ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཟུར་རྒྱན། 
[ 2013/5/11 17:05:00 | By: ཁྱུང་གསེར་ཞུན། ]
 

༄༅།། བརྡ་སྤྲོད་སྲིད་པའི་སྒྲོན་མེ་ལས་འཕྲོས་པའི་དྲིས་ལན་

                གསར་བུའི་བློ་རྡེག།

༡༽དྲི་བ།  ཐོག་མར་གཞུང་འདིའི་མཚན་དོན་རགས་ཙམ་ཞིག་འགྲེལ་དང་།  ལན།  དེ་ནི་མ་རྟོགས་སེམས་ཅན་ཚིག་གིས་མ་ཁྲིད་ན།  །མུན་པའི་མཛུབ་གཡུག་དེས་ནི་བརྡ་མི་འཕྲོད།   །ཅེས་གསུངས་པ་ལྟར།     སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་ཏེ་ལུགས་ཆེན་པོ་གཉིས་ཀྱི་རྣམ་བཞག་གང་ལ་ཞུགས་ཀྱང་ཐོག་མར་བརྡ་ཞེས་སྐྱེས་བུའི་བྱེད་རྩོལ་ལས་བྱུང་བའི་མིང་ཚིག་ཡི་གེའི་སྦྱོར་སྟངས་འདི་ལ་བརྟེན་ནས་ངོ་སྤྲོད་དེ་ཤེས་དགོས་ལ་དེ་འདྲའི་བརྡ་སྦྱོར་གྱི་གཞུང་འགྲེལ་ཇི་སྙེད་ཅིག་བཞུགས་པ་ལས།        དེ་དག་ཀུན་གྱི་སྙིང་པོ་སྟེ་ཚིག་ཉུང་དོན་འདུས་ཕྱོགས་གཅིག་ཏུ་བསྡུས་པ། དཔེ་ཇི་ལྟར་ན་སྲིད་པའི་སྒྲོན་མེ་ཞེས་རྒྱ་མཚོའི་བཅུད་ལས་ཐོན་པའི་ཉི་མས་ཀྱང་གླིང་བཞིའི་མུན་པ་སེལ་ཞིང་བརྟན་གཡོ་ཀུན་སྣང་བར་བྱེད་ལ།  དོན་ནི་གཞུང་འདིས་བློ་རྨོངས་ནང་གི་མུན་པ་བསལ་ཅིང་ཤེས་བྱ་ཀུན་གྱི་ཡིན་ལུགས་གསལ་བར་སྟོན་པས་ན་བྱེད་ལས་བོན་མཚུངས་ཀྱི་སྒོ་ནས་བཞུགས་ཞེས་འདིར་བསྟན་པའོ།། 

