༄༅།། ཀུན་རིག་ལས་བཞིའི་ཤིང་རྩེག་བཟོ་ཐབས་རྣམ་དག་ལུང་གི་དགོངས་རྒྱན།།
༧རྣམ་དཔྱོད་འོད་ཟེར་འབུམ་ལྡན་གྱིས།།
རྒྱལ་བསྟན་པད་ཚལ་སྐྱོང་བའི་བཤེས།།
ཀུན་མཁྱེན་ཉི་མའི་དབང་པོ་ཞེས།།
མཚན་སྙན་མཁའ་མཐར་བརྒལ་དེ་རྒྱལ།།
༧ ཁྱེད་གསུང་ཟླ་བའི་ལང་ཚོ་ལ།།
ངན་རྟོག་རཱ་ཧུས་སྒྲིབ་དོགས་ནས།།
རིགས་ལམ་གཟའ་གཟུངས་དབྱར་སྐྱེས་རྔ།།
བརྡུངས་འདིར་སྙན་དབང་ཕྱོགས་ན་ཅི།།
དེ་ལ་འདིར་རང་རེ་བོན་གྱི་ཡུལ་གྲུ་སྤྱི་དང་ཁྱད་པར་ཧོར་དང་ཁྱུང་པོའི་ཁུལ་དུ་ཀུན་རིག་ལས་བཞི་དར་སྲོལ་ཆེ་ཞིང་། དེའི་ལས་བཞིའི་ཤིང་རྩེག་གི་ཆག་ཚད་ཀྱང་གཤེན་གཏེར་རྩ་བའི་སྦྱིན་སྲེག་སོགས་ཀྱི་དགོངས་དོན་ཀུན་མཁྱེན་ཉི་མས་བཀྲལ་བཞིན་ཡོངས་སུ་གྲགས་ཤིང་གྲུབ་པ་ལ་གསལ་བཤད་ཞུ་དགོས་མ་མཆིས་མོད། འོན་ཏེ་ཁོ་བོའི་མཇལ་ཡུལ་དུ་གྱུར་པ་ཀུན་མཁྱེན་གྱིས་མཛད་པའི་ཤིང་རྩེག་བཟོ་ཐབས་ཀྱི་དཔེ་ཆ་མ་དག་པ་འགའ་དང་། དེའི་གསལ་བཤད་ཀྱི་དཔེ་རིས་འདྲ་མིན། ཀུན་རིག་དབུ་མཛད་འགས་མཐོ་དང་མཛུབ་ཀྱི་ངོས་འཛིན་ཕྱོགས་ཅི་རིགས་བྱུང་བར་བརྟེན། གསར་བུ་གང་ཞིག་དེ་དག་གི་རྗེས་སུ་འབྲངས་ན་ཕྱག་ལེན་འདྲ་མིན་འགའ་ཞིག་འབྱུང་བར་དོགས། དེས་ན་འདིར་རྩ་བ་ཀུན་མཁྱེན་གྱི་དགོངས་པ་ཇི་བཞིན་ཐོག ལག་ལེན་ཐད་ཕན་ཚུན་ནོར་སོ་མེད་ཅིང་སྟབས་བདེའི་ཕྱིར་དེང་དུས་ཀྱི་ཀུང་ཁྲེའི་སྐར་གྲངས་དང་བསྟུན་ཏེ་རྩེག་ཐབས་དངོས་ནག་པོ་འགྲོ་ཤེས་སུ་བཀོད་པ་དང་། འཕྲོས་དོན་གཞན་བཤད་པ་གཉིས་ལས། དང་པོ་རྒྱུ་ནི་ལས་བཞི་རང་མཐུན་གྱི་ཤིང་རྙེད་ན་རབ་དང་། དེ་མིན་ཤུག་པ་ལྟ་བུ་བཟང་ཤིང་གཙང་མས་ཆོག་པར་གསུངས་ཤིང་། དབྱིབས་ནི་གྲུ་བཞི་ཅུང་ལེབ་ཆགས་པ་དྲང་པོར་བཟོ། མདོག་ཀྱང་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། དྲག་པོ་ལ་མཐིང་ཀར་གྲུབ་ན་ལེགས། རྩེག་ཚེ་ཕྱི་དབྱིབས་ཞི་བ་ལ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། དབང་ལ་ཟླ་གམ། དྲག་པོ་ལ་ཟུར་གསུམ་དང་། ནང་དུ་བཞི་ཀར་ཕོ་བྲང་གླིང་དགུར་མཚོན་ཕྱིར་རེའུ་མིག་དགུ་རེ་དོད་པ་དགོས་པས་དེ་ལུགས་གཤམ་གྱི་ཤིང་ཚད་རིང་ཐུང་དང་གྲངས་ལས་དཔག་སྟེ་ཤེས་པར་བྱ། རྔམས་སུ་ལས་བཞི་རང་རང་གི་མཆོད་སྐོར་དང་བསྟུན་དགོས་ཕྱིར་ཞི་བ་ལ་བདུན་རྩེག རྒྱས་པ་ལ་དགུ་རྩེག དབང་ལ་ལྔ་རྩེག དྲག་པོ་ལ་སུམ་རྩེག་དགོས། དེས་ན་ཤིང་གི་རིང་ཐུང་དང་གྲངས་མང་ཉུང་ཇི་ཙམ་བྱ་བ་ནི། སྤྱིར་དཀྱིལ་འཁོར་དང་སྒྲུབ་གཤེན་གྱི་སྐུ་ཚད་དང་བསྟུན་ན་རིང་ཐུང་གི་ཚད་གཅིག་ཏུ་མ་ངེས་ཀྱང་། མཁན་ཉི་མས་སྤྱི་ལ་མེ་ཐབ་མདའ་ཚད་ཀྱི་དབང་དུ་མཛད་པ་བཞིན་འདིར་ཡང་དཀྱིལ་འཁོར་དང་མི་གཟུགས་འབྲིང་ཙམ་གྱི་དབང་དུ་བྱས་ཏེ་བཤད་པ་ལ། ཞི་བ་ལ་མཐའ་སྐོར་བརྩེག་རྒྱུ་རིང་ཐུང་ཀུང་ཁྲིའི་སྐར་མ་ཉེར་ལྔ་རེ་ཡོད་པ་གྲངས་ལྔ་བཅུ་ང་དྲུག ནང་གི་ཕོ་བྲང་ངམ་ལིང་ཙེ་སྟེ་མིག་དགུ་གཏོད་བྱེད་རིང་ཐུང་སྐར་དྲུག་ཅུ་རེ་ཡོད་པ་གྲངས་ཉེར་བརྒྱད་དགོས། དེ་བཞིན་རྒྱས་པ་ལ་མཐའ་སྐོར་དང་ལིང་ཙེ་གཉིས་བཟོ་རྒྱུ་འདྲ་བར་སྐར་ཞེ་བརྒྱད་རེ་ཡོད་པ་བདུན་ཅུ་དོན་གཉིས་དགོས། དབང་ལ་མཐའ་སྐོར་རྒྱུ་སྐར་ཞེ་བརྒྱད་རེ་ཡོད་པ་ལྔ་དང་། ཡང་སྐར་བཅུ་དགུ་རེ་ཡོད་པ་བཅུ། སྐར་བཅུ་བདུན་ཡོད་པ་བཅོ་ལྔ། ལིང་ཙེའི་རྒྱུར་སྐར་ཞེ་ལྔ་རེ་ཡོད་པ་ལྔ་དང་། ཡང་སྐར་ཞེ་གཅིག་ཡོད་པ་ལྔ། སྐར་ཉེར་བརྒྱད་ཡོད་པ་བཅུ་དགོས། དྲག་པོ་ལ་མཐའ་སྐོར་རྒྱུར་སྐར་ཉེར་དགུ་རེ་ཡོད་པ་དགུ་དང་། བོན་འབྱུང་ངམ་ལིང་ཙེའི་རྒྱུར་སྐར་བཅུ་དགུ་ཡོད་པ་དགུ་དང་། ཡང་སྐར་བཅུ་ཡོད་པ་དགུ་དགོས་སོ། དེ་ལྟར་ཤིང་གི་བསྡོམས་གྲངས་ཞི་བ་ལ་བརྒྱད་ཅུ་གྱ་བཞི། རྒྱས་པ་ལ་བདུན་ཅུ་དོན་གཉིས། དབང་ལ་ལྔ་བཅུ། དྲག་པོ་ལ་ཉི་ཤུ་རྩ་བདུན་ཏེ་ཚང་མ་བསྡོམས་ན་ཉིས་བརྒྱ་སུམ་ཅུ་སོ་གསུམ་ཡོད་པ་ཡིན། འདི་རྣམས་ཀྱི་རིང་སྐར་གྲངས་ལ་ཕབ་པ་ནི་མཁན་ཉི་མས་གསུངས་པའི་ཆག་ཚད་དང་བསྟུན་པ་ཡིན་ལ་སོར་ཚད་དངོས་དང་ཆེ་ཆུང་གི་སྤྲོ་བསྡུ་གཞན་རྣམས་ཀྱང་རྟོག་བཟོའམ་ཟེར་སྒྲོས་ཙམ་མ་ཡིན་པར་རིག་པས་ཞིབ་དཔྱད་ཀྱི་སྒོ་ནས་ཤེས་པར་བྱ། དེ་བཞིན་རྩེག་ཚུལ་གྱི་གོ་རིམ་དང་དབྱིབས་ཇི་བཞིན་འབྱུང་ཐབས་ནི་ཚད་ལྡན་གྱི་དཔེ་རིས་ཡོད་ན་དང་མེད་ཀྱང་མཁས་པའི་ཞལ་ཤེས་སམ་རང་གིས་ག་ལེར་དཔྱད་ནའང་དེ་ཙམ་དཀའ་བ་ཞིག་མ་ཡིན་ནོ།། གཉིས་པ་འཕྲོས་དོན་ཡང་སྤྱིར་སྟོད་ཀུན་ནས་བྱུང་བའི་ལས་བཞིའི་ཤིང་རྩེག་གི་དཔེ་ཁུངས་གང་མང་ཞིག་ཡོད་ངེས་ཀྱང་། ཅིང་ཁྱབ་ཆེ་བ་གཡུང་དྲུང་བོན་གྱི་《བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས།》ཁྲོད་ཀྱི་པོད་༼༩༦༽ཏུ་བཞུགས་པའི་ཀུན་རིག་ལས་བཞིའི་སྔགས་འགྲིག་གཤམ་དུ་ལས་བཞིའི་ཤིང་རྩེག་བཟོ་ཐབས་གསལ་བ་དེ་དང་། 《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།》དེབ་ཨང་༼༥༽པའི་ཤོག་ངོས་༼༢༩༨༽པར་གསལ་བའི་ལས་བཞིའི་ཤིང་རྩེག་དཔེ་རིས་དང་བཅས་བཞུགས་པ་ལ་ཕྲན་གྱིས་བསམ་པར། དང་པོ་དེའི་ཁུངས་མཁན་ཉི་མའི་ཅན་ཡིན་བཟོ་འདུག་རུང་། དེ་ལྟར་ན་རྒྱས་པའི་ཤིང་རྩེག་སྐབས། རྒྱས་པ་ལ་མཐའ་སྐོར་རྒྱུ། ཞེས་པའི་མཚམས་ནས། གྲུ་གང་དང་ཚོན་གང་ཡོད་པ་བཞི་རེ་དང་། ལིང་ཙེའི་རྒྱུར་དེ་འདྲ་བ་བཞི་རེ་སྟེ་དོན་གཉིས། དབང་ལ་མཐའ་སྐོར་རྒྱུར། ཞེས་པ་ཆད། ཡང་དབང་གི་མཇུག