རང་གཅེས་འཛིན་གྱི་རྣམ་འཕྲུལ།།
༡ ཆོས་ལུགས་གཉིས་ཀྱི་ཕྱོགས་སུ་ལྷུང་བའི་གཏམ། །
བདེན་རྫུན་འབྱེད་པར་ཤིན་ཏུ་དཀའ་མོད་ཀྱང་། །
རང་རང་དད་པའི་ཆོས་དེ་ཁོ་ན་རུ། །
སྤྱོད་ལས་གཞན་སྐུར་སྨྲ་བ་ཉུང་ན་མཛེས། །
༢ གོ་འཕང་མཆོག་དེ་བདག་གིས་མ་ཐོབ་ཀྱང་། །
ལུགས་གཉིས་བར་ན་འགྲོ་འོང་བྱས་པ་ལས། །
མྱོང་ཚུལ་མཚར་མོ་བྱུང་སྟེ་གུས་པ་ཡིས། །
ཕན་ཚུན་གསུངས་སྒྲོས་ངོ་མ་ཡི་གེར་འགོད། །
༣ ང་རང་དང་པོར་བན་གྱི་ནང་དུ་སོང་། །
བན་དང་མཉམ་དུ་གླེང་མོལ་བྱེད་དུས་སུ། །
མགྲིན་གཅིག་གི་ནི་བན་གྱིས་འདི་སྐད་ཟེར། །
བན་ལས་ལྷག་པའི་ལྟ་གྲུབ་སྲིད་ན་མེད། །
༤ གཞན་དུ་ཡོད་ཚད་བན་ནས་བསྒྱུར་བ་ཡི། །
ལོ་རྒྱུས་རྒྱ་ཆེ་གཏིང་ཟབ་པ་ཞིག་བཤད། །
ཁྱོད་ཉིད་བོན་ཁྱིམ་ཞིག་ཏུ་སྐྱེས་ན་ཡང་། །
བན་ཆོས་སྤྱོད་རྒྱུ་བྱུང་བ་སྐལ་བཟང་ཟེར། །
༥ ཡང་གཅིག་ཚུར་འོང་བོན་གྱི་ནང་དུ་ཡོང་། །
བོན་དང་མཉམ་དུ་གླེང་མོལ་བྱེད་དུས་སུ། །
དབྱངས་གཅིག་གི་ནི་བོན་གྱིས་འདི་སྐད་ཟེར། །
ཚེ་གཅིག་གདམས་པ་བོན་ལུགས་ཁོ་ནར་ངེས། །
༦ གཞན་དུ་གནས་རིམ་འོག་ཙམ་ཡོད་གྱུར་པ། །
དེ་ཡང་བོན་ནས་རྒྱུད་ལུགས་རིང་མོ་ཞིག །
བཤད་དེ་ཁྱོད་ཉིད་སླར་ཡང་བོན་ཁྱིམ་དུ། །
བསྡད་པས་བསོད་ནམས་འཕྲོ་ཞིག་ཡོད་འདྲ་ཟེར། །
༧ གསུངས་ཚུལ་དེ་གཉིས་སུ་ལ་བདེན་ཁ་སྦྱིན། །
བདེན་གཏམ་སྦྱིན་རྒྱུ་མེད་ཀྱང་བསམ་གཞིགས་ཤིག།
བྱས་ཏེ་འོག་གི་ཚིགས་བཅད་ལྔ་པོ་ཡིས། །
གོ་བ་ཞིག་ཀྱང་འཕྲོད་ངེས་བསམ་སྟེ་འབྲི། །
༡ རང་ལུགས་མཆོག་ཏུ་འཛིན་པའི་སྐྱེ་བོ་ལ། །
རང་ལུགས་ཇི་ལྟར་མཆོག་ཅེས་དྲིས་པ་ན། །
རང་ལུགས་མཆོག་སྟེ་ཕ་མས་མཆོག་ཅེས་བརྩིས་། །
རང་ལུགས་མཆོག་སྟེ་ཡུལ་པས་མཆོག་ཅེས་བརྩིས། །
༢ གཞན་ལུགས་མིག་སྔར་ཡོད་ཀྱང་ཡོད་ཙམ་མཐོང་། །
གཞན་ལུགས་ཟེར་ནས་གནོད་པའི་ཡུལ་དུ་བལྟས། །
གཞན་ལུགས་ནང་དུ་བསྒྲུབ་བྱའི་སྙིང་པོ་ཞིག །
གཞན་ལུགས་སྨྲ་བས་བཤད་ན་ཐན་དུ་འཛིན། །
༣ རང་གི་ཕ་མས་བརྩིས་དང་ཡུལ་པས་བརྩིས། །
རང་གིས་དེ་བཞིན་བརྩིས་དང་གོམས་པ་ཡིས། །
རང་ལུགས་ཐུ་དང་གཞན་ལུགས་ཞན་པར་བཤད།།
རང་ལ་གོམས་སོགས་གཅེས་འཛིན་འགོང་པོས་བྱས། །
༤ གཞན་ལུགས་རང་ལུགས་ཁྱད་པར་བཤད་འདོད་ན། །
གཞན་ལུགས་རང་ལུགས་ཁྱད་པར་གཟུ་བློས་ལྟོས། །
གཞན་ལུགས་རང་ལུགས་ཁྱད་པར་མཐོང་གྱུར་ན། །
གཞན་ལུགས་རང་ལུགས་ཁྱད་པར་གཞི་ནས་ཤོད། །
༥ རང་གཞན་ལུགས་དེ་གཟུ་བོས་ཤེས་གྱུར་ན། །
རང་ལུགས་གཙོ་ཡང་གཞན་ལུགས་གུས་བཀུར་བྱེད། །
གཞན་ལ་མེད་པར་འཛིན་དང་ཡོད་གྱུར་ཀྱང་། །
གཞན་དེ་རང་གི་འཛིན་བློ་ལྡོག་པར་འགྱུར། །
༄༅། གོང་དུ་ཕ་མས་དང་ཡུལ་པས་སོགས། སྤྱིར་བཏང་གི་རང་ཕྱོགས་འཛིན་ཚུལ་གྱི་བཟོ་ཙམ་ཞིག་བྲིས་པ་ལས། མཐའ་གཅིག་ཏུ་དྲིས་ལན་དུ་བསམ་པར་མི་བྱ་ཞིང་། ཡང་གོང་དུ་རང་ལུགས་དང་གཞན་ལུགས་ཞེས་པ། ཚུར་རི་དང་ཕར་རི་བཞིན་དུ་གོ་བ་ལས། གཅིག་ཏུ་ངེས་གཟུང་བྱ་རྒྱུ་མིན་པའོ།
ཞེས་མཆོག་མིང་པས་ཆུ་སྦྲུལ་ལོའི་ཟླ་བ་བཞི་པའི་ཚེས་ཉེར་དགུ་ཉིན་བྲིས་པའོ། །