༢༽ དྲི་བ། འབྱུང་བ་ཆེ་ཆུང་ལས་འཕྲུལ་ཡིག་བཞི་བཅུ་བྱུང་དོན་དང་དེ་ལྟར་ངེས་པའི་རྒྱུ་མཚན་གང་ཡིན།  ལན།  དེ་ནི་ལུང་ལས།  སྒྲ་ཡི་རྒྱུ་ནི་འབྱུང་བ་བཞི་ཡིན་ལ་རྐྱེན་ནི་སེམས་ཡིན་པས་འབྱུང་རྒྱུ་དབང་པོའི་རྐྱེན་འཛོམས་པའོ།  ཞེས་གསུངས་པ་ལྟར། སྤྱིར་སྒྲ་ཐམས་ཅད་འབྱུང་བའི་ཁམས་ལས་གྲུབ་ཅིང་དེ་ལས་དཔའ་བོ་འབྲུ་ལྔ་ནི་སོ་སོར་འབྱུང་བ་ལྔ་དང་འབྲེལ་སྟབས་དེ་དག་ལས་འཕྲོས་པའི་ཡི་གེ་རྣམས་ཀྱང་རྒྱུ་འབྱུང་བ་དང་རྐྱེན་ཀུན་སློང་གི་འཕྲོད་སྦྱོར་འདྲ་མིན་ལ་བརྟེན་སྒྲ་གདངས་དྲག་ཞན་སོགས་དེ་མཚུངས་སུ་དབྱེ་བ་ནི་ཐུན་མིན་ཞང་བོད་ཡི་གེའི་བྱུང་ཁུངས་རྣལ་མའོ།།  ༣༽ དྲི་བ།  སྤྱིར་དབྱངས་དང་གསལ་བྱེད་གཉིས་པོ་ཁྱད་པར་གང་གིས་འབྱེད་དགོས།  ལན།  དབྱངས་ནི་རང་གི་ཐུན་མིན་གནས་དང་བྱེད་པ་མི་གསལ་ལ་སྒྲ་ཡི་གདངས་སམ་ང་རོ་ཤས་ཆེ་བའི་སྒོ་ནས་དང་།  གསལ་བྱེད་ནི་གནས་དང་བྱེད་པ་གསལ་ལ་རང་གྲོགས་དབྱངས་དང་སྦྱར་ཚེ་བརྗོད་དོན་གསལ་བར་སྟོན་པ་ཞིག་སྟེ་དེ་གཉིས་རྟེན་དང་བརྟེན་པའི་ཚུལ་དུ་གནས་པའོ།།   ༤༽དྲི་བ།  འགའ་ཞིག་གིས་དབྱངས་བཞིར་བཤད་མོད་འདིར་བརྒྱད་ཙམ་གསུངས་པའི་དོན་གང་ཡིན་ནམ།  ལན།  ཡི་གེ་འབྲི་སྦྱོར་སྐབས་ལུས་སམ་རྩ་བའི་རང་བཞིན་ཅན་ལ་གསལ་བྱེད་དང་།  དེའི་རྒྱན་ལྟར་གྱུར་ཅིང་ཡན་ལག་གི་རང་བཞིན་ཅན་ལ་དབྱངས་ཞེས་འཇོག་ཚུལ་ཡོད་པ་ལྟར་འདིར་དབྱངས་བརྒྱད་དུ་འཐད་པའོ།།  ༥༽ དྲི་བ། བོད་བརྡ་ལ་སྲོག་མེད་ཡི་གེ་མེད་ན་འདིར་དབྱངས་གཅིག་པུར་སྲོག་གི་ཡི་གེར་ངོས་འཛིན་མཛད་དོན་གང་ཡིན།  ལན།  མིང་ཚིག་མཚམས་སྦྱོར་གྱི་སྐབས་དབྱངས་ཨི་སོགས་ཀྱིས་བྱ་བ་གསལ་བར་སྟོན་པའི་ཆ་ནས་སྲོག་ཅེས་དང་།  དེའི་རྟེན་གཞི་ཀ་སོགས་དཔེར་ན་སྐྱེས་བུའི་ལུས་ལྟར་ཤེས་པའི་ཆེད་དུ་དབྱངས་ལ་སྲོག་ཡིག་ཏུ་སྨོས་པ་ལས་དབྱངས་ཁོ་ན་སྲོག་ལྡན་ཡིན་པའི་དོན་མ་ཡིན་ནོ།།  ༦༽ དྲི་བ།  གཞན་སྡེས་དབྱངས་གསལ་སོ་བཞིར་འཇོག་ལ་འདིར་འཕྲུལ་ཡིག་བཞི་བཅུར་འཇོག་པ་གཉིས་ཀ་འཐད་དམ། ལན།  དང་པོ་ནི་བསྡུས་ཚུལ་གཙོར་བསྟན་གྱི་སྒོ་ནས་དང་ཕྱི་མ་ནི་རྒྱུད་གཞུང་དངོས་ཀྱི་དགོངས་དོན་གཤའ་མ་ཡིན་པས་དེ་ལྟར་འཆད་པ་ནི་ལེགས་པའི་རྣམ་བཞག་གོ།  ༧༽  དྲི་བ།  ཨ་ནི་ཀུན་གྱི་སྲོག་ཏུ་ཞུགས།  །དབྱངས་དང་གསལ་བྱེད་གཉིས་ཀའང་ཡིན།  །ཞེས་པའི་དོན་ཇི་ལྟར་འགྲེལ།  ལན།  མིང་ཚིག་སོགས་ཐ་སྙད་གང་བརྗོད་ཀྱང་ངམ་ངམ་ཤུགས་ཀྱིས་ཨ་སྒྲ་ཞིག་ཐོན་མི་ཐོན་པ་མེད་སྟབས་ཨ་ནི་ཀུན་གྱི་སྲོག་སྟེ་སྒྲ་ཀུན་ལ་ཞུགས་པས་དང་།  དེ་བཞིན་བརྗོད་པ་ཐ་དད་ལ་ལྟོས་ཏེ་རེས་འགའ་ལུས་དང་རེས་འགའ་དབྱངས་ཀྱི་ནུས་པ་ཐོན་པའི་ཆ་ནས་དེ་གཉིས་ཀ་ལ་བཞེད་པ་འདྲའོ།།  ༨ ༽ དྲི་བ།  དཔེ་ཆ་འགར་ད་ལ་ཡ་སྟ་ཅན་མཐོང་མོད་འདིར་མི་བསྟན་པ་གང་ཡིན་ནམ།  ལན། ད་ལ་ཡ་སྟ་འབྲི་བའི་སྲོལ་དེ་བྲིས་པ་དག་གིས་རྒྱ་དང་སྒྲ་འདྲ་མཚུངས་ཀྱི་སྒོ་ནས་སླ་འབྲི་བྱས་པ་ཡིན་འདུག་ཅིང་དེ་དང་འདྲ་བ་དཔེར་ན་ཐུགས་ལ་ཐྱ་དང་།  གཟུགས་ལ་ཟྱ།  གཉིས་ལ་༢་སོགས་བྲིས་པ་ལྟར་དང་།  འདིར་མ་བསྟན་པ་ནི་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་ལས།  ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ།  །མ་འཁྱིལ་ཡ་སྟ་ཐོབ་བྱེད་བདུན།  །ཞེས་སོགས་རྒྱུད་གཞུང་དག་གི་དགོངས་དོན་ལྟར་འཐད་པ་ཡིན་ནོ།།  ༩༽ དྲི་བ།  འདིར་ཉྭ་ནི་ལུས་ཀྱི་བྱེ་བྲག་ཡིན།  །ཞེས་དང་།  བརྡ་སྤྲོད་གཞན་དུ། ཆུ་ནང་ཉ་མོ་ཉ་རྐྱང་ལ།  །རྐང་པའི་ཉྭ་ལ་ཝ་ཟུར་ཡོད།  །ཅེས་གསལ་མོད། དཔེ་ཆ་འགར་ཆུ་ཡི་ཉྭ་ལ་ཝ་ཟུར་བཏགས་པ་མཐོང་བས་དེ་འགྲིག་གམ།  ལན།  གོང་གསལ་ལྟར་སྤྱིར་ན་རྐང་པའི་ཉྭ་ལ་ཝ་ཟུར་འདོགས་པ་ཡོངས་སུ་གྲགས་ཤིང་དེའི་དགོས་པ་ཡང་ཆུ་ཡི་ཉ་དང་མི་ནོར་བའི་ཆེད་ཡིན་པར་གསུངས་ཤིང་ས་ཆ་འགར་དེ་ལས་ལྡོག་པར་བྱེད་པའི་རྒྱུ་མཚན་གསལ་བར་མ་ཤེས་མོད།  གང་ལྟར་ལག་ལེན་དངོས་ཀྱི་ཁྲོད་དུ་རྐང་པའི་ཉྭ་ལ་ཝ་ཟུར་བྱས་ན་ཡོངས་གྲགས་ལྟར་གོ་སྟབས་བདེ་བས་དེ་བཞིན་འཐད་དོ།། ༡༠༽ དྲི་བ།  ཀ་སོགས་སུམ་ཅུ་པོ་འབྱུང་བའམ་རྟགས་ཀྱི་དབྱེ་ཚུལ་དང་དེ་དག་རྒྱུ་མཚན་གང་གིས་ངེས།  ལན།  དེ་ལ་ས་ཆུ་མེ་གསུམ་དང་། མེ་ཡི་མེ། མེ་ཙམ་དང་ལྔ་རུ་དབྱེ་བ་བརྡ་སྤྲོད་ཉེར་བདུན་སོགས་ཀྱི་བཞེད་པ་དང་།  ཕོ་མོ་མ་ནིང་ཤིན་ཏུ་མོ་མོ་གཤམ་དང་ལྔ་རུ་དབྱེ་བ་མཁའ་འགྲོ་རིན་ཆེན་ཕྲེང་རྒྱུད་སོགས་ཀྱི་དགོངས་པ་གཉིས་སུ་ཡོད་ཀྱང་དོན་གྱི་འབབ་ས་གཅིག་ཏུ་ངེས་ལ་དེ་ལྟར་དབྱེ་བའི་རྒྱུ་མཚན་ཡང་རང་རང་མིང་གཞིར་འཇུག་སྐབས་སྔོན་རྗེས་སོགས་ཀྱི་འཇུག་གཞིར་སྒྲ་གདངས་ལྕི་ཡང་ངམ་དྲག་ཞན་གྱི་སྒོ་ནས་ཕྱེས་པ་སྟེ།  དེ་ལྟར་གྱི་སྒྲ་དྲག་པ་སའམ་ཕོ།  སྒྲ་རན་པ་སྟེ་འབྲིང་བ་ལ་ཆུའམ་མ་ནིང་།  སྒྲ་ཞན་པ་ལ་མེའམ་མོ།  སྒྲ་ཅུང་ཟད་ཞན་པ་ལ་མེ་ཡི་མེའམ་ཤིན་ཏུ་མོ།  སྒྲ་ཤིན་ཏུ་ཞན་པ་ལ་མེ་ཙམ་མམ་མོ་གཤམ་གྱི་ཡི་གེར་བཞག་པ་ཡིན་ནོ།།   ༡༡༽ དྲི་བ།  སྔོན་འཇུག་ལྔ་པོ་ནང་གསེས་ཀྱི་འཇུག་ཚུལ་ཕོ་མོ་སོགས་དབྱེ་བའི་རྒྱུ་མཚན་གང་ཡིན།  ལན།  དེ་ཡང་གོང་ལྟར་རང་འཇུག་ཡུལ་མིང་གཞི་དང་སྦྱར་ཏེ་ཀློག་ཚེ་སྒྲ་གདངས་ཐོན་ཚུལ་གྱི་སྒོ་ནས་བཞི་རུ་ཕྱེས་པ་ཡིན་ནོ།།  ༡༢༽ དྲི་བ།  གཞུང་ལས་མི་འཇུག་ངེས་པ་བསྟན་པ་དེ་རྣམས་རྒྱུ་མཚན་གང་གིས་འཇོག  ལན།  གཙོ་བོ་སྒྲ་དེ་ལྟར་བོད་སྐད་ལ་མེད་པར་མ་ཟད་སྦྱར་ཡང་ཀློག་ཐབས་མི་འབྱུང་ལ་དོན་ཅི་ཡང་སྟོན་མི་ནུས་པས་དེ་ལྟར་གསུངས་ཤིང་།  དམིགས་བསལ་ཡིག་རྙིང་འགར་བཆད་གཐོར་ལྟ་བུར་འབྱུང་བ་སོགས་ནི་རྒྱུ་མཚན་གཞན་དབང་གིས་ཡིན་ནོ།།  ༡༣༽དྲི་བ།  འདིར་བསྟན་དངོས་པོ་བདག་གཞན་དང་དུས་གསུམ་གྱི་གོ་དོན་དམིགས་བསལ་བ་བཤད་རྒྱུ་ཡོད་དམ།  ལན།  ཡོད་དེ་གཞུང་ལས།  ལས་གང་བྱེད་པ་པོ་ལ་བདག  །ཅེས་བསྟན་པ་ལྟར། ལས་གང་ཞིག་ཡིན་རུང་བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་དབང་དུ་བྱས་ནས་བྱེད་མཁན་དང་། བྱེད་པའི་དངོས་པོ། དེ་ཡི་བྱེད་པ་བཅས་ལ་དངོས་པོ་བདག་དང་།  བྱ་བའི་ཡུལ་ལ་གཞན་ཞེས་བསྟན་པ་ལྟར།  བྱ་བ་གང་ཡང་བསྒྲུབ་བྱའམ་བསྒྲུབ་རྒྱའི་དངོས་པོ་དང་།  བྱ་བ་དེ་བསྒྲུབ་ཡུལ།  དེ་འབྲེལ་བྱ་ལས་བཅས་ལ་དངོས་པོ་གཞན། བྱེད་པོ་གཞན་དངོས་སུ་ཡོད་དམ་མེད་ཀྱང་བྱ་བ་གང་ཞིག་བྱས་ཟིན་པའམ་བྱས་ཚར་བ་ནི་དུས་འདས་པ། དེ་འདྲའི་བྱ་བ་གཞི་ནས་བསྒྲུབ་དགོས་རྒྱུའམ་བྱ་རྒྱུ་ནི་དུས་མ་འོངས་པ།  དེ་འདྲའི་བྱ་བ་བྱེད་བཞིན་པའམ་བྱེད་སྒང་ནི་དུས་ད་ལྟ་བ་ཞེས་ངོས་འཛིན་དགོས་སོ།།  ༡༤༽དྲི་བ། འདིར་སྔོན་འཇུག་ལྔ་པོ་བྱ་ཚིག་ཁོ་ན་ལས་མིང་རྐྱང་ལ་འཇུག་ཚུལ་ཞིབ་གསལ་མི་བསྟན་པའི་རྒྱུ་མཚན་གང་ཡིན།  ལན།  རྟགས་འཇུག་བསླབ་པའི་དགོས་པ་གཙོ་བོ་བྱ་ཚིག་གི་རྣམ་དབྱེ་ལ་མཁས་པའི་ཆེད་ཡིན་སྟབས།  དེ་མཚུངས་འདིར་སྐབས་བབ་བྱ་ཚིག་གི་རྣམ་བཞག་མཛད་ལ་འཕུལ་ལྔ་པོ་མིང་རྐྱང་ལ་འཇུག་ཚུལ་མིང་གཞིའི་སྐོར་ཟུར་དུ་བཤད་ཅིང་དེ་ལྟར་མིང་ཚིག་དང་བྱ་ཚིག་གཉིས་ཁྱད་པར་འབྱེད་བདེ་བའི་ཕྱིར་དུ་སོ་སོར་བསྟན་པའོ།།   ༡༥༽ དྲི་བ།  འོ་ན་བྱ་ཚིག་དང་མིང་ཚིག་གཉིས་ཀས་དོན་གྱི་ངོ་བོ་རེ་སྟོན་མོད།  དེ་གཉིས་ཀྱི་ཁྱད་པར་གང་གིས་འབྱེད་དགོས།  ལན། དེ་ནི་བརྡ་སྤྲོད་གཞུང་གི་དཀའ་གནད་ཅིག་ཡིན་ལ།  སྤྱིར་ན་མིང་ཚིག་དང་བྱ་ཚིག་ཚང་མས་རང་རང་གི་བརྗོད་བྱའི་དོན་གྱི་ངོ་བོ་རེ་སྟོན་པའི་ཆ་ནས་མིང་ཡིན་མོད།  འདིར་མིང་ཚིག་ཅེས་པ་ཐ་སྙད་ཀུན་ལ་མ་ཁྱབ་པའི་བརྗོད་བྱ་དེའི་འགྱུར་ལྡོག་གམ་དུས་གསུམ་གྱི་ཁྱད་པར་མི་སྟོན་པའི་མིང་རྐྱང་ཙམ་ཁོ་ན་སྟེ།  དཔེར་ན།  ཀ་བ།  གླང་ཆེན།  ལྕགས་རྟ།  ཆུ་ཞེས་པ་ལྟ་བུ་ཡིན་ལ།  བྱ་ཚིག་ནི་དེ་ཙམ་མ་ཡིན་པར་བརྗོད་བྱ་དེའི་འགྱུར་ལྡོག་གམ་དུས་གསུམ་སོགས་གསལ་བར་སྟོན་པའི་ཐ་སྙད་དེ།  དཔེར་ན།  འདོགས་པ།  གདགས་པ། འཁྱུད་པ། འཐབ་པ་ལྟ་བུ་ཡིན་ཅིང་དེ་དག་ལ་བདག་སྒྲ་སྦྱར་ཚེ་འདོགས་པ་པོ།  འཁྱུད་པ་པོ།  འཐབ་པ་པོ་ལྟ་བུ་གང་ཟག་ལ་གོ་བ་དང་།  གོང་གི་མིང་རྐྱང་དེ་རིགས་ལ་བདག་སྒྲ་སྦྱར་ན་ཀ་བ་པོ།  གླང་ཆེན་པོ།  ལྕགས་རྟ་པོ་ལྟ་བུ་འཁྱལ་གཏམ་ལས་མི་འབྱུང་བས་གཙོ་བོའི་ཁྱད་པར་དེ་དག་གིས་འབྱེད་དགོས།།  ༡༦༽ དྲི་བ།  འདིར་བསྟན་གྱི་བྱེད་པ་པོ་ཡིན་ན་གང་ཟག་ཡིན་ཨེ་དགོས།  ལན།  མི་དགོས་ཏེ།  གཞུང་ལས།  གང་ཟག་ཤེས་ཆ་བེམ་གསུམ་དབྱེ།  །ཞེས་གསུངས་པ་ལྟར་དཔེར་ན། རྟ་ཡིས་རྩྭ་ཟོས།  མིག་ཤེས་ཀྱིས་མཐོང་།  ཐོ་བས་བརྡུང་ལྟ་བུར་རྟ་དང་མིག་ཤེས་ཐོ་བ་བཅས་རིམ་བཞིན་བྱ་བ་བྱེད་པས་ན་བྱེད་པ་པོ་ལ་འཇོག་པར་སྣང་ངོ་།།  ༡༧༽ དྲི་བ།  བྱ་ཡུལ་དང་བྱ་བའི་ཡུལ་གཉིས་ལ་ཁྱད་ཅི་ཡོད།  ལན།  བྱ་ཡུལ་ནི་བྱ་བ་གང་ཞིག་སྒྲུབ་ཚེ་བྱ་བ་དེ་ཉིད་བསྒྲུབ་སའི་གནས་ལ་གོ་བ་དཔེར་ན་གནས་གསེབ་ཏུ་ཤིང་གཅོད་ཚེ་ནགས་གསེབ་ལྟ་བུ་ལ་འཇོག་པ་དང་།  བྱ་བའི་ཡུལ་ནི་བྱ་བ་བསྒྲུབ་རྒྱུ་གང་ཡིན་པ་དེ་ལ་གོ་བ་དཔེར་ན་ཤིང་གཅོད་ཚེ་གཅོད་རྒྱུའི་ཤིང་དེ་ཡིནན་སྟབས་དེ་གཉིས་རྟེན་དང་བརྟེན་པ་ཡིན་པས་ངོ་བའི་ཁྱད་པར་ཡོད་དོ།།  ༡༨༽  དྲི་བ།  བྱེད་པ་པོ་ཞིག་གིས་བྱ་བའི་ཡུལ་ལ་བྱ་བ་བྱེད་པའི་དཔེར་བརྗོད་ཅིག་བྲིས་ཏེ་དེར་བདག་གཞན་དུས་སོགས་ཆ་ཚང་ཞིག་ཕྱེས་དང་།  ལན།  དེ་ནི་དཔེར་ན།  སློབ་དཔོན་གྱི་དགོངས་པས་གཞུང་དོན་འགྲེལ་བར་བྱེད།  ཅེས་པ་ལ་མཚོན་ན།  འགྲེལ་བ་པོ་སློབ་དཔོན་དང་།  འགྲེལ་བྱེད་དགོངས་པ།   དེས་གཞུང་དོན་འགྲེལ་བར་བྱེད་པའི་བྱེད་ལས་ད་ལྟ་བ་གསུམ་ནི་དངོས་པོ་བདག་དང་།  དགྲོལ་བྱའི་ལས་གཞུང་དོན་དང་།  དེ་དགྲོལ་བར་བྱ་བའི་བྱ་ལས་མ་འོངས་པ་གཉིས་ནི་དངོས་པོ་གཞན།   དུས་གསུམ་ནི་གཙོ་བོ་བྱ་ཚིག་གི་ཐོག་ནས་འབྱེད་པ་སྟེ།  དགྲོལ་བར་འགྱུར་བ་ནི་མ་འོངས་པ།  འགྲེལ་བཞིན་པ་ནི་ད་ལྟ་བ།  བཀྲལ་ཟིན་པ་ནི་དུས་འདས་པ་སྟོན་པ་ཡིན།  སྐབས་དེའི་འགྲེལ་བར་བྱེད་ཅེས་པ་དེ་བྱེད་ལས་ད་ལྟ་བ་ཡིན་ནོ།།  ༡༩༽  དྲི་བ།  འདིར་བསྟན་གྱི་བྱ་ཚིག་གམ་ལས་ཚིག་ལ་རྩ་བའི་དབྱེ་བ་གང་ཞིག་ཡོད།  ལན།  དེ་ལ་གཉིས་ཏེ།  བྱ་རྒྱུ་རང་དང་ཐ་དད་པའི་བྱེད་པོ་གཞན་དངོས་དང་འབྲེལ་བ་སྟེ་གོ་བའི་ལས་ཚིག་ལ་བྱེད་འབྲེལ་ལས་ཚིག་ཅེས་པ་དཔེར་ན།  བསྟན།  བཤད།  བསད་ལྟ་བུ་སྟེ་དེ་དག་གྲུབ་ཆར་བྱས་པའི་ཚིག་ཀ་ཆ་ཚང་བཀོད་ཚེ་གཙོ་ཚིག་དང་ལས་ཚིག་བར་དུ་བྱེད་སྒྲའི་ཕྲད་འཇུག་པ་བླ་མས་བསྟན།  དཔོན་གྱིས་བཤད།  གྲི་ཡིས་བསད་ལྟ་བུར་འབྱུང་ལ།  བྱ་རྒྱུ་རང་དང་ཐ་དད་པའི་བྱེད་པོ་གཞན་དངོས་སུ་མ་འབྲེལ་བའི་ལས་ཚིག་ལ་བྱེད་མེད་ལས་ཚིག་ཅེས་པ་དཔེར་ན།  བཞུགས།  སོང་།  ལྷུང་ལྟ་བུ་སྟེ་དེ་དག་གྲུབ་ཆར་བྱས་པའི་ཚི་ཀ་ཆ་ཚང་བཀོད་ཚེ་གཙོ་ཚིག་དང་ལས་ཚིག་བར་བྱེད་སྒྲ་མི་འཇུག་སྟེ།  བླ་མ་བཞུགས།  རྟ་སོང་།  མི་ལྷུང་ལྟ་བུ་ལས།  བླ་མས་བཞུགས།  རྟ་ཡིས་སོང་ལྟ་བུ་སྦྱོར་སྲོལ་མེད་པས་དབྱེ་བ་གཉིས་སུ་ཕྱེས་པ་ཡིན་ནོ།།  ༢༠༽ དྲི་བ།  གང་འདྲ་ཞིག་ལ་བྱ་བྱེད་ཐ་དད་པ་ཟེར་ཞིང་དེའི་རྒྱུ་མཚན་གང་ཡིན།  ལན།  བྱ་བ་གང་ཞིག་བྱེད་ཀྱང་བྱེད་མཁན་དེ་དང་བྱ་རྒྱུ་གཉིས་ངོ་བོ་སོ་སོར་ཡོད་པའི་རིགས་ཏེ་དཔེར་ན། ཞིང་པས་ལོ་ཏོག་བྲེག་ལྟ་བུར་མཚོན་ན་བྱེད་པ་པོ་ཞིང་པ་དང་བྱ་རྒྱུ་ལོ་ཏོག་གཉིས་དངོས་པོ་སོ་སོར་ཕྱེ་རྒྱུ་ཡོད་སྟབས་བདག་གཞན་གྱི་དབྱེ་བ་ཡོད་ཅིང་།  བྱེད་མཁན་ལ་བྱེད་སྒྲ་ཡང་འཐོབ་པས་བྱ་བ་དེ་རིགས་ལ་བྱ་བྱེད་ཐ་དད་དུ་བཤད་པ་ཡིན་ནོ།།  ༢༡༽ དྲི་བ།  དེ་འདྲའི་ལས་ཚིག་ལ་ནང་གསེས་དབྱེ་བ་ག་ཚོད་ཡོད།  ལན། བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་གོ་ཡིས་བྱ་བ་བྱེད་པ་དཔེར་ན་མཁས་པས་བོན་བཤད་ལྟ་བུར་དབྱེ་བ་དགུ་ལྡན་གྱི་ལས་ཚིག་དང་།  བྱེད་པོ་སེམས་ལྡན་ཡིན་ཡང་སྨྲ་ཤེས་དོན་མི་གོ་བས་བྱ་བ་བྱེད་པ་ལུག་གིས་ཆུ་བཏུང་ལྟ་བུ་དབྱེ་བ་བདུན་ལྡན་གྱི་ལས་ཚིག་དང་།  བྱེད་པོ་སེམས་མེད་བེམ་པོས་བྱ་བ་བྱེད་པ་ཐོག་གིས་མི་བསད་ལྟ་བུ་དབྱེ་བ་བདུན་ལྡན་གྱི་ལས་ཚིག་བཅས་གསུམ་དུ་དབྱེ་བ་ཡིན་ལ་དེ་དག་བྱ་བྱེད་ཐ་དད་པ་དང་དབྱེ་བའི་དོན་སོ་སོའང་ཤུགས་ལས་ཤེས་དགོས་སོ།།  ༢༢༽ དྲི་བ།  འོ་ན་བྱ་བྱེད་ཐ་མི་དད་པའི་དོན་དང་དེའི་དཔེར་བརྗོད་ཅིག་བྲིས་དང་།   ལན།  སྤྱིར་བྱ་བ་སྟེ་དངོས་པོའིའགྱུར་ལྡོག་གང་ལ་ཡང་དེ་ལྟར་འགྲུབ་པའི་རྒྱུ་ཞིག་མེད་པ་མི་སྲིད་མོད།  བྱ་བ་དེ་འགྲུབ་པའི་སྐབས་བྱེད་པོ་དངོས་སུ་མི་གསལ་བར་བྱ་བ་ཉིད་ཙམ་སྟོན་པའི་རིགས་ཏེ།  དཔེར་ན་དོན་གྲུབ་གདན་ལ་བཞུགས་ལྟ་བུར་བཞུགས་མཁན་བཞུགས་རྒྱུ་གཉིས་ཀ་དོན་གྲུབ་ཡིན་སྟབས་ལས་དང་བྱེད་པོ་གཉིས་ངོ་བོ་སོ་སོར་མི་གསལ་བས་དེ་རིགས་ལ་བདག་གཞན་གྱི་དབྱེ་བ་ཡང་མེད་ཅིང་བཞུགས་མཁན་དོན་གྲུབ་ལ་བྱེད་སྒྲ་དེ་བས་ཀྱང་མི་འཐོབ་བོ།།  ༢༣༽  དྲི་བ།  དེ་ལ་ནང་གསེས་ཀྱི་དབྱེ་བ་ག་ཚོད་ཡོད།  ལན།  བྱེད་པོ་སེམས་ལྡན་སྨྲ་ཤེས་དོན་གོས་བྱ་བ་བྱེད་པ་སྐལ་བཟང་མདུན་དུ་བསྐྱོད་ལྟ་བུ་དབྱེ་བ་ལྔ་ལྡན་གྱི་ལས་ཚིག་དང་།  བྱེད་པོ་སེམས་ལྡན་ཡིན་ཡང་སྨྲ་ཤེས་དོན་མི་གོ་བས་བྱ་བ་བྱེད་པ་གཅན་གཟན་ཚང་དུ་ཉལ་ལྟ་བུ་དབྱེ་བ་སུམ་ལྡན་གྱི་ལས་ཚིག་དང་།  བྱ་བ་བྱེད་སྐབས་བྱེད་མཁན་མི་གསལ་བའི་སེམས་མེད་ལས་གཉིས་ངོ་བོ་གཅིག་པ་བྲིས་པའི་སྨྱུ་གུ་ཆག་ལྟ་བུ་དབྱེ་བ་སུམ་ལྡན་གྱི་ལས་ཚིག་བཅས་གསུམ་དུ་ངེས་ལ་དེ་དག་བྱ་བྱེད་ཐ་མི་དད་པའི་ཚུལ་གོང་དུ་བཤད་པ་བཞིན་ནོ།།   ༢༤༽  དྲི་བ།  འོ་ན་བྱ་བྱེད་ཐ་དད་ལ་འགྲོ་བའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་ལ་མི་འགྲོ་བས་ཁྱབ་བམ།  ལན།  མ་ཁྱབ་སྟེ།  དཔེར་ན་བསྐྱོད་ཅེས་པའི་ལས་ཚིག་དེ་དར་ལྕོག་རླུང་གིས་བསྐྱོད་ཅེས་པ་ལྟ་བུ་དང་ལྷ་དམག་གཡུལ་དུ་བསྐྱོད་ཅེས་པ་ལྟ་བུ་སྟེ་སྦྱར་གཞིའི་ཚིག་གྲོགས་དབང་གིས་དང་པོའི་སྐབས་བྱ་བྱེད་ཐ་དད་པ་དང་།  ཕྱི་མའི་སྐབས་བྱ་བྱེད་ཐ་མི་དད་པ་ལ་འགྲོ་བས་དེ་ལྟར་ཁྱབ་པའི་ངེས་པ་མེད་དོ།།  ༢༥༽ དྲི་བ།  བྱ་བྱེད་ལས་གསུམ་ཚང་བའི་དཔེར་བརྗོད་ཅིག་བྲིས་ནས་དེར་སོ་སོར་ངོས་འཛིན་གྱིས་དང་།  ལན།  རིགས་ལམ་པས་ནན་ཏན་གྱིས་རྩོད་པ་བརྒྱབ།  