ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྣམ་རྩོད་པའི་བདེན་གཉིས་སྐོར་གླེང་བ།
[ 2013/3/13 12:54:00 | By: ཁྱུང་གསེར་ཞུན། ]
 

༄༅།། གཤེན་རབ་རྣམ་རྩོད་པའི་ལུགས་ཀྱི་བདེན་གཉིས་སྐོར་ཅུང་ཟད་

གླེང་བ་དཔྱོད་ལྡན་རིགས་སྨྲ་དགྱེས་པའི་ལེགས་སྐྱེས།།

༧ རྣམ༵་མཁྱེན་རྒྱལ་བའི་གསུང་ལས་དངོས་བསྟན་པའི།།

རྣམ༵་རྩོད་པ་ཡི་བདེན་གཉིས་འཇོག་པའི་ཚུལ།།

རྣམ༵་པ་སོ་སོར་གསལ་བའི་རྩོམ་ཐུང་འདིའང་།།

རྣམ༵་དག་རིགས་སྨྲ་དགྱེས་པའི་ལེགས་སྐྱེས་ཡིན།།

དེ་ལྟར་ཡང་དབུས་གཏེར་ཐེག་རིམ་རྩ་འགྲེལ་གཉིས་ཀྱི་དགོངས་དོན་རྣམ་རྩོད་པའི་ལུགས་ཀྱི་བདེན་གཉིས་སྐོར་ཅུང་ཟད་གླེང་བར་བྱ་བ་ལ་གསུམ་སྟེ།   དཔྱད་གཞིའི་ཡན་ལག་ཏུ་གཞན་གྱི་ལུགས་དྲངས་པ་དང་།   འཐད་ལྡན་རང་ལུགས་དངོས་བཤད་པ་དང་།   དེ་ལ་ཅུང་ཟད་བསམ་པར་བྱ་བའོ།   དང་པོ་ནི་གཞན་སྡེས་ཉན་ཐོས་སྡེ་པའི་བདེན་གཉིས་འཇོག་ཚུལ་འགའ་ཙམ་ཡོད་འདུག་པ་ལས་འདིར་དཔེ་མཚོན་ཙམ་དུ་ཞྭ་སེར་ཅོད་པན་འཆང་བ་རྗེ་དཀོན་མཆོག་འཇིགས་མེད་དབང་པོའི་གྲུབ་མཐའ་རིན་ཆེན་ཕྲེང་བའི་བྱེ་བྲག་སྨྲ་བའི་བདེན་གཉིས་འཆད་སྐབས་སུ།   བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་སུ་དམིགས་པ་དེ།  ཀུན་རྫོབ་བདེན་པའི་མཚན་ཉིད།  མཚན་གཞི་ནི།  རྫ་བུམ་དང་ཕྲེང་བ་ལྟ་བུ་ཡིན་ཏེ།  རྫ་བུམ་ཐོ་བས་བཅོམ་པ་ན་རྫ་བུམ་དུ་འཛིན་པའི་བློ་འདོར་བ་དང་།  ཕྲེང་བའི་རྡོག་པོ་སོ་སོར་བསལ་བ་ན་ཕྲེང་བར་འཛིན་པའི་བློ་འདོར་བའི་ཕྱིར།   བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་སུ་དམིགས་པ་དེ། དོན་དམ་བདེན་པའི་མཚན་ཉིད།  མཚན་གཞི་ནི།  རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་།  ཤེས་པ་སྐད་ཅིག་ཆ་མེད་དང་།  འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཡིན་ཏེ།  མཛོད་ལས།  གང་ལ་བཅོམ་དང་བློ་ཡིས་གཞན།  །བསལ་ན་དེ་བློ་མི་འཇུག་པ།  །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ།  །ཡོད་དེ་དོན་དམ་ཡོད་བཞིན་ནོ།  །ཞེས་གསུངས་པའི་ཕྱིར།  ཞེས་དང་།   ཡང་མདོ་སྡེ་བའི་བདེན་གཉིས་འཇོག་སྐབས།  སྒྲ་དང་རྟོག་པས་བཏགས་པ་ལ་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་དེ་དོན་དམ་བདེན་པའི་མཚན་ཉིད།   དངོས་པོ་དང་།  དོན་དམ་བདེན་པ་དང་།  རང་མཚན་དང་།  མི་རྟག་པ་དང་།  འདུས་བྱས་དང་།  བདེན་གྲུབ་རྣམས་དོན་གཅིག   རྟོག་པས་བཏགས་པ་ཙམ་དུ་གྲུབ་པའི་ཆོས་དེ་ཀུན་རྫོབ་བདེན་པའི་མཚན་ཉིད།  དངོས་མེད་ཀྱི་ཆོས་དང་།  ཀུན་རྫོབ་བདེན་པ་དང་།  སྤྱི་མཚན་དང་།  རྟག་པ་དང་།  འདུས་མ་བྱས་ཀྱི་ཆོས་དང་།  བརྫུན་པར་གྲུབ་པ་རྣམས་དོན་གཅིག    ཅེས་སོགས་ནས།  བདེན་གཉིས་ཀྱི་འཇོག་ཚུལ་འདི་རིགས་པའི་རྗེས་འབྲང་གི་མདོ་སྡེ་བའི་ལུགས་ཡིན་ལ།  ལུང་གི་རྗེས་འབྲང་གི་མདོ་སྡེ་བས།  བདེན་གཉིས་ཀྱི་རྣམ་བཞག་བྱེ་སྨྲ་དང་མཐུན་པར་ཁས་ལེན་ནོ།   ཞེས་གསལ་བ་ལྟར་ན་སྤྱི་ཙམ་དུ་བྱེ་མདོ་གཉིས་བདེན་གཉིས་འཇོག་ཚུལ་མཚུངས་ཀྱང་དམིགས་བསལ་རིགས་པའི་རྗེས་འབྲང་མདོ་སྡེ་བའི་ལུགས་ལ་བཞེད་པ་མི་འདྲ་ཚུལ་བསྟན།  ཡང་ལུགས་དེ་ལྟར་མི་འཐད་པའི་ཚུལ་དཔལ་ས་སྐྱ་བའི་མཁས་པ་སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་ལས།  གཞིག་དང་བསལ་བས་རང་བློ་འདོར་མི་འདོར།  །ཡང་ན་དོན་དམ་དོན་བྱེད་ནུས་མི་ནུས།  །དོན་དམ་ཀུན་རྫོབ་བདེན་པའི་མཚན་ཉིད་ཕྱིར།  །འདི་གཉིས་དོན་གཅིག་ཆུ་དང་བུམ་སོགས་ཀྱིས།  །དམ་པའི་དོན་དུ་དོན་བྱེད་མི་ནུས་ཏེ།  །ཞེས་སོགས་ནས།  དེས་ན་དངོས་པོ་ཙམ་ལ་དོན་དམ་གྱིས།  །ཁྱབ་པ་མདོ་སྡེའི་ལུགས་སུ་སྨྲ་བ་ནི།  །མདོ་སྡེ་བ་ལ་སྐུར་བ་འདེབས་པ་སྟེ།  །བྱེ་སྨྲ་ལས་ཀྱང་ཆོས་བདག་རྒྱ་ཆེའི་ཕྱིར།  །དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི།  །བདེན་པར་མི་འདོད་དངོས་སྨྲ་མེད་ཕྱིར་རོ།  །ཞེས་གསུངས་ཤིང་བྱེ་མདོ་གཉིས་ལ་བདེན་གཉིས་འཇོག་ཚུལ་མི་འདྲ་བ་མེད་པར་མཛོད་ཀྱི་ལུང་གོང་གསལ་ལྟར་དང་། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་ལུང་གཉིས་ཀའི་དགོངས་པ་གཅིག་ཏུ་བཞེད་པས་མཚོན། བྱེ་མདོ་གཉིས་ཀྱི་བདེན་གཉིས་འཇོག་ཚུལ་ཐད་གཞན་སྡེའི་གྲུབ་མཐའ་ཁག་གི་མཁས་པ་རྣམས་དགོངས་པ་གཅིག་གྱུར་ཞིག་ད་ཕན་མ་བྱུང་བར་སྣང་ངོ་། བཞེད་པ་དེ་དག་འདིར་དྲངས་དོན་ནི་འདི་དང་རང་ལུགས་རྣམ་བཅས་རྣམ་མེད་གཉིས་ཀྱི་བདེན་གཉིས་བཞེད་ཚུལ་ཐད་ཁྱད་པར་ཅི་ཙམ་ཡོད་མེད་དཔྱད་གཞིར་བཀོད་པ་ཡིན་པས་གཤམ་གྱི་རང་ལུགས་བསྟན་སྐབས་སུ་དྲན་པར་བྱའོ།། 

གཉིས་པ་ནི།   ཐེག་རིམ་རྩ་བར།  ཕྱི་ཡུལ་དངོས་པོ་མེད་དེ་ནང་ཤེས་རྒྱུ་དང་འབྲས།  །རྟག་ཆད་གཉིས་གྲོལ་ཡུལ་སེམས་དོན་དམ་རྫོབ།  །ཅེས་རྐང་པ་དང་པོས་རང་རྟོགས་པའི་ལུགས་ཀྱི་བདེན་གཉིས་དང་ཕྱི་མས་རྣམ་རྩོད་པའི་ལུགས་ཀྱི་བདེན་གཉིས་གཙོ་བོར་བསྟན་ཅིང།  དེའི་ཐད་འགྲེལ་མེ་ལོང་དགུ་སྐོར་ལས་རྣམ་རྩོད་པའི་ལྟ་བ་བསྟན་སྐབས།  སྤྱིར་དེ་གཉིས་ཀའི་༼རྣམ་བཅས་པ་དང་རྣམ་མེད་པ་གཉིས།  མཆན།༽ལྟ་བ་ནི།   ཕྱི་དང་ནང་དུ་འདོད་དེ།  དེ་གཉིས་ཀས་དོན་དམ་གྱི་ཆ་དང་།  ཀུན་རྫོབ་ཀྱི་ཆར་འདོད་པའོ།  ཞེས་སོགས་ཀྱིས་རྣམ་རྩོད་སྡེ་གཉིས་པོས་རྩ་བའི་བདེན་གཉིས་འཇོག་ཚུལ་ལ་མི་འདྲ་བ་མེད་པར་བསྟན་ཅིང་། ཡང་འགྲེལ་ལས།  ཕྲ་བ་ཟབ་མོ་དེ་དོན་དམ་ལ་འདོད་ལུགས་མ་མཐུན་ཏེ།  ཞེས་སོགས་ཀྱིས་ཕྲ་བ་ཟབ་མོ་དེ་ལས་རགས་པ་རྩོམ་ལུགས་སོགས་ལ་འདོད་ཚུལ་མི་འདྲ་བ་འགའ་ཡོད་པར་གསུངས་ཤིང་།   དེ་བཞིན་ཀུན་མཁྱེན་ཉི་མའི་བསྡུས་གྲྭ་ལས།  ཐེག་པ་ཆུང་ངུའི་ལུགས་ལ་བློས་བཤིག་པའམ་གཞོམ་པར་མི་ནུས་པ་སྟེ། ཤེས་པ་སྐད་ཅིག་མ་དང་།  རྡུལ་ཕྲན་ལྟ་བུ་ནི།  དོན་དམ་ཡིན་ལ།  བློས་བཤིག་པའམ་གཞོམ་པར་ནུས་པ།  ཤེས་པའི་རྒྱུན་དང་།  བེམ་པོ་རགས་པ་རྣམས་ནི་ཀུན་རྫོབ་ཏུ་འདོད་པར་ཐེག་འགྲེལ་ལས་གསུངས་སོ།  ཞེས་གསལ་བ་ལྟར་རྒྱུ་ཡི་ཐེག་པ་ཆུང་ངུ་རྣམ་བཅས་པ་དང་རྣམ་མེད་པ་གཉིས་ཀས་བདེན་གཉིས་འཇོག་ཚུལ་གོང་ལྟར་ཐེག་འགྲེལ་གྱི་དགོངས་པ་དང་སྦྱར་ཏེ་གསལ་བར་གསུངས།  དེ་འདྲའི་དོན་དམ་བདེན་པ་ལ་དབྱེ་ན།  སྨྲ་དབང་ཡོངས་འཛིན་ཆེན་མོའི་བསྡུས་གྲྭ་ལས།  འདི་ལ་མཐའ་གསུམ་ཡིན་པར་གྱུར་པའི་དོན་དམ་བདེན་པ་དང་།  མཐའ་གསུམ་མ་ཡིན་པར་གྱུར་པའི་དོན་དམ་བདེན་པ་གཉིས་ཡོད།  མཚན་གཞི་ནི།   རྡུལ་གྱི་ཆུང་མཐའ།  དུས་མཐའི་སྐད་ཅིག་མ།  ཡི་གེ་ཀ་སོགས་ལྟ་བུའོ།  གཞན་ཡང་བྱས་མི་རྟག་སོགས་དང་།  རྟག་པའི་ཁྱབ་མཉམ་ཐམས་ཅད་དོ།   ཞེས་དང་། འདིའི་མཐའ་གསུམ་བསྟན་པའི་ལུང་ནི་རྣམ་རྒྱལ་བསྟོད་ཕྱག་ལས།  ཕྲ་བའི་ཕྲ་བ་ཕྲ་རབ་འཇིག་བྲལ་རྡུལ།  །ཟབ་པའི་ཡང་ཟབ་འཛིན་པ་སྐད་ཅིག་མ།   །དོན་གཉིས་དེ་འབྲེལ་མཐར་ཐུག་ཡི་གེ་སྒྲོགས།  །ཞེས་སོ།། 

གསུམ་པ་ནི།  དེ་ལ་འདི་ལྟར་དཔྱད་ན། རྣམ་མེད་པའི་བདེན་གཉིས་འཇོག་ཚུལ་དེ་ལྟར་ངེད་མོད་ཀྱང་།   རྣམ་བཅས་པའི་བདེན་གཉིས་བཞེད་ཚུལ་དེ་དང་མི་འདྲ་བ་ཡང་ཡོད་དགོས་ཏེ། སློབ་དཔོན་ཡོན་ཏན་རྒྱ་མཚོའི་བསྡུས་གྲྭ་ལས། བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ལུགས་ཞེས་སོ་སོར་བདེན་གཉིས་ཀྱི་མཚན་ཉིད་དང་མཚན་གཞི་མི་འདྲ་བར་གསལ་བར་གསུངས་པ་དང་། དེ་བཞིན་ཡོངས་འཛིན་བསྡུས་གྲྭ་ལས་ཀྱང་།   མདོ་སྡེ་པའམ་གཤེན་རབ་རྣམ་རྩོད་རྣམ་བཅས་པའི་ལུགས་ཀྱི་བདེན་གཉིས་ལས།  དང་པོ་དོན་དམ་བདེན་པའི་མཚན་ཉིད་ཡོད་དེ།  དོན་དམ་པར་དོན་བྱེད་ནུས་པ་དེ་ཡིན་པའི་ཕྱིར།      དེ་དང་རང་མཚན།  དངོས་པོ།  མི་རྟག་པ།  བདེན་པར་གྲུབ་པ་རྣམས་དོན་གཅིག  མཚན་གཞི་ནི་ཀ་བ་ལྟ་བུའོ།   །གཉིས་པ་ཀུན་རྫོབ་བདེན་པའི་མཚན་ཉིད་ནི།  དོན་དམ་པར་དོན་བྱེད་མི་ནུས་པའི་བོན་དེ་ཡིན་པའི་ཕྱིར།  དེ་དང་རྟག་པ།  སྤྱི་མཚན་རྣམས་དོན་གཅིག   མཚན་གཞི་ནི།  འདུས་མ་བྱས་པའི་ནམ་མཁའ་ལྟ་བུའོ།   ཞེས་གསུངས་པ་ལྟར་མ་ཡིན་ནམ་སྙམ་ན།  ཡིན་མོད་ཀྱང་དེ་ལྟར་གསུངས་པའི་དགོངས་གཞི་གཞན་ཞིག་ཡོད་པར་སྙམ་སྟེ། མདོ་སྡེ་པའམ་ཞེས་ཆེད་དུ་གསུངས་པ་ལ་དགོས་པ་ཡོད་པའི་ཕྱིར།   འོ་ན་དེ་འདྲ་འདོད་མཁན་གང་ཡོད་ཅེ་ན། གོང་དུ་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་།  སྟག་ཚང་བའི་གྲུབ་མཐའི་ལུང་དྲངས་པ་སོགས་ལས་བསྟན་པ་དེ་ཉིད་མིན་ནམ་སྙམ།  གལ་ཏེ་རང་ལུགས་ཀྱི་རྣམ་བཅས་པ་ལ་ཡང་ལུང་དང་རིགས་པའི་རྗེས་འབྲང་གཉིས་རེ་སོགས་འཇོག་རྒྱུ་ཡོད་མེད་ཇི་ལྟར་ཞེ་ན། དེ་དག་ལ་བསམ་པར་བྱ་བ་འདི་ཡོད་དེ།  གཞན་སྡེ་ལྟར་ན། གྲུབ་མཐའ་རིན་ཆེན་ཕྲེང་བ་ལས།  དེ་ལ་དབྱེ་ན་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་།  རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས།  དང་པོ་ནི།  མངོན་པ་མཛོད་ཀྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུ།   གཉིས་པ་ནི།  ཚད་མ་སྡེ་བདུན་གྱི་རྗེས་འབྲང་གི་མདོ་སྡེ་པ་ལྟ་བུའོ།  ཞེས་གསལ་བ་ལྟར་ལུང་དང་རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་གཉིས་དང་། བྱེ་བྲག་སྨྲ་བ་ལ་ཡང་སྡེ་པ་བཅོ་བརྒྱད་སོགས་གྱེས་པ་རྣམས། གང་གི་རྗེས་སུ་འབྲང་བའི་ཕུགས་དང་།  གང་ཟག་གང་ཞིག་འབྲང་བ། ཚུལ་ཇི་ལྟར་འབྲང་བ་སོགས་ཀྱི་དཔྱད་གཞི་ཡོད་བཟོ་འདུག་རུང་།   རང་ལུགས་ཐོག་མར་སྟོན་པ་གཤེན་ལྷ་འོད་དཀར་གྱིས་འཁོར་ཐེག་ཆེན་པ་རྣམས་དང་རྗེས་སུ་གཤེན་རབ་མི་བོས་ལྷ་བོན་སྒམ་གསུམ་སོགས་ལ་རྣམ་རྩོད་པའི་ཐེག་པ་གསུངས་པ་ནས་རིམ་པར་དེ་འདྲའི་གྲུབ་མཐའ་ཆེད་དུ་གཙོར་འདོན་གནང་མཁན་གྲུབ་འཛིན་བོན་ལུགས་ཀྱི་མིང་ཅན་བྱུང་ཡོད་མེད་དང་བྱུང་ཡང་ལུང་ངམ་རིགས་པ་གང་ཞིག་གི་རྗེས་སུ་འབྲངས་ཏེ་སྡེ་པ་སོ་སོར་གྱེས་ཚུལ་ཡོད་མེད་དང་།  གྱེས་ཀྱང་རྗེས་སུ་རྒྱུད་འཛིན་ག་ཚོད་ཙམ་འཕེལ་ཡོད་མེད། འཕེལ་ཡང་ད་སྐབས་དེ་དག་གི་གནས་བབ་ཅི་འདྲ་ཞིག་ཡོད་ཚུལ།  ཡང་ན་དང་ཐོག་ཐེག་རིམ་རྩ་འགྲེལ་གཉིས་ལས་བསྟན་པའི་རྣམ་རྩོད་པའི་གྲུབ་མཐའ་དེ་ཉིད་རིམ་པས་རྒྱ་གར་སོགས་སུ་ཆོས་མིང་ཅན་དུ་གྱུར་ཏེ་དར་ཞིང་དེ་ལ་ལུང་དང་རིགས་པའི་རྗེས་འབྲང་སོགས་བྱུང་བའི་ཕྱིར་ན་ད་ལྟའི་བན་བོན་གཉིས་ཀྱི་ཡིག་ཆར་གྲགས་པ་རྣམས་ཐ་སྙད་ཙམ་ལས་དོན་ལ་ཁྱད་མེད་ཨེ་ཡིན།  ཡང་ན་ཐེག་རིམ་ཉིད་ཀྱང་ཐེག་ཆེན་ལྟ་བ་སྤྱི་གཅོད་ཀྱི་གཞུང་ཞིག་ཡིན་ཕྱིར་དེར་བསྟན་པའི་ཐེག་དམན་རྣམས་འཇིག་རྟེན་ཁམས་སུ་འབྱུང་སྲིད་པ་སྟེ། སྔོན་བྱུང་ལོ་རྒྱུས་ཙམ་མམ་མ་འོངས་ལུང་བསྟན་གྱི་ཚུལ་དུ་དགོས་པའི་དབང་གིས་བསྟན་པ་ཙམ་ལས་དེ་དག་ཇི་བཞིན་ཉམས་སུ་བཞེས་པའི་ལྷ་བོན་སྒམ་གསུམ་སོགས་ནས་རིམ་པར་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་རང་ལུགས་དངོས་ནི་མ་བྱུང་བ་ཡིན་མིན་སོགས་ནི་དཔྱད་བྱའི་ཕུགས་རིང་ཞིང་འགྲེལ་ཡོད་ཀྱི་ཡིག་ཆ་ཡང་དཀོན་སྟབས་རྩོམ་ཐུང་འདིར་ཁ་ཚོན་མ་ཆོད་པས་དཔྱད་བྱ་ཙམ་དུ་བཞག  དེ་འདྲའི་དཀའ་ཁག་སྔོན་ནས་མེད་པ་ཡང་མ་ཡིན་ཏེ། དཔེར་ན་སློབ་དཔོན་ཡོན་ཏན་རྒྱ་མཚོའི་བསྡུས་གྲྭ་ལས།  གྲུབ་མཐའ་སོ་སོར་ཞུགས་པའི་གང་ཟག་བསྟན་སྐབས། ཐལ་འགྱུར་བའམ་མཚན་མ་ཀུན་བྲལ་གྱི་དབུ་མ་བའི་མཚན་གཞིར།  མཁས་པ་དཔལ་ཆེན་དང་། མེ་སྟོན་ཤེར་འོད་ལྟ་བུའོ། ཞེས་པ་ལས་གཞན་རྣམ་རྩོད་པ་དང་།  རང་རྟོགས་པ། ཐུགས་རྗེ་སེམས་དཔའ་སོགས་ཀྱི་གྲུབ་མཐའ་སྨྲ་བའི་མཚན་གཞི་གཅིག་ཙམ་མ་བཞག་པ་འདིས་ཀྱང་གནད་ཅིག་བསྟན་པ་ཡིན། མ་གཞི་འདི་དག་སྐོར་ལ་གསལ་ཆ་དེ་ཙམ་མེད་པའི་སྣང་ཚུལ་ཞིག་འབྱུང་བ་ཡང་སྔར་འདས་ཀྱི་ལོ་རྒྱུས་ཤུལ་ལམ་རིང་མོར་བོན་བསྟན་ལ་གོད་ཆག་ཅི་རིགས་འཕྲད་པ་སོགས་གཞན་རྐྱེན་ཡང་ཧ་ཅང་ཛ་དྲག་པར་མ་ཟད། རྒྱུ་མཚན་གཞན་ཞིག་ནི་རང་ངོས་ནས་ཀྱང་ཡོད་པ་འདྲ་སྟེ། རང་རེའི་བསྟན་སྒོར་ཞུགས་པ་ཕལ་ཆེར་མཐོ་ན་ཐེག་ཆེན་པ་ཤ་སྟག་བྱེད་འདོད་ཀྱི་ཁ་ཕོ་ཐལ་ཆེ་བའམ། དེ་མིན་གྱེར་དབྱངས་བཅའ་འདོན་ཙམ་དུ་སྙིང་པོར་འཛིན་པ་ལས་བསྟན་པའི་སྙིང་པོ་ལུང་དང་རྟོགས་པའི་བོན་ལ་ཐོས་བསམ་སྒོམ་པའི་བྱ་བར་གོམ་པ་རིམ་བགྲོད་ཀྱིས་ཚུལ་བཞིན་ཞུགས་པའི་ལུགས་སྲོལ་ཚད་ལྡན་ཞིག་དཀོན་པའི་དབང་གིས་བྱུང་བར་དྭོགས་སོ།།  མདོར་ན་ད་ལན་ཇི་ལྟར་བཤད་པ་འདི་དག་ནི་གཙོ་བོ་ཐེག་རིམ་ལས་བསྟན་པའི་རྣམ་རྩོད་པའི་བདེན་གཉིས་སྤྱི་ཡི་འཇོག་ཚུལ་རང་བློས་གོ་ཚོད་ཙམ་ཞིག་དཔྱད་གཞིར་བཀོད་པ་ལས་ད་དུང་འདི་དག་སྐོར་ལ་རྣམ་དཔྱོད་ཞིབ་མོའི་སྒོ་ནས་གསལ་བཤད་གནང་བའི་སྐྱེས་བུ་གང་ཞིག་བྱུང་ན་བསྟན་པའི་གསལ་བྱེད་དུ་ངེས་པས་སུས་ཀྱང་ཡི་རངས་དང་རྗེས་སུ་འཇུག་པའི་གནས་ཁོ་ནར་འདོད་དོ།།  ཞེས་པ་འདི་ཡང་བསྟན་རྣམ་པ་དེས་རང་དགོན་གྱི་བཤད་གྲྭའི་ཐེག་རིམ་འཛིན་གྲྭ་རྣམས་ལ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དཔེ་ཁྲིད་བྱེད་པའི་ཞོར་འཕྲོས་སུ་བྲིས་པ་དགེའོ།

 
 
Re:རྣམ་རྩོད་པའི་བདེན་གཉིས་སྐོར་གླེང་བ།
[ 2013/3/17 16:04:52 | By: སྐུ་མགྲོན་pt3Vna(སྐུ་མགྲོན) ]
 
སྐུ་མགྲོན་pt3Vna(སྐུ་མགྲོན)གོང་གི་དཔྱད་མཆན་ལྟར་བློས་བཤིག་པའམ་གཞོམ་པར་མི་ནུས་པའི་བོན་དེ་རྣམ་རྩོད་སྡེ་གཉིས་ལྟ་ཅི་རང་རྟོགས་པས་ཀྱང་དོན་དམ་བདེན་པའི་མཚན་ཉིད་འདོད་པའི་ཕྱོགས་སུ་གསུངས་མོད། འོན་ཏེ་དེའི་ཟུར་གྱི་གཞོམ་པར་མི་ནུས་པའི་དོན་ཕྱི་ཡི་རྡུལ་ཕྲ་རབ་ཆ་མེད་བསྟན་པ་ཡིན་པས་རང་རྟོགས་པས་དེ་འདོད་དགོས་པར་འགྱུར་བར་འཐད་དཀའ་འོ། དེ་ཡང་ཡིན་ཏེ་བློས་བཤིག་ཅེས་ནང་གི་ཤེས་པ་ཆ་ཤས་བློས་བསལ་བ་དང་། གཞོམ་ཞེས་ཕྱི་ཡི་རྡུལ་རགས་པ་སྟེ་དཔེར་ན་བུམ་པ་ཐོ་བས་བཅོམ་པ་དང་། ཆུ་ཐིགས་རླངས་པར་བསྒྱུར་བ་ལྟར་ཀུན་མཁྱེན་གྱིས་བཤིག་པའམ་གཞོམ་པ་ཞེས་གཉིས་སུ་གསུངས་པའི་དགོས་པ་ཤེས་ན་དེ་ལྟར་འགྲེལ་བ་ཡིན་ནོ།
 
 
Re:རྣམ་རྩོད་པའི་བདེན་གཉིས་སྐོར་གླེང་བ།
[ 2013/3/16 2:36:40 | By: སྐུ་མགྲོན་NRIu4X(སྐུ་མགྲོན) ]
 
སྐུ་མགྲོན་NRIu4X(སྐུ་མགྲོན)ཀུན་མཁྱེན་གྱིས་གསུངས་པའི་ཐེག་པ་ཆུང་ངུའི་ལུགས་ཀྱི་དོན་དམ་དང་ཀུན་རྫོབ་ཀྱི་མཚན་ཉིད་ཅེས་པ་དེ་ནི་རྣམ་རྩོད་སྡེ་གཉིས་ཁོ་ནའི་ལུགས་ལྟར་སྦྱར་བ་ནི་ཅུང་ཞིག་མི་འོས་པར་སྣང་སྟེ། རང་རྟོགས་དངོས་ཀྱིས་ཕྱི་ནང་གི་ཐོག་ལ་བདེན་གཉིས་འཇོག་ཚུལ་དེ་ལྟར་ཏེ། ཕྱི་ཡུལ་དངོས་པོ་མེད་དེ་ནང་ཤེས་རྒྱུ་དང་འབྲས། ཞེས་པས་ཕྱིའི་གཟུང་བ་ཕྲ་རགས་ཀུན་ཀྱང་ཡང་དག་མ་ཡིན་པའམ་ཆ་བཅས་ཏེ་ཀུན་རྫོབ་ཏུ་འདོད་པ་དང་དེས་ན་ཕྱིས་སུ་ཐེག་པ་འདིས་གཟུང་བ་བོན་གྱི་བདག་མེད་རྟོགས་ཞེས་གསུངས་པར་མངོན། ནང་གི་ཤེས་པ་རྣམས་ཆ་མེད་དམ་ཡང་དག་པ་སྟེ་དོན་དམ་དུ་འདོད་པས་འཛིན་པའི་ཐོག་ཏུ་བོན་བདག་མ་ཁེགས་ཞེས་གྲགས་སོ། དེ་ཡང་ཤེར་ཕྱིན་སྐབས་དང་པོ་ལས། གཟུང་བ་ཕྱི་རོལ་གྱི་དངོས་པོ་ཕྲ་རགས་གང་ཡང་། ཡང་དག་ཏུ་ཁས་མི་ལེན་ཞིང་ཀུན་རྫོབ་ཙམ་དུ་སྣང་བ་མི་འགོག་གོ། དོན་དམ་པར་འཛིན་བྱེད་ཀྱི་ཤེས་པ་ཡང་དག་ཏུ་ཡོད་པར་དེ་ཡང་གཟུང་འཛིན་གཉིས་སུ་ཡོད་དེ། ཞེས་སོགས་གསུངས་པས་ཤེས་སོ། མདོར་ན་མཚན་ཉིད་དེ་ནི་རང་རྟོགས་གཤེན་རབ་པའི་གྲུབ་མཐའ་སྤྱི་ལུགས་ཀྱི་བདེན་གཉིས་སོ་སོའི་མཚན་ཉིད་བཞག་ན་འཐད་པར་སྙམ་མོ། ཀུ་ས་ལིས།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
༧དྲྭ་གྲོགས་ཀུ་ས་ལི་མཆོག་ནས་དཔྱད་མཆན་གནང་བར་གུས་བཀུར་དང་ལྷན། གོང་གསལ་དོན་དམ་བདེན་པའི་མཚན་ཉིད་དེ་རང་རྟོགས་དངོས་ཀྱིས་ཀྱང་ནང་ཤེས་པ་ཕྲ་བ་དོན་དམ་དང་ཕྱི་རྡུལ་ཕྲ་རགས་གཉིས་ཀ་ཀུན་རྫོབ་འདོད་པའི་ཆ་ནས་རྣམ་རང་ཐུན་མོང་གི་དོན་དམ་བདེན་པའི་མཚན་ཉིད་བྱས་ནའང་མི་འགལ་བ་ཤེས་མོད་ཀྱང་། མཁན་ཆེན་གྱིས་ཐེག་འགྲེལ་སྐབས་ལྟར་དེ་ཉིད་གཙོ་བོ་རྣམ་རྩོད་པའི་ལུགས་སུ་མཛད་དེ་མཚན་གཞི་ཡང་ཕྱི་ནང་གཉིས་ཀའི་ཐོག་ནས་བཞག་མཛད་པ་ལྟར་འདིར་ཡང་དེ་ལྟར་བྱས་པ་ལགས། མ་གཞི་རྩོམ་འདི་ཡི་གཙོ་བོའི་དཔྱད་བྱ་རྣམ་རྩོད་པ་དང་མདོ་སྡེ་པ་གཉིས་ལ་ཁྱད་ཅི་ཡོད་དང་། རྣམ་རྩོད་པ་ལ་ལུང་དང་རིགས་པའི་རྗེས་འབྲང་གཉིས་སུ་ཡོད་མེད་སྐོར་ལགས་པས་དེ་དག་དང་འབྲེལ་ཡོད་ཀྱི་དཔྱད་མཆན་འདྲ་བྱུང་ན་དེ་བས་གུས་བཀུར་ཞུ་རྒྱུ་ཁོ་ན་ལགས་སོ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.