ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྔགས་དངོས་བསྐྱེད་པའི་དོན་དམ་དཀོར་བདུན་བརྩི་ཚུལ། 
[ 2013/3/14 20:48:00 | By: ཁྱུང་གསེར་ཞུན། ]
 

༄༅།།སྔགས་དངོས་བསྐྱེད་པས་བཞེད་པའི་དོན་དམ་དཀོར་བདུན་གྱི་འཇོག་ཚུལ་ཟིན་ཐོ་ཙམ་བཀོད་པ།།

༧ གདུལ་བྱའི་བློ་རིམ་མི་འདྲ་དགུར་ལྟོས་པའི།།

འདུལ་བྱེད་ཐེག་པའི་རིམ་པ་དགུ་ཕྲག་ལས།།

དངོས་བསྐྱེད་ཐུགས་རྗེ་རོལ་པའི་ཐེག་ཆེན་པའི།།

དོན་དམ་དཀོར་བདུན་བརྩི་ཚུལ་ཟུར་ཙམ་བསྟན།།

དེ་ལྟར་འདིར་གཙོ་བོ་དབུས་གཏེར་ཐེག་རིམ་རྩ་འགྲེལ་གཉིས་ལས་བསྟན་པའི་ཐེག་པ་བདུན་པ་དངོས་བསྐྱེད་པའི་ལུགས་ཀྱི་དོན་དམ་དཀོར་བདུན་བརྩི་ཚུལ་ཟིན་ཐོ་ཙམ་ཞིག་བཀོད་པ་ལ།  དེ་སྔོན་གུས་པས་ཕྱོགས་བསྒྲིགས་ཞུས་ཟིན་པའི་བོན་གྱི་རྣམ་གྲངས་ལས།  དངོས་བསྐྱེད་པས་འདོད་པའི་དོན་དམ་དཀོར་བདུན་ནི།   ཐབས་ཤེས་གཉིས།  དབྱིངས་ཤེས་གཉིས།  ཀུན་རྫོབ་དོམ་དམ་གཉིས།  བདག་ཉིད་ཆེན་པོ་དང་བདུན་ནམ།  སྐུ།  གསུང་།  ཐུགས།  ཡོན་ཏན།  ཕྲིན་ལས། གཉིས་མེད།  བདག་ཉིད་ཆེན་པོའོ།  ཡང་ན་སེམས་ཉིད་རང་བཞིན་མ་བཅོས་པ།  ཅི་ཡང་མ་གྲུབ་པ།  མི་སྣང་བ་མ་ཡིན་པ།  ཅི་ཡང་མ་ཡིན་པ་ཉིད།  བོན་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་བ།  ཅི་ཡང་བསམ་ན་ཅིར་ཡང་སྣང་བ།  གང་ལྟར་བསྒྲུབ་ན་དེ་ལྟར་འགྲུབ་པ་རྣམས་སོ།   ཞེས་གསལ་བ་ལྟར་ན་བརྩི་ཚུལ་མི་འདྲ་བ་གསུམ་བཀོད་པ་དེ་དག་གི་ཁུངས་དང་རྒྱུ་མཚན་བཅས་ཅུང་ཟད་འབྲི་བར་བྱ་བ་ལ། དང་པོ་དེ་ལྟར་བརྩི་ཚུལ་མི་འདྲ་བ་གསུམ་པོ་གཞུང་གང་ཞིག་ལས་དྲངས་པར་སྙམ་ན། དང་པོ་དེ་ནི་སྒ་སྟོན་ཐེག་འགྲེལ་ལས། ལྟ་བ་ལ། དོན་དམ་ཀུན་རྫོབ་གཉིས་མེད་ཀྱི། །ལྷག་པའི་བདག་ཉིད་ཆེན་པོ་མཉམ་པ་ཉིད། །ཅེས་པ་དེ་ལ་གཉིས་༼གསུམ་སྟེ། མཆན།༽ཏེ། བཀོར་བདུན་ལྷུན་གྲུབ་དང་།  