ང་ཡི་རེ་ས། ༼གཞས་ཚིག༽
༧ གནས་ཆེན་པོ་སྤུ་རྒྱལ་གངས་བཟང་དེ། །
ངེད་ཁྱུང་པོའི་ཡུལ་གྱི་བླ་རི་ཡིན། །
སེང་དཀར་མོའི་དབུ་འཕང་དེ་ནས་མཐོ། །
ལག་ཐལ་མོ་སྦྱར་ནས་ཕྱག་གསུམ་འཚལ།།
༧ དགོན་ཆེན་མོ་དབང་ལྡན་སྨིན་གྲོལ་གླིང་། །
བོན་ཐེག་ཆེན་བསྟན་པ་དར་ས་རེད། །
རྗེ་བླ་མའི་བྱིན་རླབས་དེ་ནས་འབྱུང་། །
ངག་སྙན་པའི་བསྟོད་གླུ་ལན་གསུམ་འབུལ།།
༧ གནས་སྤུ་རྒྱལ་རིག་པའི་སློབ་གླིང་དེ། །
ངེད་ཆོལ་གསུམ་བོད་མིའི་རེ་ས་ཡིན། །
མཁས་གྲུབ་པའི་ཁྱུང་ཚང་དེ་ནས་རྡོལ། །
བློ་མོས་པའི་གསོལ་བ་ཡང་ཡང་འདེབས།།