༄༅།། མཎྚལ་བཟོ་ཐབས་ཟུར་ཞུས།།
མཎྚལ་གྱི་རྒྱུ་ནི་རབ་གསེར་དངུལ། འབྲིང་འཁར་བ་རག་གན་ཟངས་ལྕགས་ལ་སོགས་དང་། ཐ་མ་ས་རྡོ་ཤིང་སོགས་ལས་བཟོ། ལས་བཞི་དང་བསྟུན་ན། ཞི་བའི་མཎྚལ་གྱི་རྒྱུ་ལ་དངུལ། རྒྱས་པ་ལ་གསེར། དབང་ལ་ཟངས། དྲག་པོ་ལ་ལྕགས་ལས་བཟོ། གཉིས་པ་ཚད་ནི་རབ་ལ་རང་གི་ལུས་ཀྱི་ཚད་དེ་ཟླུམ་པོའི་འཕྲད་དུ་འདོམ་གང་། དཔངས་སུ་ཁྲུ་དོ། འབྲིང་ཚད་སྟེང་ཞེང་གྲུ་གང་། རྔམས་སུ་མཐོ་གང་། ཆུང་ཚད་མཐོ་གང་། དཔངས་སུ་སོར་བཞི་དགོས་པ་དང་། ལྕགས་རི་རྣམས་ཀྱི་རྔམས་སུ་གོང་གི་མཚོ་ཡི་རྒྱུ་ལས་སུམ་གཉིས་བཅུམས་པ་དང་། ཞེང་དུ་ཡང་ལྕགས་རི་འོག་མ་མཚོ་དང་མཉམ་པ་ནས། སྟེང་གི་ལྕགས་རི་གཉིས་སུམ་གཉིས་ནང་དུ་བཅུམས་པ་ནི་རིག་པའི་འགྲོས་སོ། མེ་ལོང་དབུས་ལྟེ་བབས་ཀྱིས་འབུར་བ་མཐའ་ཁད་ཀྱིས་ཞོལ་ཞིང་མཉམ་པ། ལྕགས་རིའི་ཁ་ཟུར་རྣམས་ཀྱང་ཤིན་ཏུ་མཉམ་པར་བཅོས། བཟོ་བོ་མཁས་པས་མཚོ་ཡི་རྒྱུ་ངོས་སུ་གླིང་དང་གླིང་ཕྲན་གྱིས་བརྒྱན་པ། ལྕགས་རི་དང་པོའི་ངོས་སུ་རྟགས་བརྒྱད་ནོར་བདུན་རྫས་བརྒྱད་སོགས་དང་། གཉིས་པའི་ངོས་སུ་འདོད་ཡོན་ལྷ་མོ་བརྒྱད་དང་ཕྱག་མཚན་གང་ལྕོགས། ཐོག་མའི་ངོས་སུ་མཆོད་པ་རྣམ་ལྔ་སོགས་ཀྱི་གཟུགས་རིས་བཀོད་པ་མཛེས་པར་བྱ། ཏོག་ནི་རི་རབ་བང་རིམ་བཞི་པ་ཁང་བཟང་ལྕོག་སོགས་དང་ལྡན་པ་རགས་ཞིབ་སྐབས་དང་བསྟུན།། ཞེས་གསུངས་སོ། ཞེས་པ་འདི་ནི་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མ་རྒྱུད་རྒྱུད་འགྲེལ་ལྟར་གྱི་མཎྚལ་འབུལ་ཐབས་ལས་གསལ་རུང་དེ་སྔོན་པར་སྐྲུན་ཞུས་པའི་ཉིད་ཀྱི་གསུང་འབུལ་གྲལ་དུ་མ་འཁོད་པར་མ་ཟད། རང་བསྟན་འཛིན་པའི་མཁན་བླུན་དུ་མ་ཞིག་འདིའི་ཕྱག་ཚད་སྐོར་ལ་ཐུགས་རྨོངས་པར་བརྟེན་འདིར་ཆེད་དུ་ཟུར་འདོན་ཞུས་པ་ལགས། འོན་ཏེ་འདིའི་མ་ཕྱི་ལག་བྲིས་དག་ཆ་དེ་ཙམ་མི་བཟང་བ་ཞིག་འདུག་པས་ནང་དོན་ཐད་གོ་ནོར་འདྲ་འབྱུང་སྲིད་ན་དག་དཔེ་གང་ཞིག་དང་གོ་བསྡུར་གནང་རྒྱུ་ཡང་ཟུར་དུ་ཞུ་བ་ལགས། བསྟན་རྣམ་ནས།