༧ གསུམ་པ་ཕྱག་བཏབ་ནས་དར་རྒྱས་ཇི་ལྟར་བྱུང་ཚུལ་ནི། རྒན་རབས་རྣམས་ཀྱི་ངག་སྒྲོས་སུ་ཞུ་ལེགས་པོའི་རྒྱུད་པ་ཞུ་ཞང་སྟོན་ཉི་མ་གྲགས་པ་ཞེས་པའི་སྐྱེས་མཆོག་ཁྱད་པར་ཅན་དེ་ཉིད་རབ་དྲག་ཆུ་འབྲུག་ལོར་༼༡༦༥༢༽གོང་ས་ལྔ་པའི་བླ་མཆན་དུ་རྒྱ་ནག་ཏུ་ཕེབས་སྐབས། གོང་མ་ཚང་ནས་བོད་བླར་ཉམས་ཚོད་ཀྱི་ཆེད་ཁང་པའི་གོ་གདན་ཤེལ་དང་གྱང་ངོས་སུ་མཚོ་དང་ཉ་སྦལ་སོགས་ཀྱི་རི་མོ་བྲིས་པས་མཚོ་ཇི་བཞིན་སྣང་བར་བྱས་ཀྱང་ཉི་མས་དེ་ཉིད་མཁྱེན་ཏེ་ཕྱག་ཕྲེང་གོ་གདན་ཐོག་འཕངས་པས་གསང་བ་དེ་རྟོགས། ཏཱ་ལའི་བཞུགས་ཁྲིའི་འོག་ཏུ་བཀའ་བརྟེན་འགྱུར་སྦས་ནའང་ཉི་མས་སེན་འགུལ་ལན་གཅིག་གིས་འབྲུ་རྣམས་ནམ་མཁར་ཁྲ་ལམ་མེར་བཞུགས་པ་དེར་ཡོད་ཀུན་གྱིས་མཐོང་བས་ངོ་མཚར་སྐྱེས་པ་དང་། ཡར་གཤེགས་ཁར་གོང་མས་མི་ཐེག་གསེར་གྱི་ཕ་བོང་ཞིག་ཕུལ་བ་དམ་པས་རྫུ་འཕྲུལ་གྱིས་དུམ་བུར་མཛད་དེ་ཀླུ་ལ་བསྐུར་ནས་བོད་དུ་བསྐྱལ་བས་གོང་མ་ཚང་ཐུགས་ལྷག་པར་དགྱེས་ཏེ་སིལ་ཆོལ་ཆ་གཅིག་དང་། བླ་བྲེ་ནམ་མཁའི་མཐོངས་ཁྱབ། གསེར་སྐུ་སེང་གདོང་མ་གསུམ་རྗེ་ལ་ཆེ་བའི་རྟགས་སུ་གནང་ཞིང་སྟོད་གསས་མཁར་ཟོ་བོ་ཁྱུང་རྫོང་མན་ནས་སྨད་ཁྲ་རྒན་ཉི་ཕུག་གི་ཡན་ཆོད་དུ་ཞུ་ཡི་དགོན་པ་བརྒྱ་དང་བརྒྱད་ཅུ་རྒྱག་ཆོག་པའི་བཀའ་ཤོག་ཤེ་བམ་དང་ཞུ་ཡི་རྒྱུད་པ་གང་ཡིན་རྣམས་མི་ལ་ཏོག་དང་རྟ་ལ་དོམ་རྒྱག་ཆོག་པའི་ཆོག་མཆན་ཁར། ཏཱ་ལའི་ལྔ་པའི་རྩ་ཚིག་དང་དྲུག་པའི་རྒྱབ་གནོན་བཅས་ཡོད་པར་བཤད། དེར་བརྟེན་ཉི་མ་གྲགས་པས་དེང་སོག་རྫོང་གསེར་ཏྲམ་ཤང་ཁོངས་འབྲས་རག་དགོན་ཞེས་པ་ཕྱག་བཏབ་ནས་བཤད་སྒྲུབ་དར་རྒྱས་ཆེ་ཡང་དེང་སོང་ཤུལ་ཙམ་ལས་མེད་མོད། འདི་ནི་ཞུ་དགོན་གྱི་མེས་པོའམ་ཕྱིས་སུ་དགོན་ལག་ཏུ་གྱུར་ཅིང་རིག་གསར་བར་དུ་ཤེ་དང་བོགས་མ་སོགས་བསྡུ་རྒྱུ་ཡོད་ཟེར། ཉི་མའི་རྒྱུད་པ་འགའ་སོང་མཚམས་གོང་འཁོད་ལྟར་གཡུང་དྲུང་གྲགས་པ་འདི་གར་ཕེབས་ནས་སྲས་བསྟན་འཛིན་གྲགས་པ་འཁྲུངས་ཏེ་ཁོང་སྐུ་ནར་སོན་སྐབས་ལོ་ཤས་དགོན་གྱི་ཁང་པ་མ་གྲུབ་ཀྱང་སྤྲ་ནང་འདུས་པ་འཚོགས་ནས་གར་འཆམ་དུས་མཆོད་རྣམས་མཛད་བཞིན་བཞུགས། དེ་མཚམས་རྗེ་ཉིད་ཀྱིས་གཙུག་ལག་ཁང་བཞེངས་པར་དགོངས་ནས་ལོ་དུས་ཡིན་པར་མ་ཤེས་རུང་རབ་བྱུང་བཅུ་བཞི་པའི་སྟོད་དེ་ཕལ་ཆེར་༼༡༨༡༧༽ལོ་ཙམ་དུ་ཉིན་ཞིག་རྗེས་གསུང་དོན། སང་ཉིན་གཙུག་ལག་ཁང་བཞེང་པའི་གནས་བཙལ་དུ་འགྲོ་དགོས་ཞེས་གསུངས་ནས་ཕྱི་ཉིན་སྔ་མོར་ཉེ་གནས་དང་བཅས་ཕེབས་སྐབས་སྔོན་མར་འདུ་ཁང་གསར་རྙིང་གཉིས་ཡོད་པའི་འདུ་ཁང་རྙིང་པའི་ས་དེར་༼ད་ལྟའི་ཚོགས་ཁང་གི་གཡས་ཟུར་དུ་ཡོད།༽དམ་ཅན་ལྷ་དང་སྲུང་