ཅུང་ཟད་མེད་སྙམ་འོན་ཀྱང་བདག་གི་ཉེས་པའི་སྐྱོན་གྱིས་སྒྲིབ་པར་ཟད།  །ཅེས་པའི་ཚིག་རྐང་གཉིས་པོའི་དོན་གང་ཡིན་ཞེས་རིག་རྒོད་འགའ་རེས་དྲི་བ་འདྲ་བྱུང་མྱོང་།  ཕལ་ཆེར་གྱིས་དབྱངས་སྙན་མོས་ཀློག་པ་ཙམ་ལས་དོན་ལ་དེ་ཙམ་གྱི་བསམ་གཞིགས་མི་མཛད་པ་འདྲ།  ཡང་སྙིང་དེའི་དོན་གསལ་བཤད་འདྲ་ཨེ་ཡོད་ཅེ་ན།  ཁོ་བོས་རང་སྟོབས་ཀྱིས་འདི་ཞེས་འཆད་དཀའ་མོད། ཚིག་སྦྱོར་དེ་དང་ཕལ་ཆེར་མཚུངས་ཤིང་ཅུང་ཁ་གསལ་བ་ཞིག་ནི་ས་པཎ་གྱིས་མཛད་པའི་འཇམ་དབྱངས་ཀྱི་བསྟོད་པ་ཞིག་ལས།  ཡབ་གཅིག་ཉིད་ལས་ལྷ་གཞན་དག་ལ་རེ་བ་མ་མཆིས་སྐལ་ངན་བདག   །ཉིན་མཚན་ཀུན་ཏུ་འཇམ་དབྱངས་གུས་པས་བསམ་ཀྱང་ཁྱེད་ཀྱི་ཐུགས་རྗེའི་ཤུགས།  །ཅུང་ཟད་མེད་སྙམ་འོན་ཀྱང་བྱུར་ངན་རང་གི་ཉེས་པས་བསླད་པར་ཟད།  །ཅེས་པ་ཞིག་ཀྱང་བྱུང་སྣང་ངོ་།།  གཞན་བདག་གི་ཉེས་པའི་སྐྱོན་གྱིས་སྒྲིབ་པར་ཟད།།   ཅེས་པ་དེར། དཔེ་འགར། བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པ་སེལ།། ཞེས་དང་།  བདག་གི་ཉེས་པའི་སྐྱོན་གྱི་སྒྲིབ་པར་ཟད།།  ཅེས་འདྲ་མིན་སྣང་རུང་ཡིག་ནོར་ཨེ་ཡིན་སྙམ།།

༧ རྣམ་རྒྱལ་ནོར་བུའི་སྨོན་ལམ་ལས། མཁའ་ལ་ཟད་པ་མེད་ཅིང་ཐུག་པའང་མེད།  །ཅེས་པའི་འང་སྒྲ་ཕྲལ་ནས་ཀློག་པ་དང་པ་དང་སྦྲེལ་ཏེ་ཀློག་ཚུལ་གཉིས་འདུག་པ་ལས།  དོན་ལ་གང་བྱས་ཁྱད་མེད་ཡིན་མོད།  འོན་ཏེ་ཀློག་སྐབས་བརྡ་སྤྲོད་རིག་པའི་ལུགས་ལྟར་ན་འདི་རིགས་རྐང་གྲངས་མཉམ་མིན་དབང་གིས་ཁྱད་ཡོད་ཅིང་འདིར་དགུ་ཚིག་ཡིན་སྟབས་པ་དང་སྦྲེལ་ཏེ་ཀློག་ན་ལེགས་ཤིང་དེ་མིན་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་བ་དཔེར་ན་རྟ་ཞོན་ཏེ་འགྲོ་ཚེ་གློ་བུར་ལག་རྡབ་བྱུང་བ་ལྟ་བུའི་ཚོར་སྣང་འབྱུང་།  དེ་ལ་ཕྲལ་ནས་ཀློག་དགོས་ཚེ་འབྲི་དུས་ཀྱང་འང་མ་ཡིན་པར་ཡང་ཞེས་འབྲི་དགོས་སོ།།  རིགས་པ་འདིས་མཚོན་ཏེ་རྣམ་རྒྱལ་གཏོར་མའི་སྨོན་ལམ་ལས། སྲོག་ལའང་མི་ཆགས་ཕན་ཐོགས་ཤོག །ཅེས་པའི་འང་སྒྲ་དང་། ཁྲོ་བོའི་མཚམས་བཅད་ཚིག  ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བར་བྱའོ། །ཞེས་པའི་འོ་སྒྲ།  རྩ་རླུང་གསོལ་འདེབས་ཀྱི།  རྫུ་འཕྲུལ་སྟོབས་ལྡན་ཡེ་ཤེས་བླ་མ་སོགས།  །སྙན་ཁུང་བརྒྱུད་པའི་བླ་མར་གསོལ་བ་འདེབས།  །ཞེས་པར། བླ་མ་ལ་གསོལ་བ་འདེབས།  ཞེས་པའི་ལ་སྒྲ་དང་།  སྦོད་གཏོང་ཚོགས་སྨོན་གྱི།  དབྱིངས་ལ་དབྱིངས་ཤར་ཡེ་ཤེས་ཡེ་ཤེས་རོལ།  །ཞེས་པར། ཡེ་ཤེས་ལ་ཡེ་ཤེས་རོལ།  །ཞེས་དང་།  ཐབས་ལ་ཐབས་རྙེད་ཤེས་རབ་ཤེས་རབ་འཕེལ།  །ཞེས་པར།  ཤེས་རབ་ལ་ཤེས་རབ་འཕེལ།  །ཞེས་པའི་ལ་དོན་གྱི་ཕྲད་དབྱེ་བསྡུ་གང་དགོས་སོགས་གཅིག་ཤེས་ཀུན་གྲོལ་གྱི་དཔེས་མཚོན་ཏེ་ཤེས་པར་བྱའོ།།

