༄༅།། དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔལ་ལྡན་སྨིན་གྲོལ་གླིང་གི་
ལོ་རྒྱུས་རབ་གསལ་ཕྲ་མཐོང་ཆེ་ཤེལ།།
སྐུ་མཆོ༵ག་མཚན་དཔེ་ཡོངས་འདུས་ལྗོན་བཟང་རྩེར།།
གསུང་མཆོ༵ག་ཚངས་དབྱངས་ཁྱུང་སྐད་ལྷང་ལྷང་སྒྲོགས།།
ཐུགས་མཆོ༵ག་རྣམ་མཁྱེན་ལོ་འབྲས་འབུམ་གྱིས་ཕྱུག།
སྟོན་མཆོ༵ག་གཤེན་ལ་སྒོ་གསུམ་ཕྱག་བགྱི་འོ།།
ཟབ༵་ཟབ༵་བསྟན་པའི་གཉེར་དཔོན་བྱ་རུ་ཅན།།
མང༵་མང༵་གདམས་པའི་མཛོད་འཆང་ལེགས་པོ་མཆོག།
མཁ༵ས་མཁ༵ས་ཡོངས་ཀྱི་ཐུ་བོ་བསྟན་འཛིན་གྲགས།།
བཟ༵ང་བཟ༵ང་ཞུ་བླ་རིམ་བྱོན་ལན་བརྒྱར་བསྔགས།།
ཞུ༵་ཆེན་གྲགས་པ་རྒྱལ་མཚན་སྤྱན་སྔ་རུ།།
ཞུ༵་བསྟན་ཡོངས་སུ་བསྐྱང་བར་ཆད་བཞེས་པའི།།
ཞུ༵་ཡི་བཙན་རྒོད་ཆེན་པོ་གྲགས་པའི་མཚན།།
ཞུ༵་རབས་བསྟན་ལ་མེལ་ཚེ་མཛོད་ཅིག་ཀྱེ།།
ཞེས་མཆོད་བརྗོད་སྙན་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས་སྐབས་འདིར་བརྗོད་པར་བྱ་བ་ནི། ཇི་སྐད་དུ། ཡེ་ཁྲི་མཐའ་སེལ་ནམ་མཁའ་དཀར་པོའི་རྒྱུད་ལས། ལོ་རྒྱུས་ཁུངས་ནས་མ་བཤད་ན། །ཡིད་མི་ཆེས་པའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་ལྟར། དབང་ལྡན་ཞུ་ཡི་གདན་ས་དཔལ་ལྡན་སྨིན་གྲོལ་གླིང་གི་ལོ་རྒྱུས་རགས་བསྡུས་ཤིག་འགོད་པ་ལ་བཞི་སྟེ། དགོན་གནས་ཀྱི་བཀོད་པ་དང་། ཕྱག་འདེབས་མཁན་གྱི་དཔོན་གསས། ཕྱག་བཏབ་ནས་རིམ་བཞིན་དར་རྒྱས་ཇི་ལྟར་བྱུང་ཚུལ། ཉམས་ཞིག་བྱུང་བ་དང་སླར་ཉམས་གསོ་བྱས་ཚུལ་དང་བཞིའོ།། ༧ དང་པོ་གནས་དེ་ཉིད་ཕྱོགས་གང་དུ་ཡོད་པ་དང་མཚན་ཉིད་ཇི་ལྟར་ལྡན་ཚུལ་ནི། སྤྱིར་སྟོང་གསུམ་འཇིག་རྟེན་དང་སྒོས་འཛམ་བུ་གླིང་ན་གནས་སམ་ཡུལ་གྱི་བཀོད་པ་གྲངས་མང་ཡང་། བདག་ཅག་ཡོངས་ཀྱི་སྐྱབས་གནས་གཤེན་རབ་བརྒྱ་པའི་མགོན་པོ་དེ་ཉིད་ཀྱིས་ཞབས་ཀྱི་འཁོར་ལོ་དངོས་སུ་བསྐོར་བའི་ཞིང་མཆོག་གངས་ལྡན་བོད་ཀྱི་ཡུལ། དེ་ལའང་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཏུ་ཡོད་པ་ལས། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད། ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ནང་ནས་སྒོ་པའི་ཡུལ། ཁྱུང་པོ་དཀར་ནག་སེར་གསུམ་ལས་ཁྱུང་སེར་ས་ཡི་ཐིག་ལེ་ཆེན་མོ་འཛམ་གླིང་གནས་ཀྱི་ཡང་ཕུད་དུ་གྱུར་པ་སྦས་པའི་གངས་ཆེན་རི་བདུན་༼ཏི་སེ། རྨ་རྒྱལ། སྤུ་རྒྱལ། ཤམ་པོ། རྡོ་ཏི། རུ་སྡོམ་ཟེར་ཕྲོམ། ཁ་བ་དཀར་པོ། ༽གྱི་ནང་ཚན་གསས་མཁར་གསང་བ་སྡེ་དགུའི་ལྷ་ཚོགས་ཀྱི་ངོ་བོ་སྦྲུམ་པའི་གནས་མཆོག་སྤུ་རྒྱལ་གངས་རི་སྟེ། ཁུལ་འདིའི་རིན་བྲལ་གྱི་ནོར་བུའམ་བརྟེན་གནས་ཕྱོགས་ཀྱི་དབྱིག་ལྡན་མ་ཡི་ཡང་རྩེ་རྒྱལ་མཚན་གྱི་ཏོག་ལྟར་ཤིན་ཏུ་མཐོ་བ་རྒྱ་མཚོའི་ངོས་ལས་རྨིད་༼༦༣༢༨༽ལྷག་ཙམ་ཡོད་ཅིང་། སྲིད་པ་ཆགས་ནས་ད་ལྟའི་བར་ཉི་ཟླ་དང་སྐར་གསུམ་དང་མཁའ་དབུགས་ཙམ་ལས་སྐྱེ་འགྲོ་གཞན་ལྟ་ཅི་གཤོག་ལྡན་གྱི་བྱ་རྒྱལ་རྒོད་པོ་ཡང་རི་བོའི་སྐད་ཙམ་ལས་བསྐྱོད་ཐབས་དཀའ་བར་གྲགས་པའི་དབུ་རྩེ་ཕལ་ཆེར་ཆུ་འཛིན་གྱི་བླ་བྲེ་དབུབ་པའི་ཟོལ་གྱིས་འདྲེན་བྱེད་ཡུལ་དུ་མངོན་པར་དཀའ་བ། ནང་མི་ཤིགས་གཡུང་དྲུང་བྲག་གི་ལྷུན་པོ་ལ། ཕྱི་ཡེ་ཐོག་དུས་ནས་ཚ་ཟེར་ཅན་གྱིས་བཞུ་བར་མ་ནུས་པའི་སྲིད་པའི་གངས་འཁྱག་སྟུག་པོས་གཡོགས་པ། འདིའི་ཕྱོགས་ནས་མཇལ་ན་དྲག་འཁྲོས་ཀྱི་དབལ་གཡག་དཀར་པོ་འགྱིང་སྟབས་ཀྱི་བརྗིད་ཉམས་ཅན། འབྱུང་བའི་དུས་ཚིགས་དང་བསྟུན་པའི་ཁ་དོག་དང་ཡུལ་དུས་འབྱུང་འགྱུར་གྱི་ལ་ཚིགས་རྟོགས་པའི་རྣམ་པ་འགྱུར་བ་ནི་ལུང་དང་རིག་པ་གཉིས་ཀས་གསལ། དེ་ལྟའི་རི་བོར་གྲུབ་བརྙེས་དུ་མའི་སྒྲུབ་ཕུག་དང་ཟབ་གཏེར་སྤས་ཡུལ། བཀའ་རྟགས་དང་རང་བྱོན། རྩ་ཆེའི་གཏེར་རྫས་སོགས་བསམ་ཡས་ཡོད་པ་ནི་དཀར་ཆག་གམ་མཁྱེན་ལྡན་རྣམ་པས་བརྟག་པར་འོས། དེ་ལྟ་བུའི་ཁྱད་འཕགས་གནས་ཀྱི་ཕྱོགས་བཞིའི་ལུང་ཆེན་བཞི་རུ་སངས་རྒྱས་གཡུང་དྲུང་བོན་གྱི་འདུས་སྡེ་བཞི་ཆགས་པར་གསུངས་པའི་བར་ཐག་ལེ་བར་ལྔ་ཙམ་ལས་མེད་པའི་ལྷོ་ཕྱོགས་དང་། དར་དཀར་ལེབ་མོ་འཕྲད་དུ་བརྐྱངས་འདྲའི་ཁྲོན་བོད་གཞུང་ལམ་ཨང་༼༣༡༧༽གྱི་བྱང་ཕྱོགས་ལེ་བར་གཉིས་ཙམ་གྱི་མཚམས་སུ་ལུང་ཟིན་ལྟར་རྩ་དབུ་རྐྱང་རོ་གསུམ་གྱི་ཚུལ་དུ་གཡས་གཡོན་གེ་དང་སྤ་ཡི་ལུང་གཉིས་ཀྱི་དཀྱིལ་དབུ་མ་མཁའ་འགྲོ་བརྡ་ལུང་ཞེས་པ། སྔར་ཚོ་བའི་སྐབས་མི་རྗེ་དམར་རུ་དཔོན་གྱི་ཁོངས་གཏོགས་དང་ནང་སྲིད་བླ་མ་ཞུ་ཚང་གིས་བདག་གིར་མཛད་པས་དམར་ཁོངས་ཞུ་ཤོག་ཏུ་གྲགས་པ། དེང་དུས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་སྤ་ཟླ་ཤང་གི་མངའ་ཁུལ་ཡོངས་གྲགས་སུ་ཟླ་སྟོད་༼སའི་གོ་ལའི་གཞུང་ཐིག་ཏུད་༣༡–༨དང་འཕྲད་ཐིག་ཏུད་ ༩༤–༧ཐོག་དང་མཚོ་ངོས་ལས་མཐོ་ཚད་སྤྱི་ཁྲེ་༼༤༡༤༡༽ཙམ་ཡོད།༽ཅེས་པའི་ཉམས་དགའ་སྨན་ལྗོངས་མཛེས་པའི་གླིང་སྟེ། ཕྱོགས་ཀྱི་ཁོར་ཡུག་ཀུན་ནས་གངས་དང་རྫ་བྲག་ནགས་སྤང་སོགས་ཀྱི་རི་བོ་དབྱིབས་དང་ཆེ་ཆུང་མ་ངེས་པ་ཁྲོམ་ཆེན་པོའི་རྣམ་པ་འཁོད་པའི་ཁྲོད་དུ་སུས་ཀྱང་མ་བསྐྲུན་པའི་རང་འབྱུང་གི་གཏེར་ཁ་ཕ་ལམ་དང་གསེར་དངུལ་སོགས་ཕྱུར་བུར་བལྟམས་པ། དེ་དག་གི་བར་བར་གཡུ་གཞོང་ལྟ་བུའི་ན་དམར་དང་སྤང་ཐང་རྣམས་སུ་ཐོག་རྩེག་ཅན་གྱི་ཁང་བཟང་དང་སྦྲ་གུར། སྐར་ཚོགས་དོག་ལ་འཕོས་འདྲའི་ཕྱུགས་རིགས་ཀྱི་ཁྱུ། ལྟ་ན་སྡུག་པའི་ནགས་ཚལ་སྟུག་པོའི་ཁྲོད་དུ་རྔམ་ཞིང་གཏུམ་པའི་གཟིག་དང་། གསའ། དྲེད་མོང་སོགས་ཀྱིས་ང་རོ་སྒྲོགས་པ་དང་། ཁུ་བྱུག་དང་བྱ་ཝང་སོགས་གཤོག་ལྡན་རྣམས་བརྩེ་བ། མཐོ་ཞིང་བརྗིད་པའི་རྫ་སྤང་གི་རི་བོར་དྲི་ཞིམ་ནུས་ལྡན་གྱི་གངས་ལྷ་མེ་ཏོག་སོགས་ཀྱི་ཚལ་དུ་ཡིད་གར་འོང་བའི་ཤ་བ་དང་གླ་བ་སོགས་རི་དྭགས་ཀྱི་ཚོགས་རྣམས་བག་ཕེབས་ངང་རྩྭ་ཆུར་རོལ་བ། ཡིད་ཅན་དང་བ་འདྲེན་པའི་མཚོ་དང་མཚེའུ་རྒྱུག་ཆུའི་འགྲམ་དུ་ཁྲུང་ཁྲུང་དང་ངང་ངུར་སྲམ་སོགས་བདེ་གར་འཚོ་བ། རྒྱ་ཆེའི་གཤོང་ས་དང་རི་འདབས་རྣམས་སུ་ཡངས་ཤིང་གཤིན་པའི་ཞིང་ཁར་གྲོ་ནས་སྲན་གསུམ་གཙོས་པའི་ལོ་ཡག་གི་སྙེ་མས་གར་སྟབས་སྒྱུར་བ། དེ་ལྟ་བུའི་ཉམས་དགའ་ཡིད་དབང་འཕྲོག་པའི་ལྗོངས་ཆེན་པོ་དེར་ཆེས་གནའ་བོའི་དུས་ནས་མཁས་ཤིང་གྲུབ་པའི་སྐྱེས་བུ་དུ་མ་འཁྲུངས་ཤིང་བྱིན་གྱིས་བརླབས་པའི་ཡུལ། མདོ་དྲི་མེད་གཟི་བརྗིད་ཀྱི་ཨ་དཀར་ཐེག་པའི་མདོ་ལས་གསུངས་པའི་སྒྲུབ་གནས་མཚན་ཉིད་དང་ལྡན་པ་སྟེ། མདོ་དེ་ཉིད་ལས། གནམ་ལ་འཁོར་ལོའི་བཀྲ་ཤིས་ཆགས། །རྩིབས་བརྒྱད་རིན་ཆེན་བཱེཌཱུར་འོད། །ས་ལ་པདྨའི་བཀྲ་ཤིས་ཆགས། །འདབ་བརྒྱད་གཞའ་ཚོན་སྣ་ལྔའི་འོད། །རྒྱབ་རི་རྒྱལ་མཚན་མཐོན་པོའི་ཏོག །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཆགས། །ཐུགས་ཀ་མི་འགྱུར་དཔལ་དབྱེའི་ཚུལ། །གཡས་གཡོན་གསེར་ཉ་ཁུག་སོ་འཁྱིལ། །སྙན་ལམ་དུང་དཀར་རི་མོ་མཛེས། །མདུན་དུ་བུམ་པ་བཅུད་ཀྱིས་གཏམས། །བཀྲ་ཤིས་རྟགས་བརྒྱད་རྟགས་ཀྱིས་མཛེས། །གསུངས་ཏེ། ཞིང་འདིའི་ལྷ་ལམ་འཁོ༵ར་ལོ༵་རྩིབས་བརྒྱད་ཀྱི་བཀོད་པ་དང་། ཕྱོགས་ཀྱི་ནོར་འཛིན་པ༵ད་གཞོང་འདབ་མ༵་རྒྱས་པའི་བཀོད་པ་དང་། རྒྱབ་རི་རྫ་ནག་མཁར་འགོ་ཞེས་པ་ལྷུན་ཆགས་གདུག༵ས་དང་རྒྱལ༵་མཚ༵ན་མཁའ་ལ་བསྒྲེངས་འདྲ། རི་མགུལ་སྔོ་ཧོར་ཞེས་པ་མཛེས་སྡུག་དཔ༵ལ་དབྱེ༵འི་ཚུལ་ཅན། གཡས་གཡོན་གྱི་ཞོལ་དུ་ན་བ་དང་ནེའུ་གསེང་གསེ༵ར་ཉ༵་གར་དུ་རྩེན་པའི་ཉམས་བཟང་དང་། མདུན་ཕྱོགས་སུ་ཕ་བོང་སེན་མདེལ་ཞེས་པ་རང་འབྱུང་དུང༵་དཀ༵ར་གཡས་འཁྱིལ་གྱི་བཀོད་པ། ཤར་ངོས་སུ་ཕྱུག་རི་ཞེས་པ་བཅུད་ལྡན་བུམ༵་པ༵འི་ཚུལ་བཅས་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཛེས་པར་བརྒྱན་པ་དང་། ཡང་དེ་ཉིད་ལས། ཤར་ནི་ནེའུ་ཐང་གཡུང་དྲུང་རིས། །ཁུག་དང་འཁྱིལ་དང་གྲུ་བཞི་བདལ། །བྱང་ནི་རྫ་སྤང་འཁོར་ལོ་རིགས། །མདའ་མདུང་རལ་གྲི་མཚོན་ཆའི་ཚུལ། །ནུབ་ནི་བྲག་རི་པདྨ་རིགས། །སྤུངས་དང་ཡས་དང་གྱེས་པ་འདྲ། །ལྷོ་ནི་རྩི་ཤིང་རིན་ཆེན་རིགས། །ལོ་དང་མེ་ཏོག་འབྲས་བུ་སྨིན། །དབུས་ནི་མི་ནུབ་རྒྱལ་མཚན་རིགས། །གཡའ་སྤང་གངས་བྲག་ནགས་ཚལ་ལྗོན། །དབུས་སུ་འཁྱིལ་ཞིང་ཁུག་ཏུ་འཁྱིལ། །ཞེས་ཏེ། དགོན་གྱི་མདུན་རི་གྲུ་བཞི་རྒྱས་ཤིང་ངོས་སུ་རང་འབྱུང་སྣ་མང་བཟང་ཤིང་གི་སྐྱེ་ཚུལ་གཡུང༵་དྲུང༵་གཡས་འཁྱིལ་ཡུ་བ་ཅན་གྱི་གཤམ་ནས་དབྱར་དགུན་བར་མེད་ཀྱི་བདུད་རྩིའི་ཆུ་རྒྱུན་འབབ་པ། བྱང་ཕྱོགས་ལྕམ་མོ་ཟང་ཟང་སོགས་ཀྱི་ས་འཛིན་རྣམས་རྫ་བཀྲ་སྤང་བཀྲ་རྩེ་མོ་མདའ་མདུང་མཚོན་གྱི་ཚུལ་དང་རི་མགུལ་དབང་བསྒྱུར་འཁོ༵ར་ལོ༵འི་རྣམ་པ། ནུབ་ཕྱོགས་དར་མདུང་ཞེས་པ་བྲག་རི་དམར་ལ་རྔམ་པ་པ༵དྨ༵་འདབ་གྱེས་ཀྱི་ངང་ཚུལ་སྟོན་པ། ལྷོ་ཕྱོགས་རྒྱལ་མོ་རི་ཕྱུག་ཅེས་པ་ཡིད་བཞིན་ནོར༵་བུའི༵་ཚུལ་དང་འདབས་སུ་རྩི་ཤིང་སྣ་འཛོམས་དང་ལོ་ཡག་སྙེ་མས་ཡོངས་སུ་བསྐོར་བ། དབུས་ཀྱི་དགོན་ས་དཔངས་སུ་མཐོ་ལ་ཁུག་ཏུ་འཁྱིལ་ཞིང་རྒྱལ༵་མཚ༵ན་གྱི་བཀོད་པ་སྟེ་རིགས་ཀྱི་རྟགས་ལྔས་སྤྲས་པ། ཡང་དེ་ཉིད་ལས། ཤར་ནི་ཞི་བ་ཡངས་ལ་བདལ། །སྤང་ལྗོངས་མེ་ཏོག་བཀྲ་བའི་གནས། །བྱང་ནི་རྒྱས་ལ་ཟླུམ་པ་བརྗིད། །རྒྱ་ཆེ་དཔངས་མཐོ་ལྷུན་འཐུག་པ། །ནུབ་ནི་ཟླ་གམ་དཔངས་སུ་རྒྱས། །དབྱིབས་ནི་འགུག་ཆགས་སྐྱོར་དང་གཡོར། །ལྷོ་ནི་དྲག་པོ་རྩུབ་ལ་རོང་། །རྩི་ཤིང་མདའ་མདུང་འདྲ་བའི་ཚལ། །ཞེས་དང་། རྒྱབ་རི་ཞི་བ་སྤུངས་པ་འདྲ། །གཡས་རི་ཁྲོ་བོ་འགྱིང་བ་འདྲ། །གཡོན་རི་ཁྲོ་མོ་བཞད་པ་འདྲ། །མདུན་རི་ཕོ་ཉ་རྒྱུག་པ་འདྲ། །མདུན་འོག་གྱད་ཀྱིས་འདེགས་པ་འདྲ། །མདུན་ས་མཎྚལ་བཀོད་པ་འདྲ། །ཞེས་དང་། རྒྱ་མཚོ་ཆུ་གླིང་མེ་ཏོག་བཀྲ། །ཞེས་ཏེ། ཤར་ཕྱོགས་ཕྱུག་རིའི་རི་རྒྱུད་ཞི༵་བ༵་ཡངས་པ་མཛེས་པ་དར་ཡོལ་འཐེན་པ་འདྲ་ཞིང་སྤང་ལ་སྣ་ཚོགས་མེ་ཏོག་རྩེད་དགའ་དགོད་པ། བྱང་ངོས་རི་ཚང་ཞེས་པ་རི་བོ་ཟླུམ་ལ་བརྗིད་ཆགས་རྒྱས༵་པ༵་མི་དབང་གདན་ལ་བཞུགས་འདྲ། ནུབ་ཕྱོགས་ཟླ་ཉིན་རི་རྒྱུད་དབ༵ང་གི་ཚུལ་ཟླ་གམ་ཚེས་བརྒྱད་ཟླ་བ་ས་ལ་འཕོས་འདྲ། ལྷོ་ཕྱོགས་འབྲུག་འདྲ་དང་མགར་ཁོག་གི་རི་རྣམས་རྔམ་གཏུམ་གྱི་ཚུལ་དང་ལྡན་ཞིང་དྲག་པོའི་ཤིང་རིགས་ཀྱིས་ཁྱུད་མོར་འཁྲིལ་བ། རྒྱབ་རི་བུམ་ལྟོ་ཁ་ཞེས་པ་ཞི་བ་ལྷ་བཤོས་བཤམས་འདྲ། གཡས་རི་ཕྱེ་མར་རི་རྒྱུད་བརྗིད་ལྡན་ཁྲོ་བོ་འགྱིང་འདྲ། གཡོན་རི་དམར་པོའི་རི་བོ་འཇིགས་རུང་ཁྲོ་མོ་བཞད་འདྲ། མདུན་ཕྱོགས་སྤོ་མདའི་སྒང་རྒྱུད་འཕར་སྤྱང་གཟན་ལ་ཆས་འདྲ། མདུན་ས་སྒང་དཀར་རིན་ཆེན་མཎྚལ་བཀོད་འདྲ། །དགོན་གྱི་ཕྱོགས་མཚམས་རྣམས་སུ་ཡེ་སྲིད་ལྷ་ཡི་བྱེད་པོས་ཆེད་དུ་བཤམས་འདྲའི་མཚོ་དང་མཚེའུ་ལུ་མ་མཛེས་ཤིང་། ཁྱད་པར་ལུང་འདིའི་ཕུ་རུ་སྲིད་གསུམ་རྒྱལ་མོ་བསྟི་བའི་དལ་མཚོ་དང་། དྲེལ་དམར་བླ་མཚོ་དམར་ནག་རགྟ། མ་བདུད་ཁྲོ་གཉེར་གནས་པའི་གསང་མཚོ། གླང་དོའི་མཚོ་རྒན་སོགས་སུ་རིན་བྲལ་གཏེར་རྫས་སྣ་མང་གིས་ཕྱུག་ཅིང་དེ་དག་གི་མཚོ་རྔའམ་ཆུ་རྒྱུན་བརྡ་ཆུ་ཞེས་པའི་བརྒྱད་ལྡན་གྱི་ཆུ་ཀླུང་ཆེན་པོ་དགོན་གྱི་མདུན་ནས་གཡུང་དྲུང་ལག་སྦྲེལ་རིས་སུ་དལ་བུར་རྒྱུ་བའི་འགྲམ་དུ་མེ་ཏོག་སྣ་མང་ཚལ་གྱིས་དལ་འཛིན་གནས་ཀྱི་ངང་ཚུལ་འགོག་ཅིང་ཁོར་ཡུག་མཛེས་པའི་རྒྱན་དུ་བཤམས་འདྲ། གཞན་ཡང་ཕྱོགས་ཀྱི་སྲུང་བཞིའི་ཚུལ་དུ་ཤར་ལ་སྤ་རྒྱལ་དྲག་པོ་རྩལ་ལྡན་གཡུ་འབྲུག༵་མཁའ་རུ་སྙེགས་འདྲ། བྱང་དུ་གཏེར་སྲུང་ཙ་ཏྲི་ལི་རྒྱལ་རྒྱ་སྟག༵་དར་མ་ཚང་ནས་ལང་འདྲ། ནུབ་ཏུ་སྒྲ་བླ་ཁྱུང༵་ཐོག་དར་མ་ཟིལ་གནོན་མཁའ་ལྡིང་དབང་པོ་འཇུམ་འདྲ། ལྷོ་རུ་རི་སྔོན་རྔམ་བརྗིད་རྒྱན་རྫོགས་སེང༵་ཆེན་གཡུ་རལ་བསིག་འདྲ་རྣམས་ནི་གཡུང་དྲུང་བོན་གྱི་དམ་ལ་གནས་ཤིང་བསྟན་པ་སྐྱོང་བའི་སྡོང་གྲོགས་མཛད་པ་ཡོད་ཅིང་འདི་དག་གི་ཆོ་འབྲང་ངམ་ཡིན་ལུགས་རྒྱས་བཤད་ནི་གཞན་དུ་གཟིགས་པར་འོས་ཤིང་འདིར་བཀོད་པ་རྣམས་ཀྱང་སྙན་ངག་མཁན་གྱིས་བརྗོད་འདོད་རྟོག་བཏགས་ཙམ་མ་ཡིན་པར་ལུང་རིག་ཚད་མའི་ཡུལ་དུ་གྲུབ་པ་ཤ་སྟག་ཏུ་འཁུམས་སོ།། ༧ གཉིས་པ་ཕྱག་འདེབས་མཁན་གྱི་དཔོན་གསས་ནི། སྙན་བརྒྱུད་བོན་ལས། མཛད་སྲོལ་བསྟན་པ་འཛིན་པའི་ཕོ་བྲང་ནས། །གདུང་རྒྱུད་བླ་མ། །ཞེས་དང་། མཁས་གྲུབ་དམ་པའི་གསུང་ལས། བསྟན་པའི་སྲོལ་འཛིན་བྲུ་ཞུ་སྤ་རྨེའུ། །ཞེས་པའི་སྐབས་ནས་བསྟན་པའི་དབང་ལྡན་ཞུ་ཡི་གདུང་ལས་གྲོལ་བ་སྟེ། དེ་ཡང་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས། དབང་ལྡན་ཞུ་ཡི་གདུང་རབས་ནི། །ཐོག་མར་སྨུག་པོ་གདོང་གི་ནང་ཚན་དུ། །སྟོད་དུ་བ་ཚབ་འབྲི་གཡས་གཉིས་ཡོད་པའི། །འབྲི་གཡས་གདུང་འཁྲུངས་འདུར་གསས་ལ་སྔ་བ། །གྲི་གུམ་འདུར་འདྲེན་གཤེན་མང་སྤྱན་དྲངས་སྐབས། །འདུར་ཕུགས་སུམ་བརྒྱ་དྲུག་ཅུ་ཐུགས་མཁྱེནཔའི། །འཕན་ཡུལ་འདུར་གཤེན་ཁ་འབྱམས་དྲག་པོ་འམ། །གཡས་བོན་ལྕགས་ཀྱི་བྱ་རུ་ཅན་བྱ་བའི། །གདུང་ལས་གྲོལ་བའི་རིགས་དེ་ཞུ་གཡས་གདུང་། །ཞེས་དང་། གཞན་དུ་བསྟན་འཛིན་རྒྱལ་པོ་སྡེ་དྲུག་གི་ནང་ནས་ཤག་རིགས་གར་གསས་ཀྱི་རྒྱུད་པ་ལས་གྲོལ་ཚུལ་བཤད་ཅིང་། དེའི་གདུང་ལས་གྲོལ་བ་བསྟན་པ་ཕྱི་དར་གྱི་དུས་སུ་གཤེན་ཀླུ་དགའི་དངོས་སློབ་ལུང་ཟིན་གྱི་སྐྱེས་མཆོག་ཞུ་ལེགས་པོ་སྟེ། དབྱིལ་གྱི་ལྡེ་མིག་འབྲིང་པོ་ལས། ལྕེ་ཚ་མཁར་བུས་བྱིན་རླབས་བུ། །ཞུ་གཡས་ལེགས་པོ་བྱ་བ་འབྱུང་། །བསྟན་པ་ཉི་མ་ཤར་ལྟར་སྤེལ། །ཞེས་པའི་གདུང་ལས་རིམ་པར་གྲོལ་མཐར་དྲན་པའི་ཐུགས་སྤྲུལ་ཞུ་གཏེར་ཆེན་གཡུང་དྲུང་གྲགས་པ་སྟེ། བཀའ་རྒྱུད་གསེར་ཕྲེང་ལས། དྲན་པའི་ཐུགས་སྤྲུལ་གཡུང་དྲུང་གྲགས་པ་དང་། །ཞེས་པའི་བླ་མ་དེ་ཉིད་སོག་གཡུང་དྲུང་གླིང་ནས་ཡུལ་དུས་ཀྱི་རྒྱུ་རྐྱེན་དང་ལྗོངས་འདིར་རྒྱལ་བསྟན་སྤྱི་དང་ཞུ་ཡི་བསྟན་པ་གསོ་བའི་དགོས་དམིགས་སོགས་ལ་བརྟེན་“རབ་བྱུང་བཅུ་གསུམ་པའི་ནང་”ཕྱོགས་འདིར་ཞབས་སོར་འཁོད་ནས་བསྟན་འགྲོའི་རྒུད་པ་གསོ་ཆེད་ལྗགས་རྩོམ་གྱི་བཀའ་བརྟེན་དང་། ཐུན་མིན་རི་ཁྲོད་བདེ་གླིང་རྒྱབ་ཀྱི་བྲག་ངོས་ནས་ཁྲོ་རྒྱལ་པདྨ་རག་ཤའི་རྒྱུད་སྡེ་དང་རྟ་མགྲིན་གྱི་སྐུ་བརྙན་སོགས་བཏོན་ཏེ་གཏེར་རྟགས་བཀྲ་གསལ་ད་ལྟའང་མཇལ་དུ་ཡོད་པ་དང་། གནས་མཆོག་དང་ར་ཁྱུང་རྫོང་ནས་གཏེར་བཞེས་པའི་ཤེལ་སྐུ་གསེར་འོད་མདངས་ལྡན་སོགས་མཛད་པ་རླབས་པོ་ཆེས་རྒྱལ་བསྟན་དར་ཞིང་རྒྱས་པའི་ཕྲིན་ལས་བསྐྱངས་ནས་སྐུ་ཚེའི་སྨད་དུ་རྒྱས་ཤོས་གསའ་མདའ་བོན་དགོན་དུ་ཕེབས་ཤིང་། ལོ་རྒྱུས་དེར་གསལ་ལ་དགོན་འདིའི་སྟ་བོན་དུ་ངེས་ཤིང་དམ་པ་དེ་ཡི་སྐུ་སྲས་སྐད་གཉིས་སྨྲ་བའི་ལོ་ཙཱ་ཆེན་པོ་བ་གོར་བཱེ་རོ་ཙ་ནའི་རྣམ་སྤྲུལ་ཞུ་སྟོན་བསྟན་འཛིན་གྲགས་པ་སྟེ། ལུང་གོང་མ་ལས། བཱེ་རོའི་རྣམ་སྤྲུལ་བསྟན་འཛིན་གྲགས་པའི་མཚན། །ཞེས་པའི་དམ་པ་གང་ཉིད་“རབ་བྱུང་བཅུ་གསུམ་པའི་”ནང་ལྗོངས་འདིར་བཀྲ་ཤིས་དགེ་མཚན་དུ་མས་བསུས་ཏེ་སྐུ་བལྟམས། ཆུང་ངུའི་དུས་ནས་དམ་པའི་གཤིས་ལུགས་ངང་གིས་རྫོགས་ཏེ་སྲིད་པའི་ལས་ལ་མེ་འོབ་ལྟ་བུར་གཟིགས་ཤིང་། མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ་བསྟན་པའི་གཞི་མ་ཡི་གེ་འབྲི་ཀློག་དང་རིག་ནས་གཞུང་ཆེན་ཁག་ལན་ཁ་ཡར་གསན་པ་ཙམ་གྱིས་མཁས་པའི་གོ་འཕང་མངོན་དུ་གྱུར་། ཡང་ཁྱད་གསང་སེམས་ཟབ་དོན་ལ་རང་དབང་བདག་གིར་མཛད་དེ་ཐུན་མོང་དང་ཐུན་མིན་གྱི་གྲུབ་རྩལ་བསམ་ཡས་མངའ་ཡང་དུས་རྒྱུན་སྦས་པའི་ཚུལ་དུ་བཞུགས་ལ་སྐབས་ཤིག་དགོས་དམིགས་ལ་བརྟེན། སོག་སྡེའི་ཁུལ་དུ་འགྲོ་དོན་ལ་ཕེབ་སྐབས་བ་ཚ་ཚང་ཞེས་པས་ནང་མི་སྙིང་དམར་ཞིག་ཤི་བའི་ལམ་སྟོན་དུ་གདན་དྲངས་པས་གཤིན་པོ་ཉིད་གསོན་གྱི་ཚུལ་དུ་བྱང་ཕྱག་འཚལ་དུ་བཅུག་པ་མི་ཚང་མས་མཐོང་བས་རྗེ་ལ་ཤིན་ཏུ་དད་དེ་སྦྱིན་བདག་དེས་སྦུབ་ཆོལ་གསེར་སྒོང་མ་ཞེས་པ་སྲིད་ན་རེ་ཙམ་པ་དེས་གཙོས་པའི་བརྒྱ་ཚན་གྱི་འབུལ་བ་ཞུས་ཤིང་རྗེ་ཡི་མཚན་སྙན་དབྱར་གྱི་རྔ་གསང་བཞིན་ཀུན་ཏུ་ཁྱབ་བཞིན་དགོན་འདི་ཕྱག་བཏབ་ཚུལ་འོག་ཏུ་གསལ། མ་འོངས་དད་ལྡན་དང་བ་འདྲེན་པ་དང་སྙིགས་མའི་དམུ་རྒོད་འདུལ་རྟེན་དུ་སྐུ་གདུང་ཞུགས་ལ་ཕུལ་སྐབས་རིང་བསྲེལ་གྲངས་འདས་འཕེལ་ཞིང་ཁྱད་པར་ཐུགས་མེ་རྡུག་མ་སྟེ་ཕྱི་དབྱིབས་རིན་ཆེན་མཆོང་མདོག་འབར་བ་ལྟ་བུའི་ནང་དུ་ཀུན་ཏུ་བཟང་པོའི་སྐུ་དཀར་པོ་མཉམ་བཞག་སྐྱིལ་ཀྲུང་ཅན་སྟེང་འོག་གང་དུའང་མ་རེག་པའི་ལྡིང་སྐུ་ཞེས་པ་མཐོང་གྲོལ་དྲན་གྲོལ་གྱི་རྟེན་དེ་འདྲ་སྲིད་ན་དཀོན། གཞན་འཕགས་མཆོག་གང་ལ་ཆེ་བའི་ཡོན་ཏན་དང་མཛད་པའི་ཕྲིན་ལས་བསམ་འདས་ཡོད་པ་གོར་མ་ཆག་ནའང་དེ་སྔོན་གྱི་དཀར་ཆག་དང་ཕྲན་ཐོས་པ་ཆུང་བའི་དབང་གིས་དེ་ཙམ་ལས་འབྲི་མ་སྤོབས་པ་ནི་བཟོད་པར་གསོལ། ལུང་ལས། རྒྱུད་པ་དུས་མཐའི་བར་དུ་གནས། །ཞེས་གསུངས་པ་ལྟར། མཆོག་གིས་སྐུ་ཟླ་ཧོར་ཡེ་ཐ་ནས་དཔལ་འགོ་བ་བཟའ་ཞིག་བཞེས་པའི་སྲས་སུ་ནམ་མཁའ་ཁྲི་སྐྱོང་དང་བསྟན་འཛིན་ཉི་མ་༼རབ་བྱུང་༡༤པའི་ནང་།༽གཉིས་འཁྲུངས། བསྟན་འཛིན་ཉི་མས་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་དྲུང་ནས་སྡོམ་ཁྲིམས་རྫོགས་པར་ཞུས་ཤིང་བསྟན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ། ༼དེང་ཆར་སེར་ཚའི་གོང་གསུམ་དུ་འཚོ་ཞིང་གཞེས་པའི་ཞུ་བླ་མ་བསྟན་འཛིན་གྲགས་པའི་༼༡༩༨༠–༽ཡབ་ཞུ་སྐལ་བཟང་གྲགས་པ་༼༡༩༥༦–ད་ལྟ་བཞུགས་ཤིང་སྐུ་མཆེད་གཡུང་དྲུང་ཞུ་བ་ཞིག་ཀྱང་ཡོད་༽དང་། དེའི་ཡབ་ཞུ་བསོད་ནམས་བསྟན་རྒྱལ་༼༡༩༢༢–༡༩༦༩ སྐུ་མཆེད་བསྟན་པ་ཕུན་ཚོགས་དང་ཚེ་ལྷ་ཞེས་པ་གཉིས་བྱུང་༽དང་། དེའི་ཡབ་ཞུ་མུ་ལ་གྲགས་པ། ༼༡༨༨༣–༡༩༥༧༽ དེའི་ཡབ་གཡུང་དྲུང་ལྷུན་གྲུབ་ཡིན། ཁོང་འཁྲུངས་འདས་ཀྱི་ལོ་དུས་མ་ཤེས་ཀྱང་འདི་གའི་ཞུ་ཚང་ནས་ཆད་པ་ཡིན་འདུག་ཅིང་སྔོན་མར་རྟེན་སྐལ་ཁུ་ཚ་ཟླ་འོད་ཀྱི་གཏེར་མ་ཧེ་ཕུར་མོ་ཆེ་ཞེས་པ་དེ་ཡང་གོང་གསུམ་དུ་ཡོད་ཀྱང་རིག་གསར་སྐབས་གཞན་དུ་ཤོར། དེའི་རྟེན་བཤད་ཞུ་བསོད་ནམས་བསྟན་རྒྱལ་གྱིས་མཛད་པ་ཅིག་ད་ལྟ་ཡོད། དེ་ལྟར་ན་གཡུང་དྲུང་ལྷུན་གྲུབ་དང་ནམ་མཁའ་ཁྲི་སྐྱོང་གཉིས་དུས་མཉམ་དུ་སྣང་བས་ཁོང་རྣམ་གཉིས་སྤུན་མཆེད་ཨེ་ཡིན་སྙམ། འདི་དག་གི་ལོ་རྒྱུས་རྒྱས་ཙམ་འབྲི་བར་འོས་ཀྱང་ཡིག་ཚོགས་ཀྱིས་རྐྱེན་པས་གཞན་དུ་གཟིགས་ན་འཐུས་པར་བྱས། ཡང་འདི་གའི་ཞུ་ཚང་ལས་ཆད་པའི་རྒྱུད་པ་གཞན་ཞིག་ནི་ད་ལྟ་གཉན་རོང་ཨ་གྲགས་སྨད་མར་འཚོ་ཞིང་གཞེས་པའི་ཞུ་བླ་མ་ཚེ་དབང་རིན་གྲགས་༼༡༩༤༧༽དང་། བསོད་ནམས་གྲགས་པ་༼༡༩༥༠༽གཉིས། ཁོང་རྣམ་གཉིས་ཀྱི་ཡབ་ཞུ་གཡུང་དྲུང་གྲགས་པ་༼༡༨༩༤–?ཞིབ་ཕྲའི་ལོ་དུས་མ་གསལ་རུང་ཁོང་དང་ཁོང་གི་སྐུ་མཆེད་རྣམས་ཀྱི་དུས་སུ་ཁྱུང་ཡུལ་ནས་སྟོད་ཕྱོགས་སུ་གནས་སྤོས་མཛད་ཅེས་རྒན་རབས་ཀྱི་ངག་ལས་ཐོས་༽དང་ཁོང་གི་མཆེད་པོ་ག་འཇོ་དང་། ཚེ་དབང་བདུད་འདུལ། ད་དུང་སྲས་ཆུང་བ་དང་འབྲིང་གཉིས་བྱུང་བ་རྗེས་སུ་དང་ར་ཕྱུག་གཙོ་དགོན་དུ་ཕེབས། ཁོང་རྣམ་པ་ལྔ་ཡི་ཡབ་ཞུ་གཡུང་དྲུང་རྒྱལ་པོ་༼ཁོང་གི་ཚེམས་ལ་ཨ་ཡིག་རང་བྱོན་ཡོད་པ་ཞིག་ཀྱང་ད་སྐབས་བཞུགས།༽དང་། དེའི་ཡབ་ཞུ་གཡུང་དྲུང་རྣམ་རྒྱལ། གཡུང་དྲུང་རྣམ་རྒྱལ་གྱི་མ་ཡུམ་ཁྲོམ་བཟའ་ལྷ་མཛེས་ཏེ། ཁོང་ཡུམ་སྲས་གཉིས་པོ་འདི་གའི་ཞུ་ཚང་ནས་བགོས་ཏེ་སྒར་མར་ལོའི་ཞུ་ཚང་ཆད་པར་བཤད་ཅིང་། དེའི་སྐབས་རྟེན་གསུམ་བགོས་ཚེ་འཛམ་པ་ལྷའི་སྐུ་༼ད་ལྟ་ཡང་སྤ་ཟླའི་ཞུ་ཚང་ལ་ཡོད་༽དང་། དུང་འཕར་ཆུང་ཀ་མད་སུམ་ཅུ་རང་བྱོན་ཡོད་པ་གཉིས་ལས་དུང་ཉིད་གཡུང་དྲུང་རྣམ་རྒྱལ་གྱིས་བདམས་པར་གྲགས། ཁོང་ནི་དགོངས་རྟོགས་རྩེར་ཆིབས་ཀྱི་གྲུབ་ཆེན་ཞིག་སྟེ། དགུང་ལོ་བཅོ་བརྒྱད་ཐོག་ཡུལ་ས་ཁམ་ཟེ་དམ་ལ་བཏགས་ཅིང་བཀའ་རྟགས་རྡོ་བཅངས་དང་། ཡུལ་འདིར་ནད་རིམས་ཚབས་ཆེན་ཞིག་བྱུང་སྐབས་ཁོང་གིས་འདྲེ་སྲི་དམ་ལ་བཏགས་པའི་བཀའ་རྟགས་ལྕགས་མདུད། རྗེས་སུ་ཁོང་ཕུག་དམར་དགོན་གྱི་བསྟན་བདག་མཛད་ཅིང་སྐུ་གཤེགས་སྐབས་སྤྱན་མེ་རྡུག་དང་། དབུ་གཡང་ཐོག་ཡིག་འབྲུ་ཨ་ཨཱོྃ་ཧཱུྃ་གསུམ་དང་ཁྱུང་སྐུ་རང་བྱོན་ཡོད་པ་བཅས་ད་ལྟ་ཚེ་དབང་རིན་གྲགས་ཕྱག་ཏུ་བཞུགས། ཚེ་དབང་རིན་གྲགས་ཀྱི་སྲས་བོན་རི་གྲགས་པ་༼༡༩༦༠ལོར་འཁྲུངས་ཤིང་དེའི་སྲས་ཚེ་དབང་དར་རྒྱས་༼༡༩༩༠༽འཁྲུངས་༽དང་། གྲགས་པ་རྒྱལ་ མཚན། ༼༡༩༦༨ལོར་འཁྲུངས་ཤིང་སྲས་ཆེ་བ་ཉི་མ་བསྟན་འཛིན་༼༡༩༩༤༽དང་ཆུང་བ་ཟླ་བ་རྒྱལ་མཚན་༼༡༩༩༦༽གཉིས་ཡོད།༽ཉི་མ་ཀུན་ཁྱབ་༼༡༩༦༩ལོར་འཁྲུངས་ཤིང་རབ་བྱུང་མཛད་དེ་ད་ལྟ་ཨར་སྨད་ཆབ་མདོ་དགོན་གྱི་ལས་འཛིན་ཡིན་༽དང་གསུམ་ཡོད། དེ་ལྟར་ཞུ་གཡུང་དྲུང་རྣམ་རྒྱལ་དུས་སུ་འདི་གའི་ཞུ་ཚང་ནས་ཆད་དགོས་པར་སྣང་སྟེ། འདི་གའི་ཡུལ་མི་རྒན་རབས་རྣམས་ཀྱི་གསུང་རྒྱུན་དུའང་སྔོན་མར་ཞུ་ཚང་སྒར་ཡར་ལོ་དང་མར་ལོ་གཉིས་སུ་གྱེས་ཚུལ་བཤད་པ་ལྟར་ཡར་ལོ་ནི་ད་ལྟའི་དགོན་གནས་འདི་རུ་དང་། མར་ལོ་ནི་བྱ་ཁྲི་མ་ཞེས་པ་དེར་ཡོད་པར་བཤད། ཡང་བགྲེས་སོང་གྲགས་ཕྱུག་གིས་གསུང་པར་སྔོན་ཡུག་ནང་ཕེ་འོག་མདའ་ཞེས་པར་ཞུ་ཚང་གི་བླ་མའི་དུད་ཅིག་ལོ་ཤས་བཞུགས་མྱོང་ལ་དེ་ཁྲི་རྡོ་དང་སེར་ཚའི་ཕྱོགས་སུ་ཡང་ཕར་ཚུར་བྱོན་རབས་བཤད་རྒྱུ་འདུག་པས་དཔྱད་ན་དེ་སྒར་མར་ལོའི་ཞུ་ཚང་དང་རྗེས་སོར་གོང་གསུམ་དང་ཨར་སྨད་ཀྱི་ཞུ་ཚང་གཉིས་སུ་གྱེས་པ་ཡང་ཤེས་ཐུབ་པ་འདུག དེ་དང་འབྲེལ་བར་སྔོན་དུས་རབས་ཉི་ཤུ་པའི་སྟོད་ཙམ་ལ་རྨ་འགག་མཁར་ཐུང་ཁ་ཞེས་པར་ཞུ་བླ་མ་བདེ་ཆེན་དང་སྲིང་མོ་ཐར་མཚོ་ཞེས་པ་གཉིས་ཡོད་པ་ལས་བདེ་ཆེན་ལ་སྲས་པོ་མེད་སྟབས་གདུང་རྒྱུད་དེ་ཙམ་ནས་ཆད་པ་འདྲ། ཐར་མཚོའི་བུ་མོ་རིན་ཆེན་དཔལ་མོ་དང་དེའི་ཕ་སྒང་སར་ཡིན་འདུག་ལ་དེའི་བུ་རྒྱུད་ད་ལྟ་ཡང་ཡོད། དེ་ལྟར་ཞུ་བླ་བདེ་ཆེན་གྱི་རུས་ཁུངས་སྤ་ཟླའི་ཞུ་ཚང་ཨེ་ཡིན་སྙམ་པ་བྱུང་ཡང་རྒྱུ་མཚན་གསལ་པོར་མ་ཤེས་མོད་འདིར་དཔྱད་གཞི་ཙམ་བཀོད་པ་ལགས། གང་ལྟར་འདི་དག་སྐོར་དུས་ཡུན་རིང་ཞིང་དཔྱད་གཞིའི་ཡིག་རིགས་དཀོན་སྟབས་ཁོ་བོས་འདི་ཙམ་ལས་འབྲིར་མ་ནུས་པས་ད་དུང་འབྲེལ་ཡོད་རྣམ་པས་ཞིབ་དཔྱད་གནང་རོགས་ཞུ། ༽ ནམ་མཁའ་ཁྲི་སྐྱོང་གིས་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་འབྲི་ཚབ་ནས་གླིང་བཟའ་རྣམ་རྒྱལ་གཡང་མཚོ་བཞེས་པའི་སྲས་སུ་མཁས་ཤིང་གྲུབ་པའི་སྐྱེས་ཆེན་ཀུན་སྐྱོང་གྲགས་པ་སྟེ། མེ་ཕག་ལོར་༼༡༨༨༧༽སྐུ་འཁྲུངས་ནས་བསྟན་འགྲོ་སྤྱི་དང་དགོན་པའི་གཙུག་ལག་ཁང་རྒྱ་བསྐྱེད་ལེགས་གྲུབ་ངང་༼༡༩༥༦༽ལོར་སྐུ་ཞི་བར་གཤེགས། ཁོང་གིས་སྤ་བཟའ་བཀྲ་ཤིས་གཡང་མཚོ་འམ་སྤ་བཟའ་མཁའ་འགྲོ་ཞེས་པ་ཁབ་ཏུ་བཞེས་པའི་སྲས་གསུམ་གྱི་གཅེན་པོ་འཇིགས་མེད་ཡེ་ཤེས་ཏེ་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོར་འཁྲུངས་ཤིང་ལུགས་གཉིས་ཀྱི་རྣམ་བཞག་ལེགས་པར་བསྐྱངས་མཐར་༼༡༩༩༤༽ལོར་ངོ་མཚར་གྱི་ལྟས་དང་བཅས་ཞིང་གཞན་དུ་ཕེབས། འབྲིང་ཚེ་དབང་རྣམ་འཕྲུལ་ཀུན་བཟང་ཚེ་གྲགས་མཆོག་ལྕགས་སྤྲེལ་ལོ་སྟེ། ༼༡༩༢༠༽ལོར་སྐུ་བལྟམས་ནས་ཆུང་ངུའི་དུས་ནས་ཞང་པོ་སྤ་ཚང་འབྲུག་རིན་པོ་ཆེར་བསྟེན་ནས་རབ་ཏུ་བྱུང་སྟེ་མཚན་ཡང་ཀུན་བཟང་རྒྱལ་མཚན་ཞེས་པ་གནང་། དེ་ནས་རབ་འབྱམས་མདོ་སྔགས་སེམས་གསུམ་གཙོས་བཅུ་ཕྲག་རིག་པའི་གནས་ཀུན་ལ་གསན་བསམ་ཚུལ་བཞིན་གནང་སྟེ་རབ་འབྱམས་དགེ་བའི་བཤེས་ཀྱི་མཚན་སྙན་བཞེས། དེ་བཞིན་དགོན་འདིའི་ཁྲི་འཛིན་བླ་མར་གནང་སྟེ་བསྟན་འགྲོ་སྤྱི་ཡི་བསོད་སྐལ་དུ་བཞུགས་བཞིན་པའི་ངང་དམངས་གཙོ་བཅོས་བསྒྱུར་སྐབས་དུས་ཀྱི་འགྱུར་འགྲོས་ལ་ལྡོག་མེད་དུ་དགོངས་ནས་༼༡༩༦༣༽སྟེང་ཆེན་བཙོན་ཁང་དུ་ཞི་བར་གཤེགས། ༼ཁོང་གི་མཛད་རྣམ་འདི་ལས་རྒྱས་པ་ཁྱུང་རིག་སད་ཀྱིས་བརྩམས་གནང་བ་ཞིག་《སྤུ་རྒྱལ་གངས་དཀར་》འདོན་ཐེངས་དང་པོར་འཁོད་པས་དེར་གཟིགས་རོགས་ཞུ།༽གཅུང་ཚེ་དབང་ཕྲིན་ལས་ནི་༼༡༩༢༢༽ལོར་འཁྲུངས་ཤིང་མཛད་ཕྲིན་གེགས་མེད་གྲུབ་བཞིན་༼༡༩༨༥༽ལོར་ཧོར་ཕྱོགས་སུ་སྐུ་གཤེགས། འཇིགས་མེད་ཡེ་ཤེས་ཀྱིས་ལྕམ་ཀམ་བཟའ་གཡང་ཆེན་དཔལ་མཚོ་བཞེས་པའི་སྲས་གཅེན་པོ་བསྟན་འཛིན་གཡུང་དྲུང་གྲགས་པ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་སྐུ་བལྟམས། མཛད་ཕྲིན་ཆེ་ཡང་༼༡༩༦༩༽ལོར་རྐྱེན་འདས་སུ་ཕྱིན། གཅུང་རྣམ་རྒྱལ་གྲགས་པ་རིན་པོ་ཆེ་ནི་རབ་བྱུང་བཅུ་དྲུག་པའི་ས་བྱི་ལོར་འཁྲུངས་ཤིང་གསང་གསུམ་ཡིད་བཞིན་ནོར་བུ་བསྟན་དང་འགྲོ་བའི་སྤྱི་མགོན་དུ་བཞུགས། ཁོང་གིས་སྐུ་ཟླ་སྔ་རྗེས་སུ་བུ་རྒྱུ་ཚང་ནས་པདྨ་ལྷ་དཀར་དང་ཆོས་དཀར་གཉིས་སུ་བཞེས་པ་ལས། ཆོས་དཀར་ལ་སྲས་བསྟན་འཛིན་བཤད་སྒྲུབ་དང་། ཀུན་བཟང་རང་གྲོལ་གཉིས་བལྟམས། བསྟན་འཛིན་རང་གྲོལ་ཁྲི་བ་མཛད་དེ་དེང་རང་དགོན་དུ་བཤད་གྲྭར་སློབ་གཉེར་གནང་བཞིན་བཞུགས། རྣམ་རྒྱལ་རིན་པོ་ཆེའི་སྲས་གཞན་ཞིག་ཀླུ་མཚོར་འཁྲུངས་པའི་མཚན་དུ་ཀུན་དགའ་ཉི་མ་ཞུ། དེ་དག་གི་མཛད་རྣམ་རྒྱས་བཤད་ནི་ཡིག་ཚོགས་སོགས་ཀྱིས་རྐྱེན་པས་དེ་ཙམ་དུ་ལུས། མདོར་ན་འདྲེན་མཆོག་དེ་རྣམས་ཀྱི་སྐུ་ཡི་མཚན་དཔེས་གཞན་སྣང་དང་བ་འདྲེན་ཞིང་གསུང་དྲང་ངེས་བོན་གྱིས་འགྲོ་བ་སྨིན་གྲོལ་ལམ་དུ་འགོད་པ། ཐུགས་མཁྱེན་བརྩེ་ཟབ་མོས་ལུས་ཅན་སྡུག་བསྔལ་མཚོ་ནས་སྒྲོལ་བ། མི་རྒྱུད་ལྷ་ལས་གྲོལ་བས་རིགས་བཟང་། རིག་འཛིན་ཕོ་མོའི་གདུང་ལས་ཆད་པས་ཁུངས་བཙུན། ཕྱོགས་བཅུའི་རྒྱལ་འཕགས་རྣམས་ཀྱི་བྱིན་གྱིས་བརླབས་པས་འགྲོ་དོན་ལ་ཐོགས་མེད་ཡིན་པ་ནི་ལུང་ལས། ལས་ཅན་དམ་པ་དེ་རྣམས་ལ། །དབང་དང་བྱིན་རླབས་གང་འབྲེལ་བ། །ངན་སོང་གསུམ་དུ་འགྲོ་མི་སྲིད། །ཅེས་དང་། གདུང་རྒྱུད་བྱིན་གྱིས་བརླབས་པའི་སྐྱེས་བུ་རྣམས། །འགྲོ་དོན་ཐོགས་མེད་ཡིན་པར་མ་ཤེས་ནས། །ཞེས་སོགས་གསུངས་པའི་ཕྱིར་རོ།།