མས་ས་ཐིག་སེར་པོ་གྲུ་བཞི་བཀྲ་ལ་གསལ་བ་ཞིག་རྒྱབ་འདུག་པ་དེ་གཟིགས་པས་དགོན་གནས་ལྷ་སྲུང་གིས་བཙལ་བ་ཡིན་གསུངས་ནས་དེའི་ཉིན་མོར་བཀྲ་ཤིས་རྟེན་འབྲེལ་གང་ལེགས་མཛད་ནས་ལོ་དེ་རང་དུ་ཚོགས་ཁང་བཞེང་འགོ་བཙུགས་ནས་ཕྱི་ནང་གི་རྟེན་དང་བརྟེན་པ་བླ་བྲང་གྲྭ་ཤག་མེ་ཁང་སྒྲུབ་ཁང་བཅས་རིམ་པར་བསྐྲུན་ཞིང་ཞིབ་གསལ་འོག་ཏུ་འབྱུང་། དེ་ནས་ཞུ་ཀུན་སྐྱོང་གྲགས་པའི་དུས་སུ་འདུ་ཁང་ཀ་བ་ཞེ་བཞི་ཡོད་པ་ཞིག་བཞེངས་ཤིང་དེ་ཡང་ཕྱིའི་ཁང་པ་དམར་རུ་ཐེག་མཆོག་ཉི་མ་དང་། ནང་གི་ལོགས་བྲིས་ཀུན་སྐྱོང་གྲགས་པ། རྟེན་བཞེངས་སྐོར་ཁྲི་ཆེན་ཀུན་བཟང་། སྤེན་བད་དང་གསེར་འཕྲུ་འགྲུ་ཞིག་བསམ་གཏན་གྱིས་འགན་བླངས། མཚམས་རྒན་གཡུང་དྲུང་རྒྱལ་མཚན་གྱིས་བཞེངས་པའི་འཁོར་ཆེན་ཆེ་ཆུང་གཉིས་རྟེན་དང་བརྟེན་པ་བཅས་ཡོད། ད་ནི་དགོན་འདིའི་ཕྱི་ནང་གི་བཀོད་པ་འགའ་ཞུས་ན། གོང་ལྟར་བསྟན་འཛིན་གྲགས་པས་བཞེངས་པའི་འདུ་ཁང་རྙིང་པའི་ནང་གི་ལོགས་བྲིས་ལ་སྟོན་པའི་མཛད་པ་དྲུག་ཅུའི་སྐོར་གསེར་བྲིས་དང་། སྒོ་ཡི་གཡས་ངོས་སུ་མི་བདུད་གཙོས་པའི་སྲུང་མ་ཕོ་རྒྱུད་དང་། གཡོན་དུ་དྲེལ་ནག་གཙོས་པའི་སྲུང་མ་མོ་རྒྱུད། དྲེལ་ནག་དེ་ལྡོང་མདོ་ལྷ་རྒན་གྱིས་བྲིས་སྐབས་རང་བྱོན་དུ་བྱུང་བ་དང་ཡུལ་འདིར་ཕྱུགས་ནད་ཚབས་ཆེན་ཞིག་བྱུང་སྐབས་དེ་གཅོད་པའི་ཕྱིར་གཡོན་ཞལ་དམར་པོ་ནས་ཁྲག་ཐིགས་གསུམ་བྱུང་བ་མཇལ་རྒྱུ་ཡོད། སྒོ་ཁང་ནང་རྒྱལ་ཆེན་སྡེ་བཞི་དང་སྙན་རྩོམ་གྱི་སྒྲ་འཁོར། ཐོག་ཁར་གསེར་འཕྲུ་སྤུས་ལེགས་གཅིག་དང་རྔ་ཐུག་དམར་ནག་གཉིས། ནང་རྟེན་ཀུན་གྲགས་ཀྱི་སྐུ་གདུང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་གསེར་ཟངས་ལས་གྲུབ་པ་རྩེག་གཉིས་ཅན་དང་། གཡུང་དྲུང་རྒྱལ་མཚན་གྱིས་བཞེངས་པའི་རྣམ་པར་རྒྱལ་བ་དང་ཁྲི་གཙུག་རྒྱལ་བའི་སྐུ་བརྙན་སྨན་འདམ་ལས་བཟོས་པ་རྩེག་གཅིག་ཅན་བཅས་བཞུགས། འདུ་ཁང་གསར་པའི་གཡས་ངོས་སུ་ཆོ་ག་བཅུ་གཉིས་ཀྱི་གཙོ་ལྷ་རྣམས་དང་། གཡོན་ངོས་སུ་གསས་མཁར་མཆོག་ལྔའི་གཙོ་ལྷ་རྣམས། གསང་འདུས། གདུགས་དཀར། འགུ་རུ་དྲག་དམར། སྤྱི་འདུལ། སྒོ་ཡི་གཡས་ངོས་སུ་གཙོ་བོ་ཨ་བསེས་བྱས་པའི་བསྟན་སྲུང་ཕོ་རྒྱུད། གཡོན་ངོས་སུ་དྲེལ་ནག་གཙོས་པའི་མོ་རྒྱུད། སྒོ་ཁང་ནང་རྒྱལ་ཆེན་སྡེ་བཞི་དང་། རྣམ་རྒྱལ་གྱི་དཔལ་མགོན་བརྒྱ་རྩ། པད་འབྱུང་གིས་སྲིན་པོ་དམ་ལ་བཏགས་ཚུལ་རྒྱས་པ། སྤུ་རྒྱལ། ཙ་ཏྲི། གེ་རྒྱལ། སྤ་རྒྱལ། རི་སྔོན། གེ་སར་གཙོ་འཁོར། འོལ་གླིང་བཀོད་པ། སྲིད་པ་འཁོར་ལོ། མཐོངས་འཁོར་གཡས་སུ་པདྨ་མཐོང་གྲོལ་དང་། གཡོན་དུ་སྒྲོལ་མ། དཀྱིལ་དུ་ཚེ་ལྷ་བཅས་ཀྱི་སྟོང་སྐུ་བྲིས་མ། ནང་རྟེན་གཙོ་བོ་ཀུན་བཟང་ཁྲི་ཆེན་གྱིས་༼༡༩༥༢༽ལོ་ནས་བཞེངས་པའི་གསེར་ཟངས་ལས་གྲུབ་པའི་རྣམ་པར་རྒྱལ་བ་དང་། བྱམས་མ། ཁྲོ་བོ་གཙོ་མཆོག་འཁྲིལ་སྦྱོར། འགུ་རུ་མཚན་བརྒྱད་བཅས་རྒྱན་ཆས་དང་ཕྲ་ཚོམ་རིན་ཆེན་སྣ་ཚོགས་དང་ལྡན་པའི་རྩེག་གཅིག་ཅན་བཅས་བཞུགས། ཡང་བསྐལ་བཟང་ལྷ་ཁང་ཞེས་པའི་གཙུག་ལག་ཁང་དུ་སྟོན་པ་སྟོང་གི་སྐུ་ལྡེབས་རིས་དང་གསས་མཁར་མཆོག་ལྔའི་ལྷ་བཀོད། གནས་བརྟན་ལྷ་ཁང་དུ་འཕགས་པའི་གནས་བརྟན་བཅུ་དྲུག་གི་སྨན་སྐུ་ཁྲུ་གང་ཙམ་དང་དཀར་མོ་སྲིད་རྒྱལ་གྱི་ཞལ་འབག སྒྲུབ་ཁང་རྙིང་པའི་ནང་མཚམས་རྒན་གཡུང་དྲུང་རྒྱལ་མཚན་གྱི་སྐུ་གདུང་གསེར་ཟངས་ལས་གྲུབ་པ་དང་། བདུད་འདུལ་དྲག་ཆེན་རྔམ་པའི་སྨན་སྐུ་གཉིས་ཁྲུ་ཕྱེད་གཉིས་ཙམ་དང་། མི་བདུད་ཞལ་འབག་ཁྱད་འཕགས། ཁྲི་བའི་གཟིམ་ཤག་ཏུ་སྤ་འབྲུག་རིན་པོ་ཆེ་དང་ཧཱུྃ་ཆེན་ཟུང་གི་སྐུ་བརྙན་ཁྲུ་གང་ཙམ་གཉིས། བླ་བྲང་ལྷ་ཁང་ཀ་བ་བཞི་ལྡན་ནང་གྲུབ་ཆེན་བརྒྱད་ཅུ་དང་། ཆོ་ག་བཅུ་གཉིས། གསས་མཁར་མཆོག་ལྔ། བོན་སྐྱོང་ཕོ་རྒྱུད་མོ་རྒྱུད། སྒོ་འཕྱོར་ནང་ཡུལ་གྱི་ཡུལ་ལྷ་ཁག་དང་སྲིད་པ་འཁོར་ལོ་བཅས་ཀྱི་ལྡེབས་རིས། ནང་རྟེན་བསྟན་འཛིན་གྲགས་པའི་སྐུ་གདུང་གསེར་ཟངས་ལས་གྲུབ་པ་རྩེག་གཅིག་ཅན་དང་། ནམ་མཁའ་ཁྲི་སྐྱོང་གི་སྐུ་གདུང་གསེར་ཟངས་ལས་གྲུབ་པ་རྩེག་གཉིས་ཅན། བོན་སྐྱོང་སྒྲུབ་ཁང་ནང་དྲེལ་ནག ལྷ་ཆེན། མི་བདུད། ཨ་བསེ་བཅས་ཀྱི་སྨན་སྐུ་ཁྲུ་ཕྱེད་གསུམ་ཙམ་ཡོད། གཞན་ཡང་གསུང་རྟེན་རྒྱལ་བའི་བཀའ་འགྱུར་ཆེན་མོ་གསེར་མཚལ་སྣག་གསུམ་གྱིས་སྤུས་བྲིས་དང་ཕྱི་ནང་ཡི་དམ་སྲུང་མའི་སྒྲུབ་སྐོར་ཅི་རིགས་དང་། འབྲས་རག་དགོན་པས་ཕུལ་བའི་རྒྱལ་བའི་མཛད་མདོ་འབྲིང་པོ་གཟེར་མིག་དང་ཁམས་ཆེན་གཉིས་གསེར་ཁོ་ནས་བྲིས་པ་འགངས་ཆེན་ཡོད། གྲྭ་ཤག་ཁང་ཚན་བཅུ་གཉིས་དང་དགོན་གཞུང་ཁང་ཚན་བཅུ་དྲུག་ཙམ། བླ་བྲང་བཅས་བསྡོམས་ན་ཁང་ཚན་བཞི་བཅུ་ལྷག་ཡོད། མཆོད་ཆས་སྐོར་ལ་དངུལ་གྱི་རྒྱ་གླིང་གསེར་ཚགས་ཅན་ཆ་གཉིས། ཏང་རག་ཟངས་གསུམ་གྱི་གླིང་བུ་ཆ་རེ་རེ། འཇང་ལས་གྲུབ་པའི་དུང་ཆེན་སེར་རྒོག་མ་དང་ཟངས་ཀྱི་དུང་ཆེན་དམར་བཤེག་མ་དང་གཉིས། དུང་ཆ་གཅིག སྦུལ་ཆོལ་གསེར་སྒོང་མ་དང་སེར་རྒོག་མས་གཙོས་པའི་ཆ་བཅུ་གཉིས། སིལ་ཆོལ་ཆ་གཅིག ཚོགས་རྔ་ཆེ་བ་གཉིས། རྔ་ཁྲ་ཡུ་བ་ཅན་ལྔ། ཡུ་མེད་གཉིས། འཁར་རྔ་ཆེ་བ་གསུམ། ཆུང་བ་གཅིག ཀོ་ཡོ་ཟངས་ཅན་ཆ་གཅིག དངུལ་བུམ་ཁྲུ་གང་ཙམ་ཆ་གཅིག དངུལ་ཀོང་ཡུ་རིང་གསེར་ཚགས་ཅན་བདུན་དང་ཡུ་ཐུང་བདུན། རག་ཀོང་ཡུ་རིང་བརྒྱ་མཆོད་གཅིག