༧ དཀོན་བཞིའི་ཕྱག་གི་སྐབས།   ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག།   ཅེས་པའི་ཚིག་དེར་འགའ་ཤས་སུ་ལམ་གྱི་མཆོག་ཅེས་པ་ཡང་འདུག   དེ་ནི་ལམ་པའི་མཆོག་ཅེས་དག་པ་ཡིན་ཏེ།    ལམ་པ་ཞེས་ལམ་སྣ་འཁྲིད་མཁན་གྱི་དོན་ཡིན་པ་གང་ཞིག   སངས་རྒྱས་དཀོན་མཆོག་ནི་ཐར་པའི་ལམ་ནས་སངས་རྒྱས་སར་ཇི་ལྟར་བགྲོད་པའི་ཚུལ་སྟོན་པ་པོ་དངོས་ཡིན་པའི་དོན་གྱིས་ཡིན་ལ།  ལམ་གྱི་མཆོག་ཅེས་པ་ལྟར་ན་ལམ་

བཟང་པོའམ་ལམ་གྱི་ཡང་རྩེ་ལྟ་བུར་གོ་བས་དེ་གཉིས་ཇི་ལྟར་ངོ་བོ་ལམ་ལས་མ་འདས་སྟབས་སངས་རྒྱས་དང་ལམ་གྱི་གཞི་མཐུན་དུ་འདོད་དགོས་པར་འགྱུར་བས་ཤིན་ཏུ་མི་འཐད་དོ།། 

༧ ཡར་མེ་བས་མཛད་པའི་ཡན་ལག་བདུན་པའི་ཕྱག་གི་སྐབས།  ཡུམ་ཆེན་བདེ་ལྡན་ས་ཏྲིག་ཨེར་སངས་དང་།  །ལྷ་མོ་ཡེ་གཤེན་སྒོ་མ་འཁོར་དང་བཅས།  །ཞེས་པར་དཔེ་འགར།  ལྷ་མོ་ཡེ་གཤེན་སྒོ་བ་སྒོ་མར་བཅས། །ཞེས་གསལ་ཡང་འདི་ནི།  གཞུང་དེར། རྫུ་འཕྲུལ་གསས་ཆེན་བསྐྱེད་པའི་ཡུམ་ཆེན་རྣམས།  །ལྷ་མོ་ཡེ་གཤེན་སྒོ་བ་སྒོ་མར་བཅས།  །ཞེས་པ་དང་འདྲ་འདྲེས་ཀྱིས་ནོར་བ་མ་གཏོགས་རྩ་བའི་རྣམ་དག་ཡུམ་གྱི་དཀྱིལ་འཁོར་ལ་སྒོ་སྲུང་སྒོ་མ་སྟེ་མོ་རིགས་ལས་སྒོ་བ་ཞེས་ཕོ་རིགས་ཀྱི་སྒོ་སྲུང་མེད་དེ་དཔེར་ན་བྱམས་མའི་དཀྱིལ་འཁོར་བཞིན་ནོ།།