གསུམ་རེ་དགུ། ཞེས་པ་ཡིག་ནོར་ཏེ། གཉིས་རེ་སྟེ་བཅུ། ཟེར་དགོས། དེའི་མཚམས། བོན་འབྱུང་དགུ། ཞེས་པའི་གོང་དེར། དྲག་པོ་ལ་མཐའ་སྐོར་རྒྱུར་མཐོ་གང་སོར་ལྔ་ཡོད་པ་གསུམ་རེ་སྟེ་དགུ། ཞེས་པ་ཆད། ཡང་དྲག་པོའི་སྐབས། ཆ་གསུམ་ཡོད་པའི་མཉམས་རེ་ཡོད་པ་ཞེས་པའི་མཉམས་དེར། ཆ་གཉིས་ཟེར་ན་གོ་སྟབས་བདེ་བར་འདོད་དོ།། གཉིས་པ་དེ་ལ་དཔེ་རིས་དང་བཤད་པ་ལྷན་དུ་སྦྲག་པ་སྟབས་བདེ་བ་ཞིག་འདུག་མོད། བརྟགས་ན་དེའི་ཁུངས་དང་རྒྱུ་མཚན་གཞན་ཞིག་ཡོད་ན་དེར་ཟད་ལ། དེ་མིན་བཤད་པ་དང་དཔེ་རིས་གཉིས་ཀ་མཁན་ཉི་མའི་ལུགས་དང་བསྟུན་ན་འགྲིག་པའི་ཚུལ་མ་མཐོང་ལ། གཞན་དུ་བཤད་པ་དང་དཔེ་རིས་གཉིས་པོ་དེ་ག་རང་བསྒྲིགས་ཀྱང་འགྲིག་དཀའ་བའི་བཟོ་རུ་སྣང་། ཡང་ཀུན་རིག་སྲེག་གཞུང་གཞན་ཞིག་ཏུ་ལས་བཞིའི་དཀྱིལ་འཁོར་ཐིག་རྩ་མཁན་ཉི་མའི་ཅན་གྱི་མཇུག་ཏུ་གསལ་བའི་ཤིང་རྩེག་སྐབས་གཞན་ལ་དོགས་གནས་མ་མཆིས་ཀྱང་། ཞི་བའི་སྐབས་སུ། གཉིས་རེ་སྟེ་བཅུ་བཞི། ཞེས་པ་དེ། བཞི་རེ་སྟེ་ཉེར་བརྒྱད། ཞེས་དང་། ཡང་དྲག་པོའི་ཤིང་ཚད་མཇུག་གི་སོར་ལྔ་པ་གསུམ་རེ་དགུ་དང་། མཐོ་གང་པ་གསུམ་དང་། སོར་བཞི་པ་བཞིའོ། ཞེས་པ་དེ་ཡང་དོན་དུ། མཐོ་གང་པ་གསུམ་རེ་སྟེ་དགུ་དང་། སོར་བཞི་པ་གསུམ་རེ་སྟེ་དགུའོ། ཟེར་ན་འགྲིག་པར་གོ འོན་ཏེ་ད་དུང་འཐད་མིན་གྱི་དོགས་པ་མཆིས་ཚེ་རྣམ་དཔྱོད་ཞིབ་མོས་དཔྱད་ན་འཚེངས་སོ།། གཞན་ཡང་ཀུན་རིག་བཅའ་བཀོད་དང་འདོན་འགྲིག་སྐོར་ལ་དཔྱད་གཞི་འགའ་བདོག་པ། དཔེར་ན་དཀྱིལ་འཁོར་གྱི་རྔམས་ཏེ་མཐོ་ཚད་ལ་གཞུང་ཁུངས་མ་མང་པོ་ནས་རྒྱུ་མཚན་དང་བཅས་ཆག་དྲུག་སྟེ་ཁྲུ་གང་༼སྦྱང་བྱ་རིགས་དྲུག་གི་རྟོག་པ་སྦྱོང་ཕྱིར་ཆག་དྲུག་བྱེད་ལ་དེ་ལས་མཐོ་ན་མཁའ་ལ་གནས་པའི་གཡེན་ཁམས་རིགས་ལ་གནོད་པར་གསུངས།༽དགོས་པར་གསུངས་ཀྱང་། དེང་དུས་ཁྱུང་པོའི་ཡུལ་འགར་༼དཀར་རུ་སོགས་༽སྤྲོས་ཆེ་བ་སྟེ་ཧ་ལམ་མི་ཡི་གཟུགས་ཚད་ཙམ་དང་། ཡང་ས་ཆ་འགར་༼དཔའ་བརྡ་སོགས་༽དེ་ལས་ལྡོག་སྟེ་མཐོ་གང་ཙམ་ལས་མི་བཟོ་བ་སོགས་ལུང་འགལ་མང་དུ་མཛད་པར་སྣང་བར་དེ་དག་ལ་དགག་སྒྲུབ་ཚུལ་བཞིན་དགོས་མིན་ཀྱང་མཁྱེན་ལྡན་དག་གིས་དཔྱད་པར་མཛོད་ཅིག སྤྱིར་ན་བྱ་བ་འདི་རིགས་དཔྱོད་མཁན་ནི་གྲོང་གསེབ་ཀྱི་གཏོ་ཆོག་པ་རྣམས་ལྟ་ཅི། རྩ་བའི་བཤད་སྒྲུབ་འདུས་སྡེ་ཡོད་པའི་དགོན་པ་ཕལ་རྣམས་ཀྱང་བླ་མའམ་མཁན་པོ་ཕལ་ཆེར་བྱང་བཞུ་དབང་བསྐུར་དང་། འབྲེལ་ཡོད་མི་སྣ་ཆེ་ཁག་དང་ཡོན་བདག་ཆེན་མོ་རྣམས་ཀྱི་སྣེ་ལེན་མཛད་དགོས་ལ། དགེ་རྒན་ནམ་སློབ་དཔོན་དག་ནི་གཞུང་གང་ཞིག་དཔེ་ཁྲིད་གནང་རྒྱུས་དུས་འདས། དགེ་སྐོས་ནི་འདོན་འཚོགས་སྐབས་ཀྱི་གྲྭ་པ་རྣམས་སྒྲིག་ལམ་སྟངས་འཛིན་དང་། དབུ་མཛད་ནི་འདོན་བྱའི་གྱེར་ཕྲིན་ལས་སྐོར་གྱིས་ལོང་ཁོམ་མེད། གྲྭ་མང་བྱིངས་རྣམས་ཀྱང་དེ་བཞིན་དགོན་དཔོན་དག་གི་བཀོད་པ་གང་གནང་སྒྲུབ་རྐྱང་ལས་མེད་སྟབས། རྩ་བའི་ཤེས་རིག་འདི་འདྲ་རྟ་མོག་གི་སྤུ་ལྟར་དབྱེ་འབྱེད་དཀའ་བར་གྱུར་པ་མིན་ནམ་སྙམ། མདོར་ན་དེང་དུས་ཕྱི་དངོས་པོའི་ཚོགས་བསགས་སྤྱི་དང་དཔེ་ཆ་པར་སྐྲུན་གྱི་བྱ་བ་ཉིན་བཞིན་ཡར་རྒྱས་འགྲོ་བ་འདི་དག་ཆེས་ཡི་རངས་པའི་གནས་ཤིག་ཡིན་པ་སྨོས་མེད་ནའང་། དེ་དག་གི་ནང་དོན་དང་དག་ཞུས་སྐོར་ལ་ཞིབ་ཆ་དེ་ཙམ་ཐུབ་མིན་ཐད་འགལ་རྐྱེན་མང་ཞིང་། གལ་སྲིད་ནོར་བ་འདྲ་བྱུང་ཚེ་སྔར་དང་མི་འདྲ་བར་ཁྱབ་རྒྱ་ཡང་དེ་བཞིན་ཆེ་སྟབས། འདི་དག་ལ་གོང་འོག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་འབད་པ་ཆེར་བསྐྱེད་གནང་རྒྱུ་ནི་སྐབས་སུ་བབ་པའི་གནད་དོན་གལ་པོ་ཆེ་ཞིག་ཡིན་ཕྱིར་ཀུན་གྱིས་མཁྱེན་པར་མཛད་ན་ཨེ་མ་ཧོ།། ཞེས་བསྟན་རྣམ་པས་ཆབ་མདོ་དགོན་དུ་༢༠༡༠་༡༠་༢༣ཉིན་བྲིས།།