ཞི་ཁྲོའི་གཞི་ཁྲི་རྒྱས་པ་དང་དེ་མཚུངས་ཀྱི་ཙག་གདུགས། ལི་ཏིང་རྟ་བདུན་མ་ཞེས་རེ་རེར་རྟ་རེ་རི་བ་བདུན་ཚར་གཅིག འཆམ་གོས་ཆ་སུམ་ཅུ་ལྷག་དང་དེ་མཚུངས་ཀྱི་འབག་དང་། ཕྱག་ཆ། ཞྭ་དང་བཅས་པ། ཀློང་རྒྱས་དང་ཁྲོ་བོའི་རྒྱན་རྫས་དང་ཀློང་རྒྱས་ཀྱི་དབང་པོ་སྒོ་བསལ་གྱི་རྫས་རྣམས་སྤུས་ལེགས་རིན་ཐང་ཅན་ཡོད། རྟེན་གསུམ་སྐོར་ལ། ཞུ་སྟོན་གཡུང་དྲུང་གྲགས་པས་དང་ར་ཁྱུང་རྫོང་ནས་གཏེར་བཞེས་པའི་ཤེལ་སྐུ་གསེར་འོད་མདངས་ལྡན། སྤྲུལ་སྐུ་མི་ཤིགས་རྡོ་རྗེས་གསང་བྲག་རིན་ཆེན་འབར་བ་ནས་བཞེས་པའི་འཛམ་པ་ལྷ་བྱེའུའི་དྲོད་མ། ཀུན་གྲོལ་ཧཱུྃ་ཆེན་གྱིས་དབུས་ཕུག་གསང་བ་ཡང་རྫོང་ནས་རྙེད་པའི་གཤེན་ལྷ་ཕྱག་བཞི་པ། སྤ་སྟོན་ཡེ་ཤེས་གཡུང་དྲུང་གི་གཏེར་མ་འགུ་རུ་དྲག་དམར། ཁྱུང་པོ་ནང་ཆེན་གྲགས་པའི་གདུང་རྟེན་དངུལ་སྐུ་བཅུ་གསུམ་ལས་ཁྱད་འཕགས་རང་བྱུང་དུ་འཁྲུངས་པའི་དངུལ་སྐུ་དཀར་ཡུ་མ། བསྟན་འཛིན་གྲགས་པས་ཟླ་ཕུའི་མཚོ་དམར་ནག་རགྟའི་སྒང་ནས་རྙེད་པའི་འདོད་པ་དགུ་འགྱུར་གྱི་སྐུ་དང་ཆེས་ངོ་མཚར་བ་ཤིང་སྟག་མའི་ཡན་ལག་གསུམ་གྱི་ཁ་ནས་རྙེད་པའི་གནོད་སྦྱིན་བང་མཛོད་དེ། གཏེར་ཟངས་ཡ་མཚན་ཅན། ཨ་ངུའི་ན་འཁོར་བར་མ་ནས་རྙེད་པའི་ཐོད་པ་མཚན་ལྡན། ཞུ་ཉི་མ་གྲགས་པས་གནང་བའི་སིལ་སྙན་བྱ་ཁུར་མ་དང་། གནམ་ལྕགས་ཀྱི་གྲི་དང་རྡོ་རྗེ་རྩེ་དགུ་པ་བཅས་ཡོད། དགོན་འདིའི་དགོན་ལག་འབྲས་རག་ཞུ་ཚང་དགོན་༼དེང་སྐབས་སྡེ་རྣམས་དགེ་ལུགས་པར་འགྱུར་ཞིང་དགོན་པ་ཞིག་ཤུལ་ཙམ་ཡང་རྙེད་དཀའ་བར་གྱུར་འདུག་༽དང་། རི་སྔོན་དགོན། ༼གཡུང་དྲུང་གླིང་གི་དཔོན་སློབ་ཤེས་རབ་གྲགས་པས་ཕྱག་བཏབ་ཅིང་ཞིབ་ཕྲའི་ལོ་རྒྱུས་དགེ་བཤེས་ཤེས་རབ་སྦྱིན་པ་མཆོག་གིས་བརྩམས་གནང་བ་ཞིག་《སྤུ་རྒྱལ་གངས་དཀར་》འདོན་ཐེངས་དང་པོར་གསལ།༽ རག་ཆེན་བླ་བྲང་༼དེང་སྦྲ་ཆེན་རྫོང་དམར་རུ་ཤང་ཁོངས་སུ་ཡོད་༽བཅས་དང་། ཕྱོགས་བཞིའི་རི་ཁྲོད་བཞི་སྟེ། གཡས་ཕྱོགས་བྲག་དམར་ནང་ཞེས་སྤུ་རྒྱལ་བར་སྒོ་སྟེ་རིག་འཛིན་གོང་མའི་སྒྲུབ་ཕུག་དང་བཀའ་རྟགས་ཞབས་རྗེས། དུས་བཟང་རྣམས་སུ་མ་ཏྲིའི་རང་སྒྲ་སྒྲོགས་ཤིང་མ་ཏྲི་རིལ་བུ་ཞེས་པ་ཟད་མེད་ལེན་རྒྱུ་ཡོད་པའི་ཕུག་པ་ངོ་མཚར་ཅན་དང་ད་སྐབས་རྒྱུན་བཞུགས་ཀྱི་མཚམས་པ་ཡང་མང་དུ་མཆིས། གཡོན་ཕྱོགས་ཟླ་ཕུའི་རི་ཁྲོད་གོང་མ་ནི་སྔོན་བྱོན་གྲུབ་བརྙེས་དུ་མའི་སྒྲུབ་གནས་དང་ཕྱིས་སུ་ཧོར་ནག་རྟོགས་ལྡན་ནམ་ཤེས་རབ་རྒྱལ་མཚན་བཞུགས་པའི་སྒྲུབ་ཕུག་དལ་མཚོའི་གཡས་ངོས་གངས་སྤང་མཚམས་སུ་ཡོད་ཅིང་ཁོང་གིས་བཞག་པའི་ཕྱག་རྗེས་དང་། རང་བྱུང་གི་བསང་ཁྲི་སོགས་ངོ་མཚར་བྱིན་