༧ ནེའུ་ཆུང་རྣམ་ལྔའི་ཞལ་ཟས་སྐབས།  རྭ་ཡི་དབལ་སོས་དབྱིངས་སུ་ཤུལ་དྲོངས་ལ།  །ཞེས་པའི་ར་དེར་ཝ་ཟུར་ཡོད་མེད་རིགས་གཉིས་འདུག་ཅིང་ཡོད་པ་དེ་ལ་ཀློག་ཚེ་འགའ་རེས་དེ་ནི་རོ་ཞེས་ཀློག་ཅིང་དེ་ནི་ས་ཝ་ཟུར་ཅན་ལ་སོ་ཞེས་ཀློག་པས་མཚོན་ཞལ་ཟས་ཀྱི་ཁྱད་བོན་མྱོང་བྱའི་རོ་དང་སྦྱར་ན་འཐད་ཅེས་ཟེར།  ཡང་འགའ་རེས་དེ་ལྟར་མིན་པར་རྭ་ཡིག་དེའི་དོན་ཞལ་ཟས་གཏོར་མའི་རྩེ་ལ་རྭ་ཅོའི་ཐ་སྙད་བྱས་པ་སྟེ།  དེའི་ཚིག་རོགས་དབལ་སོ་ཞེས་དང་།  ད་དུང་ཤུལ་དྲོངས་ཞེས་པས་རྩེ་མོ་ལས་རོ་ཡི་བྱེད་ལས་དེ་བཞིན་མི་འཐད་པས་ཤེས་སོ་ཟེར།  ཁོ་བོས་ཀྱང་ལུགས་ཕྱི་མ་དེ་འཐད་པར་མཐོང་ནས་དེ་ལྟར་ཀློག་བཞིན་ཡོད།། 

༧ རྒན་པ་འགའ་ཡིས།  མཆོད་པའི་ཨ་ཡུ་སྤུན་གསུམ་གང་ཡིན་ཟེར་དྲི་བར་བྱེད་ཅིང་གསར་བུ་འགས་དེ་ལ་ཐད་ཀར་ལན་མི་ཐེབས་པའི་གནས་ཚུལ་ཡང་བྱུང་།  དེ་གསུམ་ནི་ཡིན་རྒྱུ་སྟོང་མཚན་གྱི། ཤར་ཕྱོགས་ལྷ་ཆེན་གར་གསས་གསལ་བ་འབར་དང་།  ལྷོ་ནུབ་སྲིད་པ་དངས་གདངས་འཇམ་པ། འོག་ཕྱོགས་སྲིད་པ་མང་ནམ་བ་དཀར་གསུམ་པོ་ཡིན་ཏེ།  ལྷ་མཚན་དེ་གསུམ་ལ་གི་གུ་སོགས་དབྱངས་དང་མགོ་འདོགས་ཅི་ཡང་མེད་པས་ཨ་ཡུ་སྟེ་རྭ་མེད་ཡུ་བོའི་མིང་བཏགས་པ་རེད་ཟེར།  འོན་ཀྱང་དཔེ་འགར་མོང་ནམ་བ་དཀར་ཞེས་མོང་ལ་ན་རོ་ཅན་བྱུང་བ་ནི་གོང་བཤད་ལྟར་ན་དེ་ནི་ཡིག་ནོར་དུ་འདོད་དགོས།  མ་གཞི་སྟོང་མཚན་གྱི་ཐ་སྙད་མང་པོ་ཞིག་ལ་དཔེ་རྙིང་འགར་འདྲ་མིན་གྱི་མཆན་བུ་ཤིན་ཏུ་མང་བས་འདོན་ཚེ་རྩ་བའི་ཡི་གེར་གང་ཡོད་ཀློག་རྒྱུ་ལས་མཆན་དེ་དག་ལས་གང་ཞིག་འདེམས་དགོས་ན་དཀའ་ཚེགས་ཧ་ཅང་ཆེ།  དཔེ་ཆ་འགའ་རེར་དེ་འདྲའི་མཆན་ཆུང་གཅིག་ཀྱང་མེད་པ་དོན་ལ་འཐད་མིན་གང་ལྟར་ཡང་འདོན་ཚེ་སྟབས་བདེའི་ཚུལ་དུ་སྣང་།  འོན་ཏེ་དེ་རྣམས་དག་དང་མ་དག་གི་དབྱེ་འབྱེད་བྱེད་རྒྱུ་ཕྲན་ལྟ་བུས་ཤེས་དཀའ་བར་སྣང་ངོ་།།

