བསྟན་འཛིན་རྣམ་རྒྱལ།
ཁ་པར། ༡༣༦༤༨༩༦༩༠༩༦
༄༅།། ཐེག་འགྲེལ་མེ་ལོང་དགུ་སྐོར་ལས་བྱུང་བའི་དགག་སྒྲ་འགའ་ཡི་དབྱེ་བསལ་དཔྱོད་ལྡན་རིག་པའི་དགྱེས་མཆོད།།
༧ བདེ་མེད༵་སྲིད་པའི་གྲོང་དུ་རྟག་མནལ་བའི།།
གྲངས་མེད༵་གདུལ་བྱའི་འདུ་ཤེས་ལ་ལྟོས་ཏེ།།
མཐའ་མེད༵་ཐེག་པའི་སྒོ་འཕར་ཡོངས་འབྱེད་པའི།།
བསླུ་མེད༵་སྐྱབས་གཅིག་དམུ་རྒྱལ་གཤེན་ལ་འདུད།།
༧ གང་གསུང་བཀའ་འགྲེལ་གཞུང་ཆེན་མ་དྲོས་མཚོའི།།
དགོངས་དོན་བྱིས་བློའི་ཡུར་བར་ཤོང་མིན་ནའང་།།
ཅུང་ཟད་འབད་ལས་ཐོབ་པའི་ཆུ་ཐིགས་ཙམ།།
བཀོད་པ་འདི་ཡང་རིག་པའི་དགྱེས་མཆོད་ཡིན།།
དེ་ལ་སྤྱིར་ཚད་གཞི་ངེས་ཅན་ལྡན་པའི་དཔེ་ཆ་སློབ་གཉེར་བྱེད་མཁན་ཞིག་ལ་མཚོན་ན་གང་ཞིག་འདོད་པ་དང་ཡང་ན་མི་འདོད་པ། དེ་བཞིན་ཁྱབ་པའམ་མ་ཁྱབ་པ། རྣམ་པར་རྟོག་པའམ་རྣམ་པར་མི་རྟོག་པ་ལྟ་བུའི་དགག་སྒྲ་ཡོད་དང་མེད་པའི་ཕྱོགས་གཉིས་པོར་གཞི་རྩའི་གོ་དོན་ལྡོག་ཕྱོགས་ཤ་སྟག་འབྱུང་སྟབས་དེ་རིགས་ཞིབ་ཅིང་ཕྲ་བའི་སྒོ་ནས་བླང་དོར་མ་བྱས་ན་རྩ་བའི་དོན་ཐོབ་ཕྱིན་ཅི་ལོག་ཏུ་འགྲོ་བའི་ཉེན་ཚབས་ཆེ་སྟབས་སྣང་ཆུང་དུ་མི་ཤོར་བའི་སྒོ་ནས་འཇུག་དགོས་པ་ནི་ཚང་མས་མཁྱེན་གསལ་ལགས་པ་བཞིན་འདིར་གསར་དུ་འོས་སྦྱོར་བྱ་དགོས་པ་ཅི་ཞིག་ཡོད། སྦྱང་བྱའི་དཔེ་ཆ་ཁག་ལ་བསམ་ན་དཔེ་ཁུངས་གང་ལས་བྱུང་ཡང་ཕྱི་ནང་ཡུལ་དུས་གང་ཞིག་གི་རྐྱེན་དབང་ལ་བརྟེན་དཔེ་གཞི་ཚང་མ་གཅིག་མཐུན་ནམ་སྐྱོན་མེད་རྣམ་དག་འབའ་ཞིག་ཡིན་པའི་ངེས་པ་མི་འདུག་ལ་དེའི་དབང་གིས་སློབ་པ་གསར་ཞུགས་རྣམས་ལ་དཀའ་ཁག་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་པའང་གཤམ་དུ་གསལ་བ་འདི་དང་འདི་ལྟ་བུས་མཚོན་ཐུབ་པ་ནི་སུས་ཀྱང་ཁས་ལེན་འོས་པའི་དོན་གནད་ཡིན། དེ་དག་ལས་གང་ཞིག་དག་པ་འམ་གང་ཞིག་མ་དག་ཅེས་ལས་སླ་མདོག་གིས་འཇོག་ཆོག་ཆོག་ཅིག་ཀྱང་མ་ཡིན་ལ་རང་དགར་དཔྱད་མེད་ཚོར་མེད་ཀྱིས་དུས་འདས་ནའང་རྩ་བའི་དགོངས་དོན་རྟོགས་པའི་སྐལ་པ་ནམ་ཞིག