ཅན་དུ་མ་མཇལ་དུ་ཡོད། འོག་མ་བདེ་ཆེན་གླིང་ནི་ཆེས་སྔ་མོའི་དུས་ནས་མཚམས་པ་བཞུགས་མཁན་ཡོད་འདུག་ཅིང་། ཞལ་གསལ་བ་ནི་རྗེ་བཙུན་ཁྲོ་ཚང་བ་བྱོན་ཏེ་སྒྲུབ་པ་དང་འགྲོ་དོན་བླ་མེད་མཛད་ཅིང་། རྒྱ་མདའ་ཕུག་ཅེས་པའི་གཡང་གཞི་འདྲ་བའི་དུར་ཁྲོད་ཆེན་པོ་དེར་ཁོང་གིས་གྲུབ་རྟགས་སུ་ཕྱག་རྗེས་བཀྲ་ལ་གསལ་བ་ཞིག་ད་སྐབས་ཀྱང་བཞུགས་ཡོད་ལ་ས་དེར་ཕྱག་རྗེས་ཁ་ཟེར། དེ་མཚམས་ཞུ་སྟོན་སོགས་རིས་མེད་ཀྱི་སྐྱེས་བུ་མང་དུ་བཞུགས། ཕྱིས་སུ་མཁའ་འགྲོ་སྨོན་ལམ་སྒྲོལ་མ་༼ཁོང་གི་སྐྱེས་རབས་མཛད་རྣམ་སྐོར་ཁྱུང་བཙུན་གངས་ལྷ་དཀར་པོས་བརྩམས་གནང་བ་ཞིག་《སྤུ་རྒྱལ་གངས་དཀར་》འདོན་ཐེངས་དང་པོར་འཁོད།༽དང་མཚམས་རྒན་གཡུང་དྲུང་རྒྱལ་མཚན་༼ཁོང་གི་རྣམ་ཐར་གཡུང་དྲུང་རྣམ་དག་གིས་བརྩམས་གནང་བ་ཞིག་《སྤུ་རྒྱལ་གངས་དཀར་》འདོན་ཐེངས་གསུམ་པར་འཁོད་ཡོད།༽རྣམ་གཉིས་ཚེ་དང་སྒྲུབ་པ་མཉམ་བསྐྱལ་གྱིས་དོན་གཉིས་གེགས་མེད་ཀྱིས་གྲུབ་ནས་ཞི་དབྱིངས་སུ་གཤེགས་སྐབས་སྐུ་གདུང་ཞུགས་ལ་ཕུལ་བས་གདུལ་བྱ་རྗེས་སྐྱོང་དུ་བཞག་པའི་མཁའ་འགྲོའི་ཐུགས་ལྗགས་སྤྱན་གསུམ་དང་། མཚམས་རྒན་གྱི་དབུ་སྐྲ་མེ་རྡུག་སོགས་རྟེན་བྱིན་ཅན་འཕེལ། དེ་ནས་མཛོ་བཙུན་ཚེ་རིང་བཟང་མོ། གར་བཙུན་ཕར་ཕྱིན་བཟང་མོ། གཙང་ཚ་སྨོན་ལམ་པ་རྣམས་བཞུགས་ཀྱང་རིག་གསར་སྐབས་ནས་༼༡༩༨༣༽ལོ་བར་མཚམས་རྒྱུན་ཆད། དེ་ནས་གྲུབ་དབང་ཤར་རྫ་བའི་བསྟན་པའི་རྒྱལ་ཚབ་ལུང་རིགས་རྣམ་དག་རིན་པོ་ཆེ་དང་ཞུ་རྣམ་རྒྱལ་གྲགས་པ་ཟུང་གིས་སྒྲུབ་ཕུག་བསྐྱར་གསོ་དང་སློབ་ཚོགས་རྣམས་ལ་བཤད་སྒྲུབ་ཀྱི་བཀའ་འཁོར་བསྐོར་ཞིང་དེང་ཆར་ཡང་ཐེག་ཆེན་དོན་གྱི་རྣལ་འབྱོར་མ་ཞུ་བཙུན་ཚུལ་ཁྲིམས་དང་། རག་བཙུན་བསྟན་འཛིན་ཚུལ་ཁྲིམས་སོགས་གྲངས་མང་བཞུགས་བཞིན་མཆིས། མདུན་ཕྱོགས་བྲག་རྩ་ཞེས་པའི་རི་ཁྲོད་རྔ་ཡབ་ཟངས་མདོག་དཔལ་རིའི་འོད་ཟེར་འབྲེལ་བ་དེར་སྔོན་ཞུ་སྟོན་རིམ་བྱོན་དང་བླ་ཁྲི་རྒྱལ་གཡུང་། ཀུན་གྲོལ་གསང་རྩལ་སོགས་གྲུབ་རིགས་དུ་མས་བྱིན་གྱིས་བརླབས་ཤིང་དེའི་རྗེས་སྨོན་ལམ་བཟང་མོ་དང་བཟང་ཆུང་། གླ་བ་དོན་དགའ་སོགས་བཞུགས། ལྷག་ཏུ་བླ་ཁྲིའི་རྒྱུད་ལས་གྲོལ་བ་བཟོད་པ་དབང་མོ་ཞེས་པའི་བཙུན་མ་མཚན་དང་དོན་མཐུན་གང་ཉིད་ཆུང་ནས་རིག་པ་རྐྱང་འདེད་ཀྱི་ཉམས་ལེན་ཁོ་ནར་བརྩོན་པས་༼༡༩༩༠༽ལོར་སྐུ་མི་རྟག་པའི་ཚུལ་བསྟན་སྐབས་ཐུན་མོང་གིས་མཇལ་ཐུབ་པའི་སྒྲུབ་ཁང་ཕྱི་ནང་ཀུན་འཇའ་ཡིས་ཁེངས་ཤིང་། གདུང་ཞུགས་འབུལ་སྐབས་སུ་ཡང་སྤྲུལ་པའི་བྱ་རྒོད་ཅིག་གིས་གདུང་ཁང་སྐོར་བ་དང་རིང་བསྲེལ་མང་པོ་ད་ལྟ་ཡང་མཇལ་དུ་ཡོད་ལ་དེང་གི་ཆར་ཡང་དོན་ལྡན་གྱི་དགེ་བྱེད་པ་དུ་མ་བཞུགས། རྒྱབ་ཕྱོགས་གེ་ནང་དུ་མཚམས་ཁང་ཁ་ཞེས་པའི་རི་ཁྲོད་ད་ལྟ་ཉམས་གསོ་གྲུབ་མེད་ཀྱང་སྔ་མོར་མཚམས་པ་བཞུགས་པའི་ཁང་ཤུལ་དང་ས་གནས་ཉམས་དགའ་བ་ཡོད། ད་དུང་ཕྱོགས་འདིར་རི་ཁྲོད་དམ་མཚམས་ཁང་མང་དུ་ཡོད་པ་རྣམས་ཀྱང་གཞན་ནས་ཤེས་པར་བྱའོ། དགོན་པའི་འཚོགས་རྟེན་སྐོར་ལ་རག་ཆེན་ནང་དུ་ཟོག་གྲངས་སྟོང་ཕྲག་ལྷག་ཙམ་དང་། འབྲས་རག་ཁོངས་སུ་ས་ཞིང་འབྲུ་ཁལ་ལྔ་བཅུ་ལྷག་གི་ཡོང་འབབ། ཁྲི་རྡོ་དང་ཟམ་ཞིག་ཁོངས་སུ་འབྲུ་ཁལ་བརྒྱ་ལྷག་གི་ཡོང་འབབ། འདི་གའི་སྡེ་ནང་ནས་དུད་ཕལ་ཆེ་བར་ཉིན་རེ་གཉིས་ཀྱི་འཚོགས་རྟེན་སོགས་ཡོད་པར་གྲགས། དགོན་འདིའི་ཚོགས་འཚོགས་མཁན་གོང་གསལ་ཞུ་ཡི་ཁྲི་གདུང་རྣམ་པའི་ཁར་གྲྭ་གཙང་དང་སེར་ཁྱིམ་པ་བཅས་རྩ་བའི་གྲྭ་རྐང་དྲུག་ཅུ་ཟེར་ཡང་དེ་ལས་མང་ཙམ་ཡོད་འདུག་ཅིང་བསྒྲུབ་བྱའི་ཡི་དམ་ལ་ཁྲོ་བོ་དང་། གེ་ཁོད། སྟག་ལ། ཁྱུང་དམར་ནག ཀུན་རིག དབལ་གསས། རྣམ་རྒྱལ། ཀློང་རྒྱས་སོགས་ཞུ་ལུགས། མ་རྒྱུད་གཤེན་ལུགས། ཕུར་པ་བྲུ་ལུགས་ལྟར་དང་། སྐབས་འགར་ཞི་ཁྲོ་དགོངས་འདུས་དང་། སྦོད་གཏོང་ལས་མཐའ་རྣམས་གསར་ལུགས་བྱེད་སྲོལ་མཆིས། ཚོགས་པ་གང་གི་ཚེ་ཡང་ནང་མོ་ཚོགས་འདོན་བདེ་ཆེན་རྒྱལ་པོ་དང་། སྐྱབས་སེམས། མཛད་བཅུ། སྤྱི་བསྟོད། བདེ་ཆེན་ལྷུན་གྲུབ། སྨྲ་སེང་བསྟོད་པ། རྣམ་རྒྱལ་ཁང་བཟང་། བཀའ་རྒྱུད་གསེར་ཕྲེང་། བྱམས་མའི་སྔགས་བསྟོད་བཅས་དང་། དགོང་མོར་རྣམ་རྒྱལ་སྨོན་ལམ་རྣམ་གསུམ་གཙོས་པའི་སྨོན་ལམ་རྒྱས་པ་ཆག་མེད་འདོན་སྲོལ་ཡོད། སྒྲུབ་ཁང་ལྷ་མཆོད་ཀྱིས་ཉིན་ལྟར་ནང་མོ་ཚོགས་འདོན་རྒྱས་པ་དང་བསང་། ཡི་དམ་གྱི་སྐོང་བ་དང་སྲུང་མའི་གསོལ་མཆོད། ཉིན་གུང་ཉ་རྣམས་ལ་ཚོགས་འཁོར་དང་དེ་མིན་ལྷ་བསྙེན། ཁྲོ་དབལ་གྱི་གཞུང་། དགོང་མོར་དབལ་མེ་ཁྱུང་སྟག་དང་། ཞུ་ལུགས་ལྟར་གྱི་བཀའ་སྐྱོང་རྒྱས་བསྐུལ། གཏོར་འབུལ། གསུར། སྨོན་ལམ་རྒྱས་པ། གཞན་ཟླ་རེ་བཞིན་བོན་སྐྱོང་རྣམས་ཀྱི་གསོལ་ཁ་བརྗེ་བ་དང་། སྐབས་སྐབས་བོན་སྐྱོང་ཚོགས་བརྒྱ་འབུལ་སྲོལ་ཡོད། ལོ་ལྟར་མ་ཏྲིའི་བུམ་སྒྲུབ་འཚོགས་ནས་དེའི་སྐབས་ཉིན་གཉིས་རིང་གར་འཆམ་གྱི་བྱེད་སྒོ་སྤེལ་ཏེ་ཉིན་དང་པོར་ཐོག་མར་རིན་ཆེན་སྒྲོན་མའི་སྒོ་ནས་ཁྲོམ་དབང་ཆེན་མོ་དང་དེའི་མཚམས་སུ་སེར་ཕྲེང་། ས་འདུལ་གཅིག ས་ཕྱགས་དྲུག གཤེན་རབ་དགུ་འཆམ། ཞྭ་ནག་བཅུ། རྣམ་བརྒྱད། གཤིན་རྗེ་ལྷ་བརྒྱད། གིང་བཞི་བཅས་དང་། ཉིན་གཉིས་པར། སྟག་གཅིག