༧ དབལ་གཞུང་རུ་བཞིའི་སྐུ་བསྟོད་སྐབས།  གཏི་མུག་མ་རིག་མུན་པའི་གཡུང་དྲུང་འཇོམས། །ཞེས་པ་འདི་ལ་འགའ་རེས་དེའི་གཡུང་དྲུང་ཟེར་བ་མི་འཐད་དེ།  གཡུང་དྲུང་ནི་མི་འགྱུར་བ་དང་གཡུང་དྲུང་བོན་ཞེས་བོན་ལ་ཡང་སྦྱར་བ་ཡོད་པས་དེ་འཇོམས་ཞེས་མེད་པར་བྱས་ན་ཧ་ཅང་ཐལ་སོགས་ཟེར་ནས། གཏི་མུག་མ་རིག་མུན་པའི་བདུད་དཔུང་འཇོམས།  ཞེས་བཅོས་པའི་དཔེ་ཡང་མཐོང་རྒྱུ་ཡོད།  འོན་ཏེ་བཅོས་ཚུལ་དེ་རང་གི་དེ་ཉིད་ཕྱི་རུ་བཏོན་པ་ལས་དེ་ལྟར་མ་ཡིན་ཏེ།  གཞུང་དེར།  ང་རྒྱལ་དྲེགས་པའི་རི་བོ་རྩེ་ནས་བསྙིལ། །ཞེས་དང་།  འདོད་ཆགས་ཞེན་པའི་རྒྱ་མཚོ་གཏིང་ནས་སྐེམ།  །ཞེས་དང་། ཕྲག་དོག་ཞིག་དཀའི་བཙོན་ར་རྨེང་ནས་བཤིགས། ཞེས་ང་རྒྱལ་ལ་རི་བོ་དང་། འདོད་ཆགས་ལ་རྒྱ་མཚོ། ཕྲག་དོག་ལ་བཙོན་ར་ཞེས་ཉོན་མོངས་དེ་གསུམ་རིམ་བཞིན་རྡུལ་ལས་གྲུབ་པའི་རི་བོ་དང་། རླན་གཤེར་ཆུ་ཡི་མཚོ་འཁྱིལ་བ། བཙོན་པ་བཅུགས་སའི་ཁང་པ་ཡིན་པའི་དོན་མ་ཡིན་པར་དེ་དག་གཞིལ་དཀའ་བ་སོགས་ཀྱི་རྒྱུ་མཚན་གྱིས་དཔེ་དེ་དང་དེ་ལ་མཚུངས་པར་བསྟན་ཅིང་འདི་རིགས་སྙན་ངག་གི་གཞུང་ལུགས་ལྟར་ན་དཔེ་དང་དཔེ་ཅན་གཉིས་པོ་ངོ་བོ་དབྱེར་མེད་ལྟ་བུར་བརྗོད་པས་གཟུགས་རྒྱན་ཞེས་དོན་རྒྱན་སོ་ལྔའི་གསུམ་པ་ལས་བྱུང་བ་ཡིན།  དེས་ན་ཉོན་མོངས་གཏི་མུག་ནི་ཤིན་ཏུ་གཞོམ་དཀའ་བས་གཡུང་དྲུང་གི་གཟུགས་སུ་བཀོད་པ་ཡིན་ནོ།།

༧ གསུང་འདོད་ཆེ་བའི་གྲོང་ཆོག་པ་འགའ་རེས།  ཕུར་པའི་ཕྱག་རྒྱ་འཇིགས་ཚོགས་ཀྱི་གཞུང་ཚིག   རྩེ་མོ་མེད་པའི་ཕྲིན་ལས་ཀྱིས།  །ཞེས་པའི་རྩེ་མོ་མེད་པ་དེ་ཡིག་ནོར་འདྲ་ཨེ་ཡིན།  དེ་མིན་ཕུར་པའི་རྩེ་མོ་རྣོན་པོ་ཞིག་ཡོད་པ་འདྲ་ཞེས་དང་།  འགའ་རེས་དེ་དཔེ་ཆ་ཀུན་མཐུན་པར་འདུག་པས་ཡིག་ནོར་ཡིན་རྒྱུ་མ་རེད་མོད།  འོན་ཏེ་འདིའི་དོན་གང་ཡིན་བཤད་དཀའ་སོགས་ཟེར་བར་ཐོས།   དེའི་ཐད་དོན་བསྡུས་རྩ་བའི་འགྲེལ་ཆེན་ལས།  རྩེ་མོ་མེད་པའི་ཕྲིན་ལས་ཀྱིས།  །ཞེས་པས།  རྩེ་མོ་མེད་པ་ནི་འདེབས་པའི་དབལ།  སྐུ་གསུམ་བྱིན་རླབས་རོལ་པའི་འཕྲོ་འདུ་ཡིན།  དེ་ལ་དངོས་པོ་མཚན་མ་མེད་པའི་རྩེ་མོར་མ་གྲུབ་པ་ལ་བྱའོ།  ཕྲིན་ལས་ནི་སྒྲུབ་དང་བཅས་པའི་ཕྲིན་ལས་དང་དོན་བརྩལ་དུ་མེད་པའི་ཕྲིན་ལས་གཉིས་སོ།།  ཞེས་གསུངས་པ་ལྟར་ན་སྤྱིར་ཕུར་པ་དབལ་སོ་མེད་པ་མ་ཡིན་རུང་།  ངེས་དོན་གནས་ལུགས་སྟོང་པ་ཉིད་དང་སྦྱར་བ་ཡིན་པར་འདུག་གོ།

༧ གེ་ཁོད་ཁྱེའུ་ཆུང་བཞི་ཡི་ཕྱག་མཚན་སྐབས།  རྒྱུད་མེད་གཞུ་དང་ལྟོང་མེད་མདའ་ཞེས་གསལ་ཞིང་། དེའི་ངོས་འཛིན་ཐད་སྔ་མོའི་ཐང་ཀ་དང་ཙཀླི་རྣམས་སུ་འུར་ཐག་ལ་བྱས་པ་འདུག་ཅིང་རྒན་རབས་འགས་ཀྱང་འུར་ཐག་ལ་གཞུ་ལྟ་བུའི་རྒྱུད་མེད་ཅིང་།  འུར་རྡོ་ལ་མདའ་ལྟ་བུའི་ལྟོང་ཡང་མེད་པས་ངེས་ཟེར།  ཡོངས་འཛིན་རིན་པོ་ཆེའི་གེ་ཁོད་ལྷ་བཀོད་སྐབས།  རྒྱུད་མེད་གཞུ་དང་ལྟོང་མེད་མདའ་ཡི་ངོས་འཛིན་གསལ་བཤད་མ་གནང་རུང་མིང་གཞི་མེད་འགྲེང་བུ་ཅན་དེ་རང་བྲིས་མཛད་གནང་འདུག   འོན་ཏེ་ཕྱག་མཚན་ངོས་འཛིན་སྐབས་མད་ཅེས་བདེན་པ་དང་ཡོད་པ་ལ་གོ་ཞེས་གསུངས་འདུག་པ་ནི་སྤྱིར་ཐུགས་མད་ཅེས་པ་ལྟ་བུ་བརྡ་རྙིང་ལ་བདེན་པའི་དོན་ལ་གོ་ཚུལ་གསུངས་པ་ལས་རྒྱུད་མད་གཞུ་དང་ལྟོང་མད་མདའ་ཡི་དོན་བསྟན་པ་ཨེ་ཡིན་སྙམ་ཡང་ད་དུང་དཔྱད།།

༧ སྲིད་རྒྱལ་བསྐང་མདོས་མངོན་རྟོགས་སྐབས།  ལྷ་སྣམ་ལ་མ་བདུད་སྲིད་རྒྱལ།  ཞེས་པ་དེར་དཔེ་ཆ་འགར་ལྷ་རྣམས་ལ་མ་བདུད་སྲིད་རྒྱལ།  ཞེས་མང་ཚིག་རྣམས་རེ་བྲིས།  སྤྱིར་ན་དཀྱིལ་འཁོར་ཀྱི་བརྡ་ཆད་དག་ཏུ་ལྷ་སྣམ་དང་།  རིགས་སྣམ། འདོད་སྣམ་ཞེས་པ་ཡོད་ཅིང་དོན་དུ་སྐབས་ཀྱི་ཁྲིའམ་གདན། སྟེགས་བུ་བཅས་ལ་གོ་བས་དེ་འདྲའི་གདན་ཐོག་ཏུ་ཐུགས་སྤྲུལ་མ་བདུད་སྲིད་རྒྱལ་བཞུགས་པའམ་སྒོམ་པའི་དོན་ཡིན་པ་ལས།  ལྷ་རྣམས་ཏེ་སྲིད་རྒྱལ་ལྷ་འཁོར་ཚང་མའི་གྲངས་དང་མཉམ་པར་མ་བདུད་སྲིད་རྒྱལ་རེ་སྒོམ་པའི་དོན་དུ་གོ་ན་ནོར་ཚབས་རྔམ་པོ་ཆེའོ།།  འོན་ཀྱང་ཚིག་རྐྱང་ཤར་མར་ཀློག་པ་ལས་དོན་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པ་རྣམས་ལ་ཅི་ཆ།།