ཅེས་པ་ལྟ་བུར་མཚོན་ན་རིགས་ལམ་པ་ནི་བྱེད་པ་པོ་དང་ནན་ཏན་ནི་བྱེད་པ་སྟེ་དེ་གཉིས་བྱ་བྱེད་ལས་གསུམ་གྱི་བྱེད་ཅེས་པ་དང་།  བརྒྱབ་བྱའི་རྩོད་པ་ནི་བྱ་བྱེད་ལས་གསུམ་གྱི་ལས་ཟེར་ལ།  བརྒྱབ་ནི་དེ་གསུམ་ལས་བྱ་ཞེས་པར་ངོས་འཛིན་པ་ཡིན།   འདི་ལ་མཁས་པ་འགའ་ཡི་བཞེད་ཚུལ་མི་འདྲ་བ་ཡང་སྣང་ངོ་།།  ༢༦༽ དྲི་བ།  དུས་གསུམ་སྒོས་ཀྱི་ངོས་འཛིན་ལ།  །བྱེད་པོས་ཁྱབ་རུང་མ་ཁྱབ་རུང་།  །བྱ་བ་ཀུན་ལ་རིས་མེད་དོ།  །ཞེས་པའི་དོན་འགྲེལ་དང་།  ལན།  སྤྱིར་འདིའི་སྐབས་དུས་གསུམ་བཤད་པའི་དགོས་པ་གཙོ་བོ་ཡང་དངོས་པོ་བདག་གཞན་གྱིས་མ་ཁྱབ་པའི་ལས་ཚིག་རིགས་བསྡུ་བའི་ཆེད་ཡིན་པར་གསུངས་ཤིང་།  དེ་ཡང་བྱེད་པོ་དངོས་གསལ་གྱི་ལས་ཚིག་གམ་དེ་མི་གསལ་བའི་ལས་ཚིག་ཀུན་ལ་དུས་གསུམ་དབྱེ་བ་ཕྱེ་རྒྱུ་ཡོད་པས།  མདོར་ན་ལས་ཚིག་ཡོད་དོ་ཅོག་ལ་དུས་གསུམ་གྱི་རྣམ་བཞག་བཤད་དུ་ཡོད་པའོ།།  ༢༧༽ དྲི་བ།  བྱེད་འབྲེལ་ལས་ཚིག་གི་འདས་པ་རྣམས་བདག་གཞན་གང་གི་ཁོངས་སུ་འདུ་བ་ཡིན།  ལན།  དེ་ནི་ལས་སམ་བྱ་བ་གང་ཡིན་རུང་བསྒྲུབས་ཟིན་པའི་ཆ་ནི་བྱེད་པོ་སོགས་ཀྱི་སྟེང་དུ་མངོན་རྒྱུ་མེད་ཅིང་བྱ་བ་བྱེད་པའི་གཞི་ཡི་སྟེང་དུ་མངོན་པས་ན་འདས་སྒྲ་དེ་རིགས་གཞན་གྱི་ཁོངས་སུ་འཇོག་དགོས་པ་སྟེ།  དཔེར་ན་བླ་མས་སློབ་མ་ལ་བོན་བཤད་ལྟ་བུའི་བཤད་ཟིན་པའི་ཆ་ནི་སློབ་མའི་སྟེང་ལས་བླ་མའི་སྟེང་དུ་མངོན་རྒྱུ་མེད་པ་བཞིན་ནོ།།   ༢༨༽  དྲི་བ།  འདིར་སྐུལ་ཚིག་མ་འོངས་པ་ལ་འདུ།  །ཞེས་པའི་དོན་ཇི་ལྟར་འགྲེལ།  ལན།  སྤྱིར་བྱ་བ་གཞན་ལ་སྐུལ་བྱེད་ཀྱི་ཚིག་རང་ལ་བསམ་སྟེ་སྐུལ་ཚིག་ད་ལྟ་བར་འདོད་མཁན་ཡོད་མོད།  འདིར་དེ་ཙམ་ལ་གོ་ན་ཁྱབ་ཆུང་བར་དགོངས་ནས་སྐུལ་ཚིག་དངོས་སྒྲུབས་ཤིག་ལྟ་བུ་ཡིན་ལ་དེ་འདྲའི་བྱ་བ་དོན་གྱི་ཆ་ནས་གཞི་ནས་བསྒྲུབ་རྒྱུ་གཞན་ལ་བཅོལ་ལས་གོ་རྒྱུ་མེད་ལ།  དེ་མཚུངས་ཀྱི་བྱ་བ་ཐ་དག་འབྱུང་འགྱུར་འབའ་ཞིག་ཡིན་སྟབས་དུས་མ་འོངས་པ་ལ་བསྡུ་བ་ལས་འོས་མེད་ཅིང་སྐུལ་བྱེད་ཀྱི་ཚིག་རང་ལ་བསམ་ན་ད་ལྟ་བར་བཞག་ཀྱང་མི་ཆོག་པ་མེད་དོ། །  ༢༩༽  དྲི་བ།  ལས་ཚིག་ལ་དུས་གསུམ་གཟུགས་འགྱུར་དང་གཟུགས་མི་འགྱུར་བ་གཉིས་ཡོད་པའི་དོན་དང་དཔེར་བརྗོད་རེ་བྲིས་དང་།   ལན།  དེ་ནི་ལས་ཚིག་འགའ་ཞིག་དུས་གསུམ་སྐུལ་ཚིག་བཅས་པར་སྔོན་རྗེས་དབྱངས་སོགས་འགྱུར་བ་སྟེ་དཔེར་ན།  ཡི་གེ་བཀླགས།  ཀློག  བཀླག  ཀློགས་ལྟ་བུ་དང་།  འགའ་ཞིག་ད་ལྟ་མ་འོངས་གཉིས་གཟུགས་གཅིག་ལ་འདས་སྐུལ་གཉིས་གཟུགས་འགྱུར་བ་དཔེར་ན།  མགོ་རས་ཀྱིས་གཏུམ།  གཏུམ།  བཏུམས།  ཐུམས་ལྟ་བུ་དང་།  ཡང་མ་འོངས་འདས་པ་གཉིས་གཟུགས་གཅིག་ལ་ད་ལྟ་སྐུལ་ཚིག་འགྱུར་བ་དཔེར་ན།  ནོར་བ་བཅོས།  བཅོས།  འཆོས།  ཆོས་ལྟ་བུ།  ཡང་འདས་སྐུལ་གཉིས་གཟུགས་གཅིག་དང་ད་ལྟ་མ་འོངས་གཉིས་གཟུགས་འགྱུར་བ་དཔེར་ན།  རི་མོ་ཕྱིས།  ཕྱིས།  འཕྱིད།  དབྱི་ལྟ་བུ།  ཡང་འདས་སྐུལ་གཉིས་གཟུགས་གཅིག་དང་བ་ལྟ་མ་འོངས་གཉིས་གཟུགས་གཅིག་ཡིན་པ་འབྲུ་རིགས་ཉོས།  ཉོས།  ཉོ།  ཉོ་ལྟ་བུའི་རིགས་བཞི་ནི་དུས་གསུམ་གཟུགས་འགྱུར་དང་།  ལས་ཚིག་འགའ་ཞིག་དེ་ལྟར་གྱི་འགྱུར་བ་མེད་པར་དུས་གསུམ་ཀ་གཟུགས་གཅིག་ཏུ་ངེས་པ་སྟེ་དཔེར་ན།  མིག་བསྒྲད།  སྐུ་བསྟོད།  ནད་ཞི།  སྒྲ་ཐོས་ལྟ་བུ་ནི་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ནོ།།  ༣༡༽  དྲི་བ།  གཟུགས་འགྱུར་གྱི་ལས་ཚིག་དེ་རིགས་དབྱེ་བ་གང་དག་གི་ཁོངས་སུ་བསྡུ་དགོས།   