ཤ་བ་གཉིས། རྒྱལ་པོ་ཧ་ཤང་། ཧ་ཕྲུག་བཞི། འབག་མང་ཞེས་བོན་སྐྱོང་ཚོགས་འཆམ་སྟེ། དྲེལ་ནག་ཞལ་གསུམ། དྲེལ་དམར། སྒྲ་བླ། ཡུམ་སྲས། གཤིན་རྗེ། མི་བདུད། དམག་དཔོན། ཧུར་པ། ཨ་བསེ། ཤེལ་ཁྲབ། ཉི་པང་སད། གྲགས་རྒྱལ། གནམ་སྲས། ལྷ་ཆེན་གཙོ་འཁོར་གསུམ། གནམ་ཐེལ། པོམ་ར། སྤུ་རྒྱལ། ཙ་ཏྲི་བཅས་དང་། དྲག་རྩལ་གཏེར་སྤུངས་ལྟར་སྐུ་སོབ། དམག་དཔོན་བཞི། བལ་པོ་བཞི་བཅས་བྱིན་རླབས་དང་སྒྱུ་རྩལ་མཉམ་འདུས་ཀྱི་སྒོ་ནས་དང་། མ་ཏྲིའི་གཏོར་རྒྱག་སྐབས་སེར་ཕྲེང་། དགུ་གཏོར་ཆེན་མོ་ལ་ངོ་མཚར་རྒྱས་ཟློག་གམ་སྟག་ལའི་བྱད་ཟློག་གཉིས་གང་རིགས་དང་། དབྱར་རིམ་སྐབས་རྣམ་རྒྱལ་སྟོང་མཆོད་དང་རི་གསོལ་ལྷ་བསོ་སོགས་ཀྱི་བྱེད་སྒོ་སྤེལ་བ། ལོ་ལྟར་སེར་སྐྱ་དད་ལྡན་རྣམས་ཀྱི་རེ་འདུན་བཞིན་བོན་སྔོན་འགྲོ་དངོས་གཞི་སོགས་དང་། སྐབས་བསྟུན་རིག་གནས་ཁག་གི་སློབ་ཁྲིད་ཀྱང་ཡོད་འདུག་ཅིང་འདི་དག་གི་ཚུལ་ཞིབ་པ་གཞན་ནས་མཁྱེན་པར་འོས་སོ།། དེ་ནས་བོད་ཞི་བའི་བཅིང་འགྲོལ་སྐབས་འདི་གའི་བླ་དགོན་ཟུང་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བརྩི་སྲུང་དང་། བཅིང་འགྲོལ་དམག་ལ་རྒྱབ་སྐྱོར་གང་ལེགས་མཛད་པར་བརྟེན་ཀུན་བཟང་རིན་པོ་ཆེ་དང་འཇིགས་མེད་ཡེ་ཤེས་རྣམ་གཉིས་རྫོང་བཅིང་འགྲོལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། དམངས་གཙོ་བཅོས་བསྒྱུར་སྐབས་སུ་ཡང་དགོན་འདི་རྒྱལ་གཅེས་སྲུང་སྐྱོབ་དང་སོར་བཞག་དགོན་པའི་གྲས་སུ་གྱུར་པའོ།། ༧ བཞི་པ་ནི། རྒྱུ་སེམས་ཅན་སྤྱི་མཐུན་གྱི་ལས་ངན་པ་དང་རྐྱེན་གཡོན་ལྷུང་སྲིད་ཇུས་ཀྱི་ནོར་འཁྲུལ་ཚབས་ཆེན་བྱུང་བའི་འོག་༼༡༩༩༦༽ལོ་ནས་བོད་གྱི་དགོན་སྡེ་སྤྱི་མཚུངས་ལྟར་དགོན་འདི་ཡང་མི་རྟག་སྒྱུ་མའི་དཔེ་སྟོན་ལྟ་བུར་གྱང་རལ་སྣ་བཞི་ཧྲུག་གེ་ཙམ་ལས་མེད་པར་གྱུར་འདུག་ལ་ཞིབ་ཕྲའི་བཤད་པ་ནི་ཡིད་སྐྱོ་བའི་རྒྱུ་ཙམ་ལས་མ་མཆིས་སྟབས་རེ་ཤིག་བཞག་གོ། དེ་ལྟར་ནའང་མདོ་ལས། ང་ཡང་མྱ་ངན་འདའ་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །རྟག་ཏུ་རེ་རྣམས་སུན་ཕྱུང་ཕྱིར། །ལན་གཅིག་མྱ་ངན་འདས་ཚུལ་བསྟན། །ཞེས་གསུངས་པ་ལྟར། གདུལ་བྱ་འཁོར་བ་མ་སྟོངས་བར་འདུལ་བྱེད་རྒྱལ་བའི་བསྟན་པ་ཡང་གཏན་དུ་ནུབ་པར་མི་འགྱུར་བའི་གཏན་ཚིགས་ལྟར་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྲིད་བཟང་བོད་དུ་ཤར་ཞིང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ནང་དགོན་འདི་ཉམས་གསོ་ཆོག་པའི་སློབ་སྟོན་དང་འབྲེལ་གྲོན་དངུལ་ཡང་བསྩལ་བ་དང་། རྣམ་འདྲེན་ཡབ་རྗེ་དམ་པ་གྲུབ་དབང་འཇའ་ལུས་པ་ཆེན་པོའི་བསྟན་པའི་རྒྱལ་ཚབ་མཚན་བརྗོད་པར་དཀའ་བ་ལུང་རིགས་རྣམ་དག་རིན་པོ་ཆེ་མཆོག་དང་། གཡས་ཀྱི་གདུང་སོན་ཁྲི་འཛིན་བླ་མ་རྣམ་རྒྱལ་གྲགས་པ་རིན་པོ་ཆེ་རྣམ་གཉིས་ཀྱིས་དབུ་བཟུང་། དད་ལྡན་མང་ཚོགས་རྣམས་ཀྱང་མ་བསྐུལ་དང་བླངས་ཀྱི་སྒོ་ནས་རྒྱུ་དང་ངལ་རྩོལ་གྱི་བདག་རྐྱེན་ལ་བརྟེན་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་དང་། ཉ་དགུ་དུས་མཆོད་སོགས་ཀྱང་རྩ་བའི་ཆ་ནས་འཚོགས་ཐུབ་པ་བྱུང་། དེ་བཞིན་༼༡༩༩༨༽གུས་པར་རྫི་ཅན་ལ་སེང་མིང་ཇི་བཞིན་དགོན་གྱི་མཁན་པོར་སྒྲོ་བཏགས་ཤིང་བཤད་སྒྲུབ་སློབ་གཉེར་དངོས་ཀྱི་དབུ་ཡང་ཚུགས། ཁྱད་པར་༼༢༠༠༧༽ལོ་ནས་དགོན་གྱི་བླ་མ་དགེ་བཤེས་ལས་འཛིན་ཡོངས་ཀྱིས་ཕྱ་གྲུ་མཉམ་འདེགས་ཀྱིས་འགན་བླངས་ཏེ་དགོན་འདིར་བཤད་སྒྲུབ་འདུས་སྡེའི་རྟེན་གཞི་ལེགས་བསྐྲུན་ཆེད་དགོན་ཞབས་ལྷ་སྡེ་རྣམས་ནས་རྟེན་རྩ་བསྡུ་རུབ་དང་ཕྱོགས་གཞན་གྱི་ཞལ་འདེབས་བྱུང་རིགས་བཅས་ལ་བརྟེན། སྔར་ལས་ལྷག་པའི་དབུས་ཀྱི་གཙུག་ལག་ཁང་དང་། གྲྭ་གཤག ཚང་བང་། སྤྲོ་ཁང་། འཁོར་ཆེན་ཁང་། མགྲོན་ཁང་། བླ་བྲང་། འཆམ་ར་སོགས་རིམ་བཞིན་གྲུབ་པའི་ཁར་། ༼༢༠༠༩༽ལོར་རང་དགོན་དང་འབྲེལ་ཡོད་ཕྱོགས་ཀྱི་བླ་མ་དགེ་བཤེས་རྣམས་ཀྱི་མཐུན་འགྱུར་གནང་བའི་ཉེར་ལེན་ལས་“སྤུ་རྒྱལ་རིག་སློབ་ཁང་”ཞེས་པའི་མིང་བརྡས་བརྒྱན་པའི་ཚད་མཐོའི་བཤད་སྒྲུབ་ཀྱི་བསྟན་རྒྱུན་ཚུགས་ཤིང་དེང་གི་ཆར་མིས་སྨོན་རང་སྐྱིད་ཀྱི་བསླབ་གསུམ་འདུས་པ་རྒྱ་མཚོའི་བསྟི་གནས་ཤིག་ཏུ་གྲུབ་དང་འགྲུབ་བཞིན་པ་བཅས་དང་། གཞན་ཕྱི་ནང་གི་རྟེན་དང་བརྟེན་པ་གསར་བསྐྲུན་རྣམས་དང་། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བྱེད་ཕྱོགས་སྐོར་གྱི་ཡིན་ལུགས་ཞིབ་ཕྲ་རྣམས་གཞན་ནས་ཤེས་པར་བྱའོ།།
༧སླར་སྨྲས་པ།
ཟབ་རྒྱས་ལོ་རྒྱུས་ཀུན་ཁྱབ་དཔལ་མོའི་ཁྱོན།།
རྨོངས་བློའི་སྒམ་འཁྱེར་འདབ་ཀྱིས་གཞལ་མིན་པས།།
ཐལ་ཆེའི་ཚིག་འཆལ་དོན་ལོག་མཆིས་སོ་ཅོག།
མཁྱེན་ལྡན་དྲུང་མཐོལ་ཚུལ་བཞིན་འཆོས་པར་མཛོད།
ཐོས་རྟོགས་བློ་གྲོས་རྐང་པ་ཆེས་ཕྲ་ཡང་།།
ཐོས་མཐོང་རྩོད་བྲལ་ཞུགས་ཏོག་གྲོལ་སྲིད་པས།།
ལོ་གཞོན་བྱིས་པ་དགྱེས་པའི་རྩེད་ཆས་དང་།།
ལོ་རྒྱུས་དཔྱད་གཞིའི་མཛེས་རྒྱན་འདི་ཀོ་རྨད།།
ལྷག་བསམ་ཆུ་གཏེར་ལས་ཐོན་པའི།།
ལེགས་བྱས་བསིལ་བའི་ཆར་ལྡན་གཟིས།།
སྙིགས་རྒུད་ཚ་གདུང་མཐར་བསྐྲད་དེ།།
རྫོགས་ལྡན་ཀུ་མུད་འཛུམ་པར་སྨོན།།
ཞེས་པ་འདི་ཡང་དེ་སྔོན་གུས་པས་༼༡༩༩༩༽ལོར་བྲིས་པའི་དགོན་གྱི་ལོ་རྒྱུས་དེ་ཉིད་ལ་ལེགས་བཅོས་ཕྲན་ཙམ་དང་ཕྱིས་བྱུང་གི་སྐོར་རྣམས་ཁ་སབ་དང་བཅས་རབ་མཛོད་ཆུ་སྦྲུལ་ལོའི་དབོ་ཟླ་བའི་མཇུག་ཏུ་ལེགས་པར་གྲུབ་པ་དགེའོ།།