༧ མ་རྒྱུད་གསོལ་འདེབས་སྐབས།  ཨ་མ་ཡིན་ཡང་ཡེ་ཡི་ཨ་མ་ཡིན།  །ཞེས་པ་དང་དཔེ་ཆ་འགར།  ཨ་མ་ཡིན་ཡང་ཡང་ཡེ་ཨ་མ་ཡིན།  །ཞེས་པར་སྣང་ཞིང་།  དེའི་ཡང་ཡེ་ནི་གསར་རྙིང་བརྡ་ཡི་ཁྱད་པར་སྟོན་པ་ལི་ཤིའི་གུར་ཁང་དུ།  ཡོང་ཡེ་ནི་ངེས་པར་རམ་རྣམ་པ་ཀུན་ཏུའམ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པ་ལྟ་བུ།  ཞེས་གསལ་བ་ལྟར་ལུགས་དང་པོ་དེར་འགྲེལ་ན།  ཨ་མ་ཡིན་ཞེས་སྤྱིར་སེམས་ཅན་ཐམས་ཅད་རང་གི་རྒྱུན་སྔ་ཕྱིར་བསམ་ན་ཕ་དང་མ་རུ་མ་གྱུར་པ་མེད་ལ་དེ་ལྟར་ཡིན་པ་མངོན་སུམ་གྱི་ཡུལ་དུ་མ་གྲུབ་མོད།  ཡང་ཡེ་སྟེ་ངེས་པར་ལུང་དང་རིགས་པས་དཔྱད་ན་དེ་བཞིན་གྲུབ།  ཡང་ཡེ་ཡི་ཞེས་པའི་ཡི་སྒྲ་ནི་རྣམ་དབྱེ་གསུམ་པའི་ཕྲད་ཡིན།  གོ་བ་དེ་ལྟར་བླངས་ཚེ་ལུགས་ཕྱི་མ་དེར་ཡང་སྒྲ་སྔོན་མ་དེ་ལྷག་ཅིང་འབྲེལ་བའི་ཡི་སྒྲ་ཆད་པའི་བཟོ་རུ་སྣང་ལ།  སྔགས་རིམ་ལྷ་གཉེན་ཤེལ་སྒོང་གི་མཆོད་བརྗོད་སྐབས། གང་གི་གནས་ལུགས་ནམ་མཁའི་རང་བཞིན་དུས་གསུམ་མི་གཡོ་སྲིད་ཞི་ཡང་ཡེ་མི་མངའ་ཡང་། །ཞེས་པའི་ཡང་ཡེའི་ཡང་ལའང་ན་རོ་མི་སྣང་ཤིང་། ལི་ཤིའི་གུར་ཁང་དུ་ཡོང་ཡེའི་ཡོང་ལ་ན་རོ་ཅན་བྱས་འདུག་པས་དེ་བཞིན་འཐད་མིན་ཡང་འདིར་རེ་ཞིག་ཁ་ཚོན་མ་ཆོད་པས་དཔྱད་པར་འཚལ།།

༧ འདིར་ཕྱོགས་སུ་འདོན་སྲོལ་ཆེ་བའི་བསང་མཆོག་དགའ་འཁྱིལ་ཞེས་པར།  གུས་པས་མཇལ་བའི་དཔེ་ཞིག་ཏུ། དྲི་ཚོའི་སྨན་རག་ཟླ་བའི་མ་མ་ཁུ།  །ཞེས་པ་འདུག་ཅིང་དེའི་དོན་ཁོ་བོ་ཆུང་དུས་གང་ཡིན་མ་ངེས་ཤིང་ཕྱིས་སུ་དེ་ཡིག་ནོར་མིན་འགྲོ་སྙམ་པ་ཞིག་ངང་གིས་བྱུང་སྟེ།  རྒྱུ་མཚན་ནི་སྤྱིར་ན་བསང་གཞུང་དེ་ཆེད་དུ་སྙན་ངག་གི་ལམ་ནས་རྩོམ་པ་ཞིག་རེད་འདུག་ལ་དེ་ལྟར་ན་དོན་ངོ་མར། དྲི་ཚོགས་སྨན་རག་ཟླ་བའི་མ་མར་འཁུ། །ཞེས་པ་སྟེ།  དོན་ནི་དྲི་དང་རོ་སོགས་འདོད་ཡོན་ཕུན་སུམ་ཚོགས་པའི་སྨན་དང་རཀྟའི་མཆོད་པ་རྣམས་ནི་ཟླ་བའི་མ་མ་སྟེ།  མང་ཞིང་ཟད་པ་མེད་པ་དཔེར་ན་རྒྱ་མཚོ་དང་འདྲ་ཞེས་པའོ།།  འཁུ་ནི་དཔེ་རྒྱན་སྐབས་ཀྱི་མཚུངས་པ་གསལ་བྱེད་ཀྱི་སྒྲའོ།།  གཞན་དུ་དེ་འདྲའི་སྨན་རག་རྒྱ་མཚོ་དང་ཁུ་བ་ཡིན་ཞེས་པར་གོ་རྒྱུ་མ་གཏོགས་མི་འདུག་སྙམ་མོ།།