དོན་དམ་རྣམ་གསུམ། ལྷག་པའི་བདེན་གསུམ་མོ། ཞེས་སོགས་དང་། དེ་བཞིན་ཡོངས་འཛིན་རིན་པོ་ཆེའི་སྔགས་རིམ་བཀའ་འགྲེལ་གསལ་བྱེད་ལས།  ལྟ་བ་ལ་དཀོར་བདུན་ལྷུན་གྲུབ་ཀྱི་ལྟ་བ་དང་། དོན་དམ་རྣམ་གསུམ་གྱི་ལྟ་བ་དང་། ལྷག་པའི་བདེན་གསུམ་གྱི་ལྟ་བ་བཅས་གསུམ།   དང་པོ་དཀོར་བདུན་ནི། ཐབས་ཤེས་གཉིས་དབྱིངས་ཤེས་གཉིས་ཏེ་བཞི། དོན་དམ་ཀུན་རྫོབ་གཉིས་ཏེ་དྲུག  བདག་ཉིད་ཆེན་པོ་དང་བདུན་ནོ།  ཞེས་པ་དེ་ཡིན་ལ།  བརྩི་ཚུལ་གཉིས་པའི་ཁུངས་ནི།  ཡེ་ཁྲི་གཞི་ཡི་བམ་པོ་ལས།  སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་དང་ནི་ཕྲིན་ལས་དང་།  །གཉིས་སུ་མེད་དང་བདག་ཉིད་ཆེ། །ཞེས་གསུངས་པ་དེ་དང་།   གསུམ་པ་ནི།  ལུང་རིགས་རིན་པོ་ཆེའི་མཛོད་ལས།  སེམས་ཉིད་རང་བཞིན་མ་བཅོས་པ་༡།  ཅི་ཡང་མ་གྲུབ་པ་༢།  མི་སྣང་བ་མ་ཡིན་པ་༣།  ཅི་ཡང་མ་ཡིན་པ་ཉིད་༤།  བོན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་༥།  ཇིར་ཡང་བསམ་ན་ཇིར་ཡང་སྣང་བ་༦།  གང་དུ་བསྒྲུབ་ན་དེ་ལྟར་འགྲུབ་༧།  དཔེར་ན་ཉི་མ་ཉི་འོད་ཟེར་དུ་ཕྱུང་བ་བཞིན་ནོ།  དེའི་ཆ་ནས་དཀོར་བདུན་ལྷུན་གྱིས་གྲུབ་པ་ཉིད་དོ། ཞེས་གསུངས་པ་དེ་ཡིན་ནོ།  དེ་ལྟར་དཀོར་བདུན་བརྩི་ཚུལ་གསུམ་ཙམ་འབྱུང་བའི་རྒྱུ་མཚན་ཡང་ཇི་ལྟར་སྙམ་ན།  བཀའ་འགྲེལ་གསལ་བྱེད་ལས།   དེ་ལྟར་དཀོར་བདུན་གྱི་གྲངས་ལ་དང་པོའི་བགྲང་ཚུལ་དེ་སྤྱིར་དངོས་བསྐྱེད་པའི་ལྟ་བའི་དབང་དུ་བྱས་པ་དང་།  ཕྱི་མ་ལུགས་འདིའི་དོན་དམ་གྱི་དབང་དུ་ཡིན་པར་གསལ་ལོ། ཞེས་གོང་གི་ཐབས་ཤེས་སོགས་བདུན་པོ་དང་པོ་དང་།  སྐུ་གསུང་སོགས་བདུན་པོ་ཕྱི་མ་ཡིན་ལ།  དང་པོ་དེ་ལྟར་བརྩི་བའི་ཁུངས་ནི།   ཐེག་འགྲེལ་ལས།   དེ་ལ་ལྟ་བ་ནི།  ཐབས་དང་ཤེས་རབ།  དབྱིངས་དང་ཡེ་ཤེས། དོན་དམ་ཀུན་རྫོབ།  