ངའི་ཕ་ཡུལ་དཔའ་བརྡ་ལུང་པ།
༧ གནམ་ཨ་སྔོན་འཁོར་ལོ་རྩིབས་བརྒྱད། །ས་དོག་མོ་པདྨ་འདབ་བརྒྱད། །བར་འོད་གསལ་ཉི་ཟླ་ཁ་སྤྲོད། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ སྟོད་གངས་དཀར་དབྱར་ལ་མི་ཞུ། །སྨད་ཆུ་བོ་དགུན་ལ་མི་འཁེངས། །བར་རྩི་ཤིང་དུས་བཞི་སྔོ་ལྗང་། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ ཕུ་རི་བོའི་ལྷ་བཤོས་མཛེས་ཤིང་། །མདའ་མཚོ་ཆེན་ཡོན་ཆབ་བཤམ་འདྲ། །སྤང་རྩི་ཐོག་མགོ་ལྕོག་ལྡེམ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ བྱ་བྱི་འུས་འགྱུར་སྐད་སྒྲོག་ས། །ཤྭ་ཕོ་ཆེན་དུང་རྭ་རྒྱས་ས། །གླ་མ་བུས་རྩེད་བྲོ་འཁྲབ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ དྲེད་གསའ་གཟིག་རྔམ་འཇིགས་ཆེ་ས། །གཡི་སྤྱང་འཕར་མཆེ་རྩེ་རྣོ་ས། །ཝ་དམར་ཡག་གྲ་ལོ་བཟང་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ སྟོད་འབྲོག་སྡེ་ཤ་མར་འབེལ་ས། །སྨད་རོང་པ་འབྲུ་དྲུག་སྨིན་ས། །བར་འབུ་རྫའི་ཐོན་ཁུང་ཡག་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ གཡག་དར་མའི་རྭ་རྩེད་རྩེ་ས། །རྟ་འདོ་བའི་རྨིག་སྒྲ་ངོམ་ས། །ཕྱུགས་བེའུ་ལུག་འཕེལ་ཁ་རྒྱས་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ རྒན་ཕ་ཁུའི་གྲོས་འགོ་བརྟན་ས། །གཞོན་ན་ཆུང་བློ་རིག་བཀྲ་ས། སྨན་བུ་མོ་ཁ་འབྲས་མཚར་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ དཔའ་བློ་ཁོག་རང་ཚུགས་བརྟན་ས། །གྲུང་རིག་པའི་རྣམ་དཔྱོད་མྱུར་ས། །རྒྱུ་འབྱོར་བ་ལྷ་དང་མཉམ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ བྱམས་སྙིང་རྗེའི་རྨང་གཞི་བརྟན་ས། །ལས་རྒྱུ་འབྲས་དྲང་བཞག་བྱེད་ས། །རྐུ་མནའ་སྡིག་ཐན་ལྟར་སྤང་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ ཕ་མེས་པོའི་ལུགས་སྲོལ་བརྩི་ས། །དེང་ཚན་རྩལ་ལས་རིགས་ཤེས་ས། །ཁྲེལ་ངོ་ཚའི་གོ་ཆ་ཡོད་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ བོད་མི་རིགས་ལ་རྒྱ་ཡོད་ས། །འདྲིས་སྣ་གཞུང་ཕྱི་ཐག་རིང་ས། །ལས་ངལ་རྩོལ་བློ་སྟོབས་ཆེ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ དགོན་རི་ཁྲོད་འདུ་འཛི་དབེན་ས། །བོན་བཤད་སྒྲུབ་བསྟན་པ་དར་ས། །ལུང་རིགས་པའི་འབེལ་གཏམ་སྒྲོགས་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ། ༧ །གོང་བླ་མའི་བྱིན་རླབས་ཆེ་ས། །བར་མཁས་མང་ཁྱུང་ཚང་རྡོལ་ས། །འོག་ལྷ་སྡེ་དད་མོས་བཟང་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ ཕྱོགས་རིས་མེད་ཐོས་པ་མང་ས། །དོན་དཀའ་གནད་བསམ་གཞིགས་ཟབ་ས། །མཆོག་བློ་འདས་ཏིང་འཛིན་སྒོམ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ གཞུང་འཆད་ཁྲིད་ཕ་ཕོགས་ལེན་ས། །ལུང་རིགས་པའི་རྩོད་གྲྭ་འགྲིམས་ས། །རྩོམ་ལེགས་བཤད་འཕྲུལ་འཁོར་སྐོར་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།། ༧ གཞི་ཐེག་ཆེན་ལྟ་བ་མཐོ་ས། །ལམ་སྒོམ་པའི་འོད་གསལ་འཆར་ས། །འབྲས་ཟུང་འཇུག་སྐུ་གཉིས་ཐོབ་ས། །ངའི་ཕ་ཡུལ་དཔའ་བརྡ་ལུང་པ།།