་ལྡན་ཏེ་མི་ལྡན་ནོ།། དེ་ལྟར་སྐབས་ཀྱི་གླེང་གཞིས་མདུན་བསུས་ཏེ་གང་ཞིག་འཆད་པར་བྱ་བ་ཡང་ཐོས་པ་བརྒྱ་ལས་མྱོང་བ་གཅིག་ལྷག་པའི་དཔེ་བཞིན་ཕྲན་སྔོན་མར་མཚན་ཉིད་སློབ་གཉེར་བགྱི་བའི་དུས་ཀྱི་ཚེ་ན་ལན་གཅིག་རེས་འཁོར་དམ་བཅའ་ཞིག་གི་སྐབས་སུ་བབ་པ་ན་སློབ་གྲོགས་རྩོད་པ་བ་ཞིག་གིས་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་ཐུགས་རྗེ་སེམས་དཔའ་སྐྱེ་མཆེད་འཁྲུལ་པ་བའི་བཞེད་ཚུལ་ཏེ་སྐྱེ་མཆེད་སྣ་ཚོགས་དང་དེ་འཛིན་གྱི་ཤེས་རིག་གཉིས་ཀུན་བརྟགས་དང་གཞན་དབང་ཐད་ཇི་ལྟར་བརྩི་ཚུལ་སྐབས། འགྲེལ་ལས་གཞན་དབང་དངོས་པོ་གཉིས་སམ། ཀུན་བརྟགས་གཏན་མེད་གཉིས། གཞན་དབང་གཅིག་དང་ཀུན་བརྟགས་གཅིག་བཅས་བརྩི་ཚུལ་གསུམ་ལས་དང་པོ་གཉིས་ལ་དོགས་གནས་མ་མཆིས་མོད། ཕྱི་མ་གཞན་དབང་གཅིག་དང་ཀུན་བརྟགས་གཅིག་གཉིས་ལ་ཇི་ལྟར་བརྩི་ཚུལ་འབེལ་བ་ན། གུས་པས་དེ་འདྲའི་བརྩི་ཚུལ་གསུམ་ལས་ཕྱི་མ་ལྟར་དུ་བརྩི་བར་ཁས་བླངས་པ་ན། མང་པོ་ཞིག་ནས་དེ་ལྟར་མི་འཐད་པར་ཕྱི་མ་ལ་ཡང་མི་བརྩི་བའི་རྒྱུ་མཚན་སོགས་ལས་འཕྲོས་པའི་རྩོད་པ་ཕྲན་ཙམ་བྱུང་སོང་ཡང་འཇུག་ཐོག་དེར་རང་གཞན་གཉིས་ཀར་ངེས་ཤེས་རྣལ་མ་འདྲེན་ནུས་པའི་མཐའ་སྡོམ་ཞིག་མ་བྱུང་ཡང་རྩོད་སྐོར་དེ་ལས་ཕྱིས་སུ་དེ་ཉིད་དཔྱད་པའི་རིག་སྒོ་ཞིག་ཕྱེས་སོང་བ་ནི་རྩོད་པའི་ཕན་ཡོན་དེ་འདྲ་ཡོད་པ་ཡང་ཞོར་དུ་རྟོགས། ཡང་སྙིང་དེ་ལྟར་བརྩི་དང་མི་བརྩི་བའི་གནད་འགག་གཙོ་བོ་ནི་ཡིག་ཆར་དགག་སྒྲའི་མི༵་ཡིག་ཅིག་ཡོད་མེད་དབང་གིས་བྱུང་བར་ངེས་ཏེ། རྗེས་སོར་འབྲེལ་ཡོད་ཀྱི་ཡིག་ཆ་འགའ་ཞིག་ལ་དཔྱད་བསྡུར་ཞུས་པས་དེ་འདྲའི་དགག་ཚིག་ཡོད་མེད་རིགས་གཉིས་ཡོད་པ་ཤེས་རྟོགས་བྱུང་། དེ་དག་གང་དང་གང་ཞིག་ཡིན་པའི་སྐོར་གཤམ་དུ་དཔེར་མཚོན་འགའ་ཞིག་བཀོད་ན། རྗེ་རིན་པོ་ཆེའི་གསུང་འབུམ་དཔེ་གཟུགས་གྲས་སུ་བཞུགས་པའི་ཐེག་འགྲེལ་༼༡༤༽ལས། གཞན་དབང་གཅིག་དང་ཀུན་བརྟགས་གཅིག་གཉིས་ལ་བརྩི་༼ཕྲན་གྱིས་ཐོག