གཉིས་སུ་མེད་པའི་བདག་ཉིད་ཆེན་པོར་འདོད་དེ། སེམས་ཉིད་རང་རིག་པ་ཐམས་ཅད་དུ་རྩལ་མ་འགག་པར་སྣང་བ་ནི་ཐབས།  དེ་ཉིད་དངོས་སམ་ཕྱོགས་ཀྱིས་སྟོང་པ་ནི་ཤེས་རབ། དེ་ལས་བོན་སྣ་ཚོགས་པ་ཐམས་ཅད་ཀྱི་གཞི་གྲུབ་སྟེ་འབྱུང་བས་ན་དབྱིངས།  དེས་བོན་ཐམས་ཅད་ཡེ་ནས་ཉིད་དུ་ཤེས་ཤིང་སྒྲིབ་པ་ཡེ་ནས་བྲལ་བས་ན་ཡེ་ཤེས།   དཀོར་བདུན་ལྷུན་གྱིས་གྲུབ་པས་དོན་དམ། ཡེ་ཤེས་ཀྱི་སྣང་བ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཤར་བས་ཀུན་རྫོབ།  དེ་ལྟར་ཐ་སྙད་དུ་གདགས་པ་ཐམས་ཅད་རང་གི་སེམས་ཉིད་ལས་མི་གཞན་པས་བདག་ཉིད་ཆེན་པོ་ཞེས་བྱའོ།  ཞེས་པའི་བར་གྱིས་བསྟན་པ་དག་ཡིན་འདུག་ཅིང་།  དེའི་དངོས་བསྟན་དུ་ཐབས་ཤེས་སོགས་གྲངས་བདུན་འདུག་ཀྱང་དེ་བདུན་ཀར་དཀོར་བདུན་གྱི་ཐ་སྙད་སྦྱར་བ་མ་ཡིན་པར་དོན་དམ་གཅིག་པུར་དཀོར་བདུན་གྱི་ཁྱད་བོན་ཅན་ཞིག་ངོས་འཛིན་པ་ཡིན་དགོས་འདུག་མོད་སྤྱིར་དེ་བདུན་ཀ་དངོས་བསྐྱེད་པའི་ལྟ་བ་ལ་ལྡན་པའི་ཁྱད་བོན་ཡིན་ཕྱིར་བྱེ་བྲག་མིང་སྤྱི་ལ་འཇུག་པའི་དབང་གིས་དེ་བཞིན་བཞེད་པ་ཡིན་ནམ་སྙམ།    ཡེ་ཁྲི་ལས་དཀོར་བདུན་ཇི་ལྟར་བསྟན་ཚུལ་ཡེ་ཁྲི་གཞི་ཡི་བམ་པོའི་ལེའུ་དོན་བཞི་པ་ལས།  འབྲས་བུའི་དོན་ཉིད་ངས་བཤད་དོ།  །དེ་ཡང་གང་དང་གང་ཞེ་ན།  །སྐུ་དང་གསུང་དང་ཐུགས་དང་ནི།  །ཡོན་ཏན་དང་ནི་ཕྲིན་ལས་དང་།  །གཉིས་སུ་མེད་དང་བདག་ཉིད་ཆེ།  །དེ་བདུན་རྟོགས་པའི་འབྲས་བུ་ཡིན།  །སྐུ་ལ་རྣམ་པ་ལྔ་རུ་བཤད། །ཞེས་སོགས་ནས། དེ་ལྟར་བདག་ཉིད་ཆེན་པོ་ཡི། །དོན་གྱི་ངོ་བོ་རྒྱས་འབྲེལ་བའི། །ཞིབ་པར་འཁོར་ཚོགས་ཁྱེད་ལ་བསྟན། །ཞེས་པའི་བར་གྱིས་རྒྱས་པར་གསུངས་ཤིང་དེ་ནི་གཙོ་བོ་འབྲས་བུའི་དབང་དུ་མཛད་ཅིང་དེ་ལ་དཀོར་བདུན་གྱི་ཐ་སྙད་ནི་སྒ་སྟོན་ཐེག་འགྲེལ་དུ་གསལ།   