༧ ས་ཆ་འགར་ཀུན་རིག་ལས་བཞིའི་ཕྲིན་ལས་རྗེས་མའི་སྐབས་ཁྲོ་བོའི་མངོན་རྟོགས་བདག་བསྐྱེད་སྐྱབས་སྟོན་གྱིས་མཛད་པའི་རབ་ལོ་མར་སྤྲོས་པ་འདི་ཉིད་གསུང་སྲོལ་འདུག   འོན་ཀྱང་དེའི་མཆོད་རྫས་བྱིན་རླབས་སྐབས་སུ།  དཔེ་ཆ་ཞིག་ཏུ།  གཏོར་མ་ལ་བསྟིམ་པས།  རྣམ་ཤེས་རིག་པའི་ཡེ་ཤེས་  དེ་ཉིད་རི་རབ་རྒྱ་མཚོ་ཙམ་དུ་གྱུར་པའི་སྟེང་དུ།  ཞེས་གསལ་མོད་འོན་ཏེ་དེའི“རྣམ་ཤེས་རིག་པའི་ཡེ་ཤེས”ཞེས་པ་དང་ཐོག་མཆན་བུ་ཡིན་འདུག་མོད།  རྗེས་ནས་དཀྱུས་ཚིག་ཏུ་ཤོར་ཏེ་ད་སྐབས་ཕལ་མོ་ཆེས་ཇི་མི་སྙམ་པར་གསུང་བཞིན་འདུག་པ་ཁོ་བོས་ཐོག་མར་ཐོས་སྐབས་ཚོར་སྣང་ཡ་མཚན་པ་ཞིག་ཀྱང་བྱུང་།  འོ་ན་དེ་མཆན་བུ་ཡིན་པ་གང་གིས་ཤེས་ཞེ་ན།  དཔེ་ཆ་གཞན་དུ་དེ་འདྲའི་ཚིག་ཡེ་མེད་ཅིང་དེ་ལྟར་སྦྱར་བའི་རྒྱུ་མཚན་ནི། ཁྲོ་བོ་ཞུ་ལུགས་བྱེད་དུས་ཏིང་འཛིན་དེ་ཚོགས་རྫས་བྱིན་རླབས་སྐབས་གཏོང་དགོས་པས་དེའི་ཚེ། ཚོགས་མཆོད་ལ་བསྟིམ་པས། དེ་ཉིད་རི་རབ།  ཞེས་པའི་བར་དེར་ཚོགས་ཀྱི་སྤྱན་འདྲེན་ལྟར།  རྣམ་ཤེས་རིག་པའི་ཡེ་ཤེས་སྤྱོད་ཡུལ་དུ།  །ཞེས་པ་ནས།  བླ་མེད་མཆོད་པའི་སྤྲིན་དུ་གཤེགས་སུ་གསོལ། །ཞེས་པའི་བར་གྱི་ཚིག་རྐང་ལྔ་པོ་གསལ་འདེབས་ཚིག་ཏུ་བརྗོད་སྲོལ་ཡོད་པས་དེ་ཤེས་པའི་ཆེད་དུ་དེའི་ཚིག་འགོ་མཆན་དུ་བཏབ་པ་ཡིན་ནོ།།   ད་དུང་མངོན་རྟོགས་དེའི་བསྐྱེད་པ་རྐྱེན་གྱི་སྔགས་འགའ་ཞིག་ཀློག་སྟངས་དང་།  ཁུངས་ཀྱི་ལུང་འདྲེན་འགའ་ཞིག་དཀྱུས་ལྟར་ཀློག་པ་སོགས་དཔྱད་པར་བྱ་བ་འགའ་ཞིག་སྣང་རུང་ད་ལན་བཞག་གོ།

༧ འདུལ་བའི་རྒྱུད་ཕྱག་གི   རིག་གནས་ཀུན་མཁྱེན་གཡུང་དྲུང་ཚུལ་ཁྲིམས་ཏེ།  །བསྒྲུན་མེད་སྐྱེས་ཆེན་གསུམ་ལ་ཕྱག་འཚལ་ལོ།  །ཞེས་པའི་བསྒྲུན་མེད་དེར་དཔེ་ཆ་ཕལ་ཆེར་བསྐྲུན་མེད་ཅེས་འདུག་མོད།  བརྟགས་ན་བསྒྲུན་མེད་ཡིན་པར་སྙམ་སྟེ།  བསྒྲུན་ནི་འགྲན་པའི་དོན་དུ་གོ་བས་དེ་ལྟར་ན་གཞན་གྱིས་འགྲན་ཟླ་མེད་པའི་སྐྱེས་བུ་ཞེས་པར་གོ    བསྐྲུན་ནི་དཔེ་ཆ་པར་དུ་འདེབས་པའམ་ཁང་པ་སོགས་འཛུགས་བསྐྲུན་བྱེད་པའི་དོན་ཡིན་པས་འདིར་འབྲེལ་བ་དེ་ཙམ་མེད་པར་སྙམ་མོ།།

          ༧ གནས་འདྲེན་ཁག་དང་ཀུན་རིག་སོགས་ཀྱི་དཔེ་ཆ་ཕལ་མོ་ཆེར།  ཚེ་ལས་འདས་པའམ་ཚེ་ལ་འདས་པ།  ཞེས་ལས་སྒྲ་དང་ལ་སྒྲ་གཉིས་པོ་ངེས་མེད་ལྟ་བུར་བྲིས་འདུག་མོད།  འོན་ཏེ་དེ་གཉིས་དོན་མི་འདྲ་སྟེ་ཚེ་ལས་འདས་ཞེས་རྣམ་སྨིན་གྱི་འཕངས་འབྲས་གང་ཡོད་ཀྱི་དུས་ལས་ཡོལ་བའམ་དེ་ལས་འདས་ཞེས་སོང་བའམ་བརྒལ་བའི་དོན་ཅན་དང་།  ཚེ་ལ་འདས་ཞེས་ཚེ་དེ་ལས་ཡོལ་བའི་དོན་དུ་མི་གོ་བར་ཚེ་དེ་རང་ལ་སོང་ལྟ་བུར་གོ་བར་འདུག་པས་གཞི་རྩའི་དག་སྦྱོར་ནི་ཚེ་ལས་འདས་ཞེས་པ་དེ་ཡིན་པར་སྙམ་མོ།།

 

 
 
Re:འདྲིས་ཆེ་ཡང་ངོ་མ་ཤེས་པ་འགའ་ཞིག
[ 2013/12/13 20:29:37 | By: སྐུ་མགྲོན་JOf6IU(སྐུ་མགྲོན) ]
 
སྐུ་མགྲོན་JOf6IU(སྐུ་མགྲོན)ཡག་པོ་འདུག
 
 
Re:འདྲིས་ཆེ་ཡང་ངོ་མ་ཤེས་པ་འགའ་ཞིག
[ 2013/11/25 17:40:32 | By: སྐུ་མགྲོན་t85Brf(སྐུ་མགྲོན) ]
 
སྐུ་མགྲོན་t85Brf(སྐུ་མགྲོན)བཀུར་འོས་ཁྱུང་གསེར་ཞུན་ལགས། ཉིད་ཀྱི་དོགས་སློང་དཔྱད་གླེང་གི་གཞི་དེ་ཚོ་སྔ་རབས་ནས་ད་རབས་བར་བརྒྱུད་ནས་ཡོང་བ་ཞིག་ཡིན་སྟབས། ང་ཚོས་སྔ་ཕྱིར་སྒོ་མང་པོ་ཞིག་ལ་སླར་ཡང་གཟིགས་ཞིབ་གནང་ནས་མོལ་དགོས་པ་འདྲ།
འདིར་ད་ལན་གུས་པས་མ་ཤེས་རྨོངས་བློའི་དབང་གིས་དོགས་འདྲི་ཞིག་ལ། ཉིད་ཀྱི་དཔྱད་གླེང་ནས་“ཀུན་སྐྱོབས་མཐུ་ལྡན་མ༵ར། ” དང་། “བསྟོད་པ་ཞང་སྐད་མ༵་ལས།” ཞེས་དང་། དེ་བཞིན་རྣམ་རྒྱལ་རྒྱ་ནག་མ༵་སོགས་མཐོང་ཐོས་མང་བས་འདིའི་“མ”སྒྲ་དེའི་དགོས་པ་རྒྱུ་མཚན་དང་། སྦྱར་བའི་ཕན་ཡོན་དང་། མ་སྦྱོར་ཉེས་སྐྱོན་སོགས་ལ་འགྲེལ་བཤད་ཅིག་ཅིས་ཀྱང་ཡོད་པར་མཁྱེན་ཞུ།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
འདིའི་མ༵་སྒྲ་སྦྱར་བའི་སྲོལ་སྔ་མོ་ཞིག་ནས་ཡོད་པར་སྙམ་ཞིང་དོན་འདི་ཞེས་གསལ་བཤད་བྱས་པ་ད་སྔོན་མ་མཐོང་ཡང་། དེང་སྐབས་གོ་ཚུལ་གྱི་དབང་དུ་བྱས་ཏེ་འགྲེལ་ན། མངའ་གསོལ་ལི་ཤུ་མ་ཞེས་པ་ལྟ་བུ་ལི་ཤུས་མཛད་པའི་མངའ་གསོལ་ཞེས་དང་། བསྟོད་པ་ཀུན་སྐྱོབ་མཐུ་ལྡན་མ་ཞེས་པ་བསྟོད་པ་ཀུན་སྐྱོབ་མཐུ་ལྡན་ཞེས་པའི་ཚིག་འགོ་ཅན་ཞེས་པ་ལྟ་བུ་གོ་སྲོལ་འདུག་ཅིང་དེ་ལྟར་ན་མ༵་སྒྲ་འདི་རིགས་བདག་སྒྲ་དང་འདྲ་བའི་ཕྲད་ཅིག་ལ་ངོས་འཛིན་ན་ཆོག་གམ་སྙམ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.