༄༅།། ༧ དཔལ་ལྡན་བླ་མའི་ཡོན་ཏན་གྱི་ཆ་ཙམ་ལ་བསྔགས་པའི་ཚིག་
ཕྲེང་དད་གསུམ་ལྷ་ཡི་རོལ་མོ།།
༧ གྲངས་མེད་བསྐལ་པར་གཞན་འཚེའི་སྤྱོད་པ་དུག་ལྟར་སྤངས་པས་སྐུ་ཚེ་བརྟན།།
དྲང་བདེན་གཏམ་གྱིས་རྫུན་ཚིག་དབྱེན་སྦྱོར་དྲུང་ནས་གཞོམ་པས་གསུང་ངག་བཙུན།།
གནོད་སེམས་གདུག་སེམས་ལྟ་ངན་སུན་ཕྱུང་ཁྱེད་ཐུགས་འཁྲུལ་པའི་ར་རི་བྲལ།།
ཨེ་མ་གསང་གསུམ་མི་ཟད་རྒྱན་མཛེས་རྣམ་འདྲེན་དམ་པ་རྒྱལ་གྱུར་ཅིག།
༧ བསྐལ་མང་གོང་ནས་བསོད་ནམས་ཡེ་ཤེས་ཚོགས་གཉིས་རི་བོ་སྤམ་མཐོ་བས།།
ཉེར་ལྔའི་རྟེན་བཟང་འདོད་འབྱུང་ལྗོན་པ་མཐོ་གཙང་བསིལ་ལྡན་ཞིང་དུ་བཞད།།
ཆུང་ནས་མཚན་ལྡན་དགེ་བའི་བཤེས་ཀྱིས་རྗེས་བཟུང་ཤེས་རིག་མྱུ་གུ་རྒྱས།།
ཡུན་རིང་མ་ཐོགས་མཁས་པའི་ཆུ་འགོ་གྲྭ་སར་འགྲིམ་པའི་སྐལ་བཟང་ཤར།།
༧ ཟབ་རྒྱས་ཤེས་རིག་སྟོང་གི་ཉིང་བཅུད་ནང་པའི་གྲུབ་མཐའ་ཀུན་གྱི་ཕུགས།།
དམུ་རྒྱལ་གཤེན་གྱི་བསྟན་པའི་འདུས་སོ་མདོ་སྔགས་བླ་མེད་རྫོགས་པ་ཆེ།།
རྣམ་དཔྱོད་མཁྱེན་རླབས་གཅིག་གིས་གཞན་དྲིང་མི་འཇོག་བདག་གིར་མཛད་ལ་དཔའ།།
རབ་འབྱམས་དགེ་བའི་བཤེས་ཀྱི་མཚན་སྙན་གྲགས་དཀར་སྲིད་པའི་རྩེ་ན་འབར།།
༧ བཅས་དང་རང་བཞིན་ཁ་ན་མ་ཐོའི་ཉེས་སྤྱོད་འགོག་པའི་མཐུ་སྡོང་ཆེད།།
རྣམ་དག་ཕྱི་ཚུལ་གཙང་སྤྱོད་ནང་ཁྲིམས་འཁྱགས་པ་དབང་ཐེབ་ཇི་བཞིན་དུ།།
སོ་ཐར་རིགས་བཞིའི་རྩ་ལག་དམ་ཚིག་རྨ་མེད་ཨུ་དུམ་ཝ་ར་ལྟར།།
ཁྱེད་ནི་རྒྱལ་བ་ཁྲི་གཙུག་གཤེན་གྱི་བསྟན་པའི་སྲོག་ཤིང་གཅིག་པུར་ངེས།།
༧ ཐ་མལ་སྣང་ཞེན་རྣམ་གསུམ་ཏིང་འཛིན་འཐོར་རླུང་དྲག་པོས་ཕ་མཐར་བྱས།།
ཡས་བབས་མས་བརྟན་དགའ་བཞིའི་རྐྱེན་གྱིས་སྒྱུ་ལུས་འོད་གསལ་མངོན་དུ་གྱུར།།
བཅོས་མིན་བདེ་སྟོང་ལྷན་སྐྱེས་གཤིས་ལས་རྣམ་བཞིའི་རིག་འཛིན་གོ་འཕང་རྙེད།།
གྲུབ་པའི་དབང་ཕྱུག་གསང་བ་སྔགས་ཀྱི་ཀྭ་ཆེན་མི་ནུབ་དགུང་དུ་འདེགས།།
༧ ཡེ་གྲོལ་བློ་འདས་ལྟ་བའི་དགོངས་རྟོགས་ཁྲི་གདུགས་ཉི་མའི་འོད་རླབས་ཀྱིས།།
ཤིན་ཏུ་གཞོམ་དཀའི་ཐོག་མེད་མ་རིག་ལས་བྱུང་སྡུག་ཀུན་ཐུན་གསུམ་སྨག།
དབྱིངས་སུ་བཟླས་ཏེ་ཀ་དག་དང་པོའི་གཞི་ཡི་གནས་ལུགས་མངོན་གྱུར་བ།།
ངེས་པ་དོན་གྱི་རིག་འཛིན་ཁྱེད་ཅེས་རྟོགས་ལྡན་འབུམ་གྱི་དབུས་ན་འཕགས།།
༧ རབ་འབྱམས་སྲས་བཅས་རྒྱལ་བའི་ཐུགས་བཅུད་ལུང་རྟོགས་ཡན་ལག་བརྒྱད་ལྡན་ཆབ།།
མ་ལུས་བུམ་པ་གང་བྱོའི་ཚུལ་གྱིས་ཐུགས་གསང་འཛིན་མར་བསྐྱིལ་བ་ལས།།
ཀུན་དཀྲིས་མ་རིག་འདྲེ་གདོན་ཚ་བས་ཡུན་རིང་མནར་བའི་ཉམ་ཐག་ལ།།
ཞི་བསིལ་ཕན་བདེའི་རྒྱལ་སར་དབུགས་དབྱུང་རླབས་ཕྲེང་བྱེ་བ་དགུང་ནས་ཕབས།།
༧ གཟུགས་སྐུ་དངོས་ཀྱི་གདུལ་བྱར་མ་གྱུར་དེ་སྙེད་འགྲོ་བའི་དོན་ཆེད་དུ།།
མ་ནོར་རྒྱལ་བའི་བཀའ་དང་དེ་སྲས་འཕགས་པའི་དགོངས་དོན་ཇི་ལྟ་བ།།
གཅིག་བས་གཅིག་ལྷག་དྲང་དང་ངེས་པའི་ལེགས་བཤད་མུ་ཏིག་ཕྲེང་བ་ནི།།
རབ་འབྱམས་མཁས་མང་ཐུགས་དམ་དགྱེས་བསྐྱེད་ཡིད་བཞིན་ནོར་ལས་འདི་ཀོ་རྨད།།
༧ མ་འོངས་མཆོག་གི་གསང་གསུམ་གཡོ་མེད་གླིང་བཞིའི་དབུས་ཀྱི་ལྷུན་པོ་ལྟར།།
མི་འཇིགས་གདོང་ལྔ་འབར་བས་བཏེགས་པའི་གསེར