ལན།  དེ་ནི་མཁས་པ་འགའ་ཡིས་འདི་ལྟར་བཞེད་དེ།  དུས་གསུམ་སྤྱི་ཙམ་པ་དང་།  བྱེ་བྲག་པ།  ཐོར་བུ་བ་བཅས་གསུམ་གྱི་ཁོངས་སུ་བསྡུ་བ་སྟེ།  འདི་ལྟར་གཟུགས་འགྱུར་གང་ཞིག་ལ་མ་འོངས་པར་འཕུལ་ག་ད་གང་རུང་ཡིན་པ་དང་།  ད་ལྟ་བ་ལ་འཕུལ་ག་འ་གང་རུང་ཡིན་པ།  པ་སྡེ་ལས་གཞན་འདས་པ་ལ་འཕུལ་བ་ཡིན་པ།  མིང་གཞི་མགོ་ཅན་གཏན་མེད།  དེ་དག་སྒྲ་གདངས་མི་འདྲ་བའི་རིགས་ནི་དུས་གསུམ་སྤྱི་ཙམ་པ་སྟེ་དཔེར་ན།  ཆུ་སོགས་འགོག  དགག  བགག  ཁོགས།  ཤིང་སོགས་གཅོད།  གཅད།  བཅད།  ཆོད།  བྱིན་སོགས་འབེབས།  དབབ།  ཕབ།  ཕོབ་ལྟ་བུའོ།།  ཡང་གཟུགས་འགྱུར་གང་ཞིག་འདས་མ་འོངས་གཉིས་ཀར་འཕུལ་བ་ཡིན་པ་དང་།  ད་ལྟ་བ་ལ་ག་འ་གང་རུང་ངམ་ཡང་ན་འཕུལ་མེད།  འདས་སྐུལ་གཉིས་ཀར་ཡང་འཇུག་ཡོད་པ།  མིང་གཞིར་མགོ་ཅན་མང་བ་ནི་དུས་གསུམ་བྱེ་བྲག་པ་སྟེ་དཔེར་ན། ལྷ་སོགས་སྒྲུབ།  བསྒྲུབ།  བསྒྲུབས།  སྒྲུབས།  ཡིད་སོགས་འཆང་།  བཅང་།  བཅངས།  ཆོངས།   འདྲ་སོགས་སྡུར།  བསྡུར།  བསྡུརད།  སྡུརད།   རྟ་སོགས་འཁོལ།  བཀོལ།  བཀོལད།  ཁོལད།  ཤ་སོགས་གཙབ།  བཙབ།  བཙབས།  གཙོབ་ལྟ་བུའོ།།  ཡང་གོང་གསལ་གྱི་ཁྱད་བོན་དེ་དག་མ་ངེས་པའི་སྤྱི་འགྲོ་ངེས་ཅན་ཞིག་མེད་པ་གཟུགས་སྣ་ཚོགས་བསྡོམས་པ་ནི་དུས་གསུམ་ཐོར་བུ་བ་སྟེ་དཔེར་ན།  གོས་སོགས་འཁྲུད།  བཀྲུ།  བཀྲུས།  ཁྲུས།  ལས་སོགས་བགྱིད།  བགྱི།  བགྱིས།  གྱིས།  ཤ་སོགས་ཟ།  བཟའ།  བཟས།  ཟོ།  འོག་སོགས་གནོན།  གནན།  མནནད། ནོནད།  ལས་སོགས་བྱེད།  བྱ།  བྱས།  བྱོས།  སྐྱོན་སོགས་སྤོང་།  སྤང་།  སྤངས།  སྤོངས།  ཁྲིམས་སོགས་འཆའ།  བཅའ།  བཅས།  ཆོས།  ཁས་སོགས་ལེན།  བླང་།  བླངས།  ལོངས་ལྟ་བུའོ།  གོང་གསལ་དཔེར་བརྗོད་དེ་དག་རིམ་བཞིན་ད་ལྟ་བ་དང་།  མ་འོངས་པ།  འདས་པ།  སྐུལ་ཚིག་ཡིན་ནོ།།   ༣༡༽  དྲི་བ།  རྗེས་འཇུག་བཅུ་བཅུ་པོ་རྟགས་ཀྱི་དབྱེ་ཚུལ་བཞེད་པ་མི་འདྲ་བ་ཡོད་པ་ལས་འདིར་དབྱེ་ཚུལ་རྒྱུ་མཚན་གང་ལ་བརྟེན་པ་ཡིན།  ལན།  དེ་བཅུ་པོ་རང་རང་འཇུག་སའི་མིང་གཞི་དང་སྦྱར་ནས་ཀློག་ཚེ་སྒྲ་གདངས་དྲག་འབྲིང་ཞན་གསུམ་འབྱུང་བར་བརྟེན། དེ་འདྲའི་སྒྲ་དྲག་པ་ལ་ཕོ་དང་།  འབྲིང་ལ་མ་ནིང་།  ཞན་པ་ལ་མོ་རུ་བཞེད་པ་ཡིན་ཞིང་དེ་རྣམས་ནང་གསེས་ཀྱི་དབྱེ་བ་ལའང་འབྱེད་ཚུལ་དེས་རིགས་འགྲེས་ཏེ་ཤེས་པར་བྱའོ།།   ༣༢༽  དྲི་བ།  འདིར་བསྟན་རྗེས་འཇུག་ཕོ་བཞི་དང་མོ་གསུམ་གྱི་ནང་གསེས་ཕོ་ལ་དྲག་པའི་དྲག་པ་སོགས་དགུ་དང་།  མོ་ལའང་ཞན་པའི་དྲག་པ་སོགས་དྲུག་ཏུ་དབྱེ་བའི་དཔེར་བརྗོད་རེ་བྲིས་དང་།། ལན།  དང་པོ་སྐྱེས་རབ་གས་བརྒྱན་གྱི་རབ་འབྲིང་ཐ་གསུམ་དཔེར་ན།  བཏགས།  བསྒྲིགས།  འགགས་ལྟ་བུ་དང་།  སྐྱེས་འབྲིང་བས་བརྒྱན་གསུམ་ནི།  བཏབས།  བསྒྲུབས།  འདབས་ལྟ་བུ།  སྐྱེས་ཐ་ག་ད་བ་སས་བརྒྱན་པ་གསུམ་ནི།  བཀག བཅད།  བཏབ།  བཀས་ལྟ་བུ་དང་།  བདག  བགད།  བསླབ།  བསད་ལྟ་བུ།  མདོག  མཉེད།  འདབ།  འགོས་ལྟ་བུ་བཅས་ནི་དྲག་པའི་རབ་འབྲིང་ཐ་གསུམ་ལ་ནང་གསེས་ཕྱེས་པ་དགུ་དང་།   དེ་བཞིན་ངས་མས་བརྒྱན་པའི་ཞན་པ་གསུམ་ནི་དཔེར་ན།  འབངས།  འགམས་ལྟ་བུ་ཞན་པའི་དྲག་པ་དང་།  བསངས། བསྡོམས་ལྟ་བུ་འབྲིང་།  བསྐངས།  བརྩམས་ལྟ་བུ་ཞན་པའི་ཞན་པ་དང་།  ང་མ་འ་གསུམ་གྱིས་བརྒྱན་པའི་གསུམ་ནི།  མནང་།  མཉམ།  མནའ་ལྟ་བུ་དང་།  བཤང་།  བསམ།  བདའ་ལྟ་བུ།  བཏང་།  བསྐུམ།  བཙའ་ལྟ་བུ་བཅས་ནི་ཞན་པའི་རབ་འབྲིང་ཐ་བཅས་དྲུག་གོ། 

