གདིང་བའི་ཆ་ཚད་སྐོར་ཞིག་ཟུར་
དུ་གླེང་བ།
དེ་ལ་རྣམ་འདྲེན་བརྒྱད་པ་སངས་རྒྱས་ཁྲི་གཙུག་རྒྱལ་བ་ཉིད་ཀྱིས་རྗེས་འཇུག་རྣམས་བོན་སྒོ་ཕྱི་ནང་གསང་གསུམ་གང་གི་སྒོ་རུ་ཞུགས་སྐབས་རང་མཐུན་གྱི་རྒྱན་གོས་དུ་མ་ཞིག་རྗེས་སུ་གནང་བ་ལས་ཕྱི་སོ་སོ་ཐར་པའི་སྒོར་ཞུགས་པ་རྣམས་ལ་རྣམ་དག་ངུར་སྨྲིག་ཆས་ཀྱིས་མཛེས་པར་བྱེད་པའི་རྒྱན་གོས་བསྟན་པ་ལས། ན་བཟའ་གོས་དྲུག་གདིང་བ་དང་བདུན། །ཞེས་པའི་ཕྱི་མ་གདིང་བའི་ངོས་འཛིན་སྐོར་ལ། མེ་སྟོན་གྱི《འདུལ་བ་ཀུན་ལས་བཏུས་པའི་གཞུང》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མ་སྡེབ༼༢༦༧༽ལས། གདིང་བ་ཆེ་ལ་ཁྲུ་དོ་དང་། །ཆུང་ལ་ཁྲུ་དོ་ཞེང་ལ་ནི། །ཁྲུ་དོ་དང་ནི་སོར་དྲུག་གོ །ལྕགས་རི་རྒྱན་ལ་སོར་བཞི་འོ། །ཞེས་དང་། ཤར་རྫའི《སྡོམ་གསུམ་རྣམ་པར་འབྱེད་པའི་བཀའ་བརྟེན》ཆབ་མདོའི་དཔར་མ་སྡེབ༼༧༽ལས། གདིང་བ་ཆེ་ལ་ཁྲུ་དོ་ཆུང་ལ་གང་། །ཞིང༼ཞེང༽ཚད་ཁྲུ་དོ་དང་ནི་སོར་དྲུག་གོ །རྒྱན་དང་ལྕགས་རིའི་ཞིང༼ཞེང༽ཚད་སོར་བཞི་འོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཏེ་གདིང་བ་ལ་ཆེ་ཆུང་གཉིས་སུ་ཡོད་ཅིང་ཆེ་བའི་དཀྱུས་སམ་རིང་ཐུང་ཚད་ལ་བདག་པོ་རང་ཉིད་ཀྱི་ཁྲུ་དོ་དང་། ཆུང་བའི་དཀྱུས་ཚད་ལ་ཁྲུ་གང་། ཞེང་ཚད་ལ་ཆེ་ཆུང་གཉིས་ཀ་འདྲ་བར་ཁྲུ་དོ་དང་སོར་དྲུག མཐའ་རུ་ལྕགས་རི་སོར་བཞི་ཙམ་དང་དཀྱིལ་དུ་རྒྱན་ཆ་རྒྱ་གྲམ་གཡུང་དྲུང་བོན་སྐོར་གྱི་ཚུལ་བཅས་ཡོང་བ་བྱེད་པ་རྒྱལ་བ་སྨན་རི་བའི་རིང་ལུགས་ཕྱག་སྲོལ་ཡིན་པར་སྣང་། ཡང་དེ་དང་ཅུང་མི་འདྲ་བ་ཞིག་ནི་《རྗེ་ཡི་ཀུན་བཏུས་འགྲེལ་བ》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མ་སྡེབ༼༦༢༽ལས། པད་གདན་གདིང་བའི་གླིང་ཆེ་བའི་ཞེང་ཚད་ལ་ཁྲུ་དོ་དང་། གླིང་ཆུང་བའི་ཞེང་ཚད་ལ་ཁྲུ་གང་ངོ་། འབྲིང་བའི་ཞེང་ཚད་ནི་ཁྲུ་དོ་དང་ནི་སོར་དྲུག་གོ ལྕགས་རི་དང་རྒྱན་གྱི་ཞེང་ཚད་ལ་སོར་བཞིའོ།། ཞེས་པ་ལྟར་ན་གདིང་བ་གླིང་ཆེན་གྱི་ཞེང་ཚད་ལ་ཁྲུ་དོ་དང་། གླིང་ཆུང་གི་ཞེང་ཚད་ལ་ཁྲུ་གང་། ད་དུང་འབྲིང་བའི་ཞེང་ཚད་ལ་ཁྲུ་དོ་དང་སོར་དྲུག་དགོས་པར་གསལ། ཡང《འདུལ་བའི་རྩ་སྡོམ》ཀོ་དགོན་དཔར་མ་སྡེབ༼༨༦༽ལས། གདིང་བའི་ཆུ་ཞིང༼ཞེང༽ཁྲུ་དོ་ཁྲུ་གང་བར། །རབ་འབྲིང་ཚད་དང་དཀྱུས་སུ་ཁྲུ་དོ་དང་། །སོར་དྲུག་རྒྱན་དང་ལྕགས་རིར་སོར་བཞིའོ། །ཞེས་གསལ་བ་ལྟར་ན་གདིང་བ་རབ་ཀྱི་ཆུ་ཞེང་ལ་ཁྲུ་དོ་དང་། འབྲིང་ལ་ཁྲུ་གང་། གཉིས་ཀའི་དཀྱུས་ཚད་ལ་ཁྲུ་གང་དང་སོར་དྲུག་དགོས་པར་གསལ། འོན་ཀྱང་ཀུན་བཏུས་འགྲེལ་བའི“འབྲིང་བའི་ཞེང་ཚད”ཅེས་པའི་“འབྲིང་བའི”དེ“གདིང་བའི”ཞེས་པར་ཡིག་ནོར་ཨེ་ཡིན་སྙམ་སྟེ། གོང་དུ་གདིང་བའི་ཞེང་ཚད་གཉིས་བསྟན་པའི་མཇུག་ཏུ་དེ་གཉིས་ཀྱི་དཀྱུས་ཚད་བསྟན་པ་སྐབས་སུ་བབ་པ་ཀུན་བཏུས་རྩ་བ་ལྟར་དང་། དེ་ལྟར་མིན་ན་གདིང་བ་ཆེ་བ་ལས་ཀྱང་འབྲིང་བ་ཆེ་བར་ཐལ་བའི་ཕྱིར་རོ། དེ་བཞིན་འདུལ་བའི་རྩ་སྡོམ་ལས་བསྟན་པའི་གདིང་བར“རབ་འབྲིང”གཉིས་སུ་གསུང་པ་ཡང་ཀུན་བཏུས་འགྲེལ་གྱི་རྗེས་སུ་འཕྲོས་པ་ཨེ་ཡིན་སྙམ་སྟེ། དེ་མིན་ཀུན་བཏུས་རྩ་བ་སོགས་སུ་གདིང་བ་ཆེ་ཆུང་གཉིས་ལས་རབ་འབྲིང་གི་རྣམ་བཞག་མ་གསལ་ལ། རབ་འབྲིང་གཉིས་ཡོད་ན་ད་དུང་ཆུང་བ་ཞིག་ཀྱང་ཡོད་དགོས་པ་ལ་དེ་ཡང་མ་བསྟན་པས་སོ། ཡང་ཀུན་བཏུས་འགྲེལ་ལས་འཕྲོས་པ་ཡིན་མིན་ཇི་ལྟར་ཡང་ས་ཆ་འགར་གདིང་བ་ཆེ་ཆུང་གཉིས་ཀྱི་དབྱེ་བ་མི་བྱེད་པར་གདིང་བ་གཅིག་རང་ལ་གླིང་ཆེན་གླིང་ཆུང་ཞེས་དཀྱིལ་ནས་མཚམས་གཅོད་སྟངས་ཆེ་ཆུང་གཉིས་སུ་བྱེད་ཚུལ་ཡོད་སྐད་ཀྱང་ཐོས་པས་བརྟག་པར་བྱའོ།། མདོར་ན་གདིང་བའི་ཆ་ཚད་སྐབས་འདིར་ཆེ་ཆུང་ངམ་རབ་འབྲིང་། གླིང་ཆེན་དང་གླིང་ཆུང་། ཞེང་ཚད་དང་དཀྱུས་ཚད་བཅས་ཀྱི་ཐ་སྙད་འདྲ་མིན་ལས་འཕྲོས་པའི་ངོས་འཛིན་བྱེད་སྟངས་འགའ་ཞིག་ཡོད་འདུག་པ་ལས། འདིར་དེ་སྔོན་རང་གིས་མཇལ་བའི་དཔེ་ཆ་ཁག་དང་ཐོས་པའི་དོན་རྣམས་གོ་ཚོད་ཙམ་ཞིག་བྲིས་པ་ལས་མཐའ་ཆོད་པའི་སྡོམ་ཚིག་མ་ཡིན་པས་བློ་ལྡན་དག་གིས་དཔྱད་པར་འཚལ་ལོ།།