དེ་དང་ཕྱོགས་མཚུངས་གཞན་ཞིག་ནི་རྡོ་གྲུབ་ཆེན་གྱི་གསང་སྙིང་སྤྱི་དོན་ལས།  གསང་བ་སྒྱུ་འཕྲུལ་བའི་ཐུན་མོང་མ་ཡིན་པའི་ལུགས་ཀྱི་བདེན་གཉིས་སམ་ལྷག་པའི་བདེན་གཉིས་ཏེ། ལྷག་པ་དོན་དམ་བདེན་པ་ནི། དབྱིངས་སྤྲོས་པ་དང་བྲལ་བའི་ཆ་ནས་རང་བཞིན་དོན་དམ།  རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ནས་ཡེ་ཤེས་དོན་དམ། དེ་ཉིད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་ཡི་གཏེར་དུ་བཞུགས་པ་འབྲས་བུའི་དོན་དམ་སྟེ་ཕྱི་མ་ལ་ལྔར་ཕྱེ་བས་དོན་དམ་དཀོར་བདུན་ཞེས་གྲགས་སོ། ཞེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས།      དོན་དམ་དཀོར་བདུན།  སྔགས་རྙིང་མའི་གཞུང་ལས་གསལ་བའི་མ་ཧཱ་ཡོ་གའི་ལྟ་བ་སྟེ།  དོན་དམ་པའི་བདེན་པ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་གསང་བའི་མཛོད་འབྲས་ཆོས་ལྔ་དང་དབྱིངས་དང་ཡེ་ཤེས་གཉིས་ཏེ་བདུན།   ཞེས་དང་།  དེའི་འབྲས་ཆོས་ལྔ་ཡང་ཚིག་མཛོད་དེ་ཉིད་ལས།  འབྲས་ཆོས་ཉེར་ལྔ།  རྙིང་མའི་རྒྱུད་སྡེ་ལས་གསལ་བའི་སངས་རྒྱས་ཀྱི་སྐུ་ལྔ།  གསུང་ལྔ།  ཐུགས་ལྔ།  ཡོན་ཏན་ལྔ།  ཕྲིན་ལས་ལྔ་སྟེ་ཉེར་ལྔའོ།   ཞེས་སྐུ་སོགས་ལྔར་དབྱེ་བ་ཡེ་ཁྲི་དང་མཐུན་མོད་མི་འདྲ་བ་ནི་ཡེ་ཁྲི་ལས་གཉིས་སུ་མེད་པ་དང་།  བདག་ཉིད་ཆེན་པོ་གཉིས་སུ་གསུངས་ལ།  གསང་སྙིང་སྤྱི་དོན་དང་ཚིག་མཛོད་གཉིས་ཀར་དབྱིངས་དང་ཡེ་ཤེས་གཉིས་སུ་བརྩིས་སྣང་ངོ་།  ལུང་རིགས་མཛོད་དུ་བཞག་པའི་དཀོར་བདུན་གྱི་ཁུངས་ནི།  ཐེག་འགྲེལ་ལས།   གསང་སྔགས་འདིའི་ལུགས་ཀྱི་དོན་དམ་པ་ནི།  སེམས་ཉིད་རང་བཞིན་མ་བཅོས་པ།  ཅིར་ཡང་མ་གྲུབ་མི་སྣང་བ་མ་ཡིན།  ཅི་ཡང་མ་ཡིན་པ་ཉིད་བོན་ཉིད་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་བ།  དཔེར་ན་ཉི་མ་ཉིད་འོད་ཟེར་དུ་བྱུང་བ་བཞིན་ནོ།  དེའི་ཆ་ནས་དཀོར་བདུན་ལྷུན་གྱིས་གྲུབ་པ་ཉིད་དོ།   ཞེས་གསུངས་པ་འདི་ཉིད་ཡིན་འདུག་ཅིང་།   དེ་ཡང་བཀའ་འགྲེལ་གསལ་བྱེད་ལས།  སེམས་ཉིད་རང་བཞིན་མ་བཅོས་པ།  ཅིར་ཡང་མ་གྲུབ་པ།  མི་སྣང་བ་མ་ཡིན་པ།  ཅི་ཡང་མ་ཡིན་པ།  བོན་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རང་སྣང་བ།  དེ་ལྟར་ལྡོག་པའི་ཁྱད་བོན་བདུན་པོ་དེ་ལྡན་པས་ན།  འགྲེལ་ལས་དེའི་ཆ་ནས་དཀོར་བདུན་ལྷུན་གྱིས་གྲུབ་པ་ཉིད་དོ།  ཞེས་གསུངས་པའི་ཕྱིར།  ཞེས་གསལ།   འོན་ཀྱང་ལུང་རིགས་མཛོད་ལྟར་ཇིར་ཡང་བསམ་ན་ཇིར་ཡང་སྣང་བ།   གང་ལྟར་བསྒྲུབ་ན་དེ་ལྟར་འགྲུབ་པ་གཉིས་མ་བརྩིས་ན་གྲངས་བདུན་མི་ཚང་ལ་དེ་གཉིས་གང་ཞིག་ལས་དྲངས་ཤེ་ན།  སྒ་སྟོན་ཐེག་འགྲེལ་ལས།  ཅིར་ཡང་གསལ་ནས་ཅིར་ཡང་སྣང་། གང་དུ་སྒྲུབ་ན་དེ་ལྟར་གྲུབ། ཅེས་གསུངས་པ་དེ་ཉིད་ཡིན་ནམ་སྙམ། འདིར་བཀོར་བདུན་ནམ་དཀོར་བདུན་ཞེས་འབྲི་ཚུལ་གཉིས་ཙམ་འདུག་རུང་གོང་མ་དེ་ཚིག་མཛོད་ཁག་ཏུ་མ་གསལ་མོད་དོན་ལ་ཁྱད་པར་མེད་དམ་སྙམ་སྟེ།  སྤྱིར་དཀོར་ཞེས་པ་གང་ཞིག་ལ་དབང་བའམ་ཡོད་པའི་ནོར་རྫས་ཀྱི་མིང་དུ་གྲགས་པ་ལྟར་འདིར་ཡང་དོན་དམ་མམ་ལྟ་བ་ལ་ཁྱད་བོན་དེ་དག་ལྡན་པའི་ཆ་ནས་དཀོར་གྱི་ཐ་སྙད་བྱེད་པར་སྙམ་ཞིང་འདིར་དཔེ་ཆ་ཕལ་ཆེར་དཀོར་བདུན་ཞེས་བྲིས་སྣང་བས་དེ་ལྟར་བྱས་པ་ཡིན། གང་ལྟར་སྔགས་དངོས་བསྐྱེད་པས་བཞེད་པའི་རྩ་བའི་དཀོར་བདུན་གྱི་ཐ་སྙད་གདགས་གཞི་ནི་ལུགས་ཕྱི་མ་འདི་ཡིན་པར་འདོད་ཅིང་གཞན་གཉིས་ཀྱང་དེ་དང་དེ་འབྲེལ་ལས་བྱུང་བའི་བརྩི་ཚུལ་གཞན་ཞིག་མིན་ནམ་སྙམ་པ་ནི་གུས་པའི་རྟོག་འཆར་ཙམ་ཞིག་ཟིན་ཐོར་བཏབ་པ་ཡིན་ནོ།།

ཞེས་པ་འདི་ཡང་བསྟན་རྣམ་མིང་པས་རང་དགོན་དུ་དཔེ་ཁྲིད་བྱ་བའི་བར་གསེང་ཞིག་ལ་བྲིས་པའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.