ཞེས་པ་འདི་ཡང་རང་ནས་བརྡ་སྤྲོད་སྲིད་སྒྲོན་འཆད་ཁྲིད་བགྱི་བའི་ཁུར་བབ་སྐབས་རང་དང་རང་འདྲའི་གསར་བུ་དག་ལ་ཅུང་ཟད་ཕན་རེས་བསྐུལ་ཏེ་འབྲེལ་ཡོད་བརྡ་སྤྲོད་འགའ་ལས་ཟུར་དུ་ཞུ་བ་པོ་ནི་བསྟན་མིང་པ་དེའོ།།  

 

 
 
Re:བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཟུར་རྒྱན།
[ 2013/5/12 1:15:32 | By: danzengyixi ]
 
danzengyixi


བཀླགས་ཟིན། དགེན་ལགས་དུས་ལྟར་ཕེབས་པར་དགའ་བསུ་ཞུས་ཡོད།
ལྷ་གཡག་དར་མས།
 
 
Re:བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཟུར་རྒྱན།
[ 2013/5/12 0:30:26 | By: zhongsong ]
 
zhongsongལོ་མང་པོའི་གོང་ནས་གནས་འདིར་འོད་དུ་འཚེར་མྱོང་བའི་རྩོམ་ཡིག་དེ་རིང་ཧི་ཟིན་གྱི་ཁྲོད་ནས་སླར་མཇལ་འཛོམས་བྱུང་བར་དགའ་སྤྲོ་ཆེ།
 
 
Re:བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཟུར་རྒྱན།
[ 2013/5/11 23:33:12 | By: སྐུ་མགྲོན་osj7NA(སྐུ་མགྲོན) ]
 
སྐུ་མགྲོན་osj7NA(སྐུ་མགྲོན)རྒན་གསེར་ཞུན་ལགས་ཀྱིས་ཤེས་ཡོན་ལ་མོས་པ་ལྡན་པའི་བུ་སློབ་དག་ལ་དགོས་པའི་བླ་མེད་ཀྱི་མཛད་ཕྲིན་སྐྱོང་འདུག་པས་སྙིང་དབུས་ནས ཐུགས་རྗེ་ཆེ་ཞེས་དཔལ་གྱི་སྟེང་པོ་ཆེ་ཡི་གླིང་ དབུས་ནས་ཉིད་ཀྱི་གུས་སློབ་དམུ་ར་རྒོད་ནས ཕུལ་བ་འོ་
 
 
Re:བརྡ་སྤྲོད་སྲིད་པའི་སྒྲོན་མེའི་ཟུར་རྒྱན།
[ 2013/5/11 19:33:02 | By: vase ]
 
vaseསློབ་གཉེར་བ་རྣམས་ལ་བཀའ་དྲིན་དཔག་ཏུ་མེད་པ་གནང་བྱུང་། ཁྱུང་གསེར་ཞུན་ལགས་རིན་ཐང་ལྡན་པའི་རྩོམ་བཟང་ཞིག་སྤེལ་བ་ལ་དགའ་བསུ་ཡི་རང་བརྒྱ་ཆ་བརྒྱ་ཐམ་པ་ཞུ་ངེས་ཡིན།
ཁྱུང་ནག་བློ་གྲོས་ནས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.