་མར་སྦྱང་བྱའི་དཔེ་ཆ་ཡང་དེ་ཡིན།༽བའོ། ཞེས་དང་། ལུང་རིགས་མཛོད་དཔེ་གཟུགས་༼༡༣༥༽ལས། གཞན་དབང་དང་ཀུན་བརྟགས་གཉིས་ལ་བརྩི་བའོ། ཞེས་དང་། སྒ་སྟོན་ཐེག་འགྲེལ་དེབ་གཟུགས་༼༡༤༥༽ལས། གཞན་དབང་དང་ཀུན་བརྟགས་གཉིས་ལ་བརྩིའོ། ཡང་སྨན་དགོན་དཔར་མ་ཐེག་འགྲེལ་དེབ་གཟུགས་༼༡༩༽ལས། གཞན་དབང་གཅིག་དང་ཀུན་བརྟགས་གཅིག་གཉིས་ལ་མི་བརྩི་བའོ། ཞེས་དང་། ཀོ་དགོན་དཔར་མ་ཐེག་འགྲེལ་དེབ་གཟུགས་༼༣༣༽ལས། གཞན་དབང་གཅིག་དང་། ཀུན་བརྟགས་གཅིག་གཉིས་ལ་མི་བརྩི་བའོ། ཞེས་གསལ། འོ་ན་དེ་དག་ལས་ཡང་སྙིང་འོ་མ་བརྒྱ་དཀྲོགས་སྟོང་གི་སྙིང་པོ་མར་དུ་གྲུབ་པ་བཞིན་གང་ཞིག་འདོད་པའི་ཁ་ཚོན་ཆོད་དམ་ཞེ་ན། སྤྱིར་ན་མི་སུམ་ཅུ་ལ་བསམ་བློ་སུམ་ཅུ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཞེས་པའི་དཔེ་ལྟར་སྲིད་མོད་ཀྱང་འདིར་གོང་མ་ལྟར་བརྩི་བའི་ལུགས་དེ་འཐད་པར་མཐོང་སྟེ། དེ་ལྟར་འདོད་པ་ལ་རྒྱུ་མཚན་འཐད་ལྡན་འདི་ཡོད་དེ། འདིར་གང་ཞིག་བརྩི་བར་བྱ་བ་ནི་སྐྱེ་མཆེད་འཁྲུལ་པ་བས་འདོད་པའི་འཁྲུལ་བ་ཕྱི་ཡུལ་གྱི་སྐྱེ་མཆེད་དང་། དེ་འཛིན་གྱི་ཤེས་པ་གཉིས་ལ་འཇོག་དགོས་པ་གང་ཞིག དེ་གཉིས་ལས་དང་པོ་ཀུན་བརྟགས་ཡིན་ལ་ཕྱི་མ་གཞན་དབང་ཡིན་པས་གཞན་དབང་གཅིག་དང་ཀུན་བརྟགས་གཅིག་གཉིས་ལ་བརྩི་བའོ། དེ་ཡང་ཡིན་ཏེ། དེ་གཉིས་གཞན་དབང་དངོས་པོ་གཉིས་ལ་མི་བརྩི་བའི་རྒྱུ་མཚན་ཡང་གཅིག་གཞན་དབང་ཡིན་ཀྱང་གཅིག་ཤོས་དངོས་པོ་མིན་པས་དང་། ཡང་གཅིག་ཀུན་བརྟགས་ཡིན་ཀྱང་གཅིག་ཤོས་གཏན་མེད་མིན་པས་ཀུན་བརྟགས་གཏན་མེད་གཉིས་ལ་ཡང་མི་བརྩི་བའོ། འདིའི་བརྩི་དང་མི་བརྩི་ཞེས་པ་ནི་གཞུང་འདིར་བྱུང་བའི་བརྡ་ཆད་ཅིག་སྟེ་དོན་ནི་དེ་ལྟར་འདོད་དང་མི་འདོད་ཅེས་པའི་དོན་དུ་གོ་བ་ཚིག་སྦྱོར་སྤྱི་ཡི་བབ་ཀྱིས་ཤེས་ནུས། ད་དུང་དེ་གཉིས་ཀྱི་དཔེ་རུ་རི་བོང་རྭ་དང་བུམ་པ་གཉིས་ལ་བཞག་པས་ཀྱང་དེ་ལྟར་ངེས་པ་ཡིན། རྒྱུ་མཚན་གཞན་ཞིག་ནི་འདི་སྐབས་དེ་གཉིས་གང་ཞིག་བརྩི་བ་དང་གང་ཞིག་མི་བརྩི་བའི་དཔྱད་པ་ཡིན་ཕྱིར་གསུམ་ཀར་མི་བརྩི་བ་ཡིན་ན་དེ་ལྟར་དཔྱད་པའི་དགོས་པ་མེད་དེ། དཔེར་ན་འགྲེལ་དེ་རང་ལས་རྒྱུ་འབྲས་བརྩི་ཚུལ་ཡང་དུས་གསུམ་ལས་འདས་མ་འོངས་གཉིས་ལ་མི་བརྩི་ཞིང་ད་ལྟ་བ་ལ་བརྩི་བར་འཐད་པའི་རིགས་པ་ཡང་འདི་ཡི་མཚུངས་དཔེ་ཡང་དག་ཅིག་གོ། དེས་ན་གོང་གི་ལུགས་ཕྱི་མ་དེ་ཡིག་ནོར་ཙམ་དུ་ཟད་པར་འདོད་དོ། འདི་ལས་འཕྲོས་ཏེ་ད་དུང་དགག་སྒྲ་ཡོད་མེད་འགའ་ལ་དཔྱད་པར་བྱ་སྟེ། ལུང་རིགས་མཛོད་ལས། གནས་སྐབས་རྣམ་པར་རྟོག་པ་ཞེས་བྱའོ། ཞེས་དང་། སྨན་དགོན་དཔར་མ་ཐེག་འགྲེལ་ལས། གནས་སྐབས་རྣམ་པར་རྟོག་པ་ཞེས་བྱའོ། ཞེས་དང་། རྗེ་ཡི་ཐེག་འགྲེལ་སྨན་དགོན་དཔར་མ་ལས། གནས་སྐབས་རྣམ་པར་རྟོག་པ་ཞེས་བྱའོ། ཞེས་དང་། ཡང་རྗེ་ཡི་གསུང་འབུམ་གྲས་ཀྱི་ཐེག་འགྲེལ་ལས། གནས་སྐབས་རྣམ་པར་མི་རྟོག་པ་ཞེས་བྱའོ། ཞེས་དང་། ཀོ་དགོན་དཔར་མ་ལས། གནས་སྐབས་རྣམ་པར་མི་རྟོག་པ་ཞེས་བྱའོ། ཞེས་གསལ། དེ་ལྟར་རྣམ་པར་རྟོག་པའམ་མི་རྟོག་པ་གཉིས་ལས་གོང་མ་ལྟར་འདོད་ན་ལེགས་པར་སེམས་ཏེ། འདིའི་སྐབས་ཀྱི་དཔྱད་གཞི་རྣམ་པར་རྟོག་དང་མི་རྟོག་གཉིས་ནི་འགྲེལ་ལྟར། ཁ་དོག་ཏུ་སྣང་བའི་ཤེས་པའི་སྐྱེ་མཆེད་དེ་ལ་གནས་སྐབས་རྣམ་པར་རྟོག་པ་ཞེས་དང་། ཤེས་པ་རང་གི་ངོ་བོ་རིག་པ་གཉིས་མེད་དེ་ལ་རང་བཞིན་ཏེ་གནས་སྐབས་མ་ཡིན་ཅིང་རྣམ་པར་དག་པ་ཞེས་དེ་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་སྒོ་ནས་འཇོག་པའི་རྒྱུ་མཚན་གྱིས་འདིར་བསྟན་ཡུལ་གྱི་སྐྱེ་མཆེད་དེ་གནས་སྐབས་ཙམ་དང་ཤེས་པ་རང་གི་ངོ་བོ་རིག་པ་གཉིས་མེད་དེ་རང་བཞིན་དུ་གནས་པ་ཡིན་པས་དེ་ལ་ལྟོས་ཏེ་གནས་སྐབས་ཀྱི་རྣམ་རྟོག་གམ་ཤེས་པ་ཙམ་ཡིན་པས་སོ།། ༧ ཡང་སྨན་དགོན་དཔར་མ་ཐེག་འགྲེལ་ལས། ལྷན་གཅིག་མི་གནས་ཡེ་ཤེས་སྐྱེས་ཙམ་ན། ཞེས་དང་། ཀོ་དགོན་དཔར་མ་ལས། ལྷན་ཅིག་མི་གནས་པའི་ཡེ་ཤེས་སྐྱེས་ཙམ་ན། ཞེས་དང་། རྗེ་ཡི་ཐེག་འགྲེལ་ལས། ལྷན་གཅིག་མི་གནས་པའི་ཡེ་ཤེས་སྐྱེས་ཙམ་ན། ཞེས་དང་། ཡང་ལུང་རིགས་མཛོད་ལས། ལྷན་ཅིག་གནས་པའི་ཡེ་ཤེས་སྐྱེས་ཙམ་ན། ཞེས་དང། རྗེ་ཡི་གསུང་འབུམ་གྲས་ཀྱི་ཐེག་འགྲེལ་ལས། ལྷན་ཅིག་གནས་པའི་ཡེ་ཤེས་སྐྱེས་ཙམ་ན། ཞེས་ལྷན་ཅིག་གནས་པའམ་མི་གནས་པ་གཉིས་སུ་བྱུང་བ་ལས་གོང་མ་དེ་དག་པར་འདོད་དེ། སྒ་སྟོན་གྱི་གཞི་ལམ་རྣམ་འབྱེད་ཀྱི་རང་འགྲེལ་ལས། མཐོང་ལམ་ཐམས་ཅད་སྣང་བ་དང་མུན་པ་ཆེ་ལོང་ལྟར་སྤང་གཉེན་ལྷན་ཅིག་མི་གནས་པ་སྟེ། དེ་ལ་སྐྱེ་འགྱུར་གྱི་ལམ་ཞེས་བྱའོ། ཞེས་གསུངས་པ་ལྟར་སྤང་བྱ་དང་གཉེན་པོ་གཉིས་དུས་མི་མཉམ་པའི་ལྷན་ཅིག་མི་གནས་འགལ་ཡིན་པའི་རྒྱུ་མཚན་གྱིས་གཉེན་པོ་ཡེ་ཤེས་ལ་ལྷན་ཅིག་མི་གནས་པའི་ཡེ་ཤེས་སུ་གསུངས་པའི་དོན་དུ་གོ་བའི་ཕྱིར་རོ།། ༧ ཡང་ཀོ་དགོན་དང་སྨན་དགོན་དཔར་མའི་ཐེག་འགྲེལ། རྗེ་ཡི་ཐེག་འགྲེལ། ལུང་རིགས་མཛོད། སྒ་སྟོན་ཐེག་འགྲེལ་ལྔ་ཀར། ད་ལྟ་བ་ལ་བརྩི་སྟེ། ཞེས་དང་། རྗེ་ཡི་གསུང་འབུམ་གྲས་ཀྱི་ཐེག་འགྲེལ་གཅིག་པུར། ད་ལྟ་བ་ལ་མི་བརྩི་སྟེ། ཞེས་གསལ་བ་ལས་ཕྱི་མ་དེ་ཡིག་ནོར་དུ་འདོད་དེ། རྒྱུ་མཚན་ནི་གོང་དུ་བཤད་པ་ལྟར་རོ།། དེ་ལྟར་ཡང་རང་ཉིད་མཐོང་རྒྱ་དང་ཞིབ་ཆ་ཆེ་མདོག་གིས་ཞུས་པ་ཞིག་མ་ལགས་པར་རང་གཞུང་ཁུངས་ལྡན་གྱི་ཚིག་གཅིག་ཙམ་ཡང་སྣང་ཆུང་དུ་མི་འཇོག་པར་གོ་བ་རྣལ་མ་ལོན་པའི་ཆེད་དུ་དཔྱད་གཞིའི་ཚུལ་དང་། དེ་དག་ལ་ཚུལ་བཞིན་གྱི་ཞིབ་དཔྱད་བྱུང་ན་བསྟན་པའི་ཞབས་ཕྱི་དང་ཐོས་བསམ་བགྱི་བའི་དོན་པོར་བསམས་ཏེ་ཕྱོགས་རེ་ཙམ་གྱི་ལྟ་བ་དོར་ཏེ་འབྲེལ་ཡོད་ཡིག་ཆ་མཇལ་ཚད་དཔྱད་གཞིར་བཟུང་བའི་སྒོ་ནས་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་ལགས་ཤིང་ད་དུང་དོན་ལ་སྨན་པའི་དགོངས་འཆར་ཡོད་ན་ཐད་ཀར་ལྷུག་སྩོལ་གནང་བར་མཁྱེན།། ཅེས་པ་འདི་ཡང་རང་དགོན་གྱི་བཤད་གྲྭ་བ་འགའ་ཞིག་ལ་ཐེག་འགྲེལ་མེ་ལོང་དགུ་སྐོར་གྱི་དཔེ་ཁྲིད་བགྱི་བའི་ཁུར་བླང་སྐབས་ངལ་གསོའི་ཉིན་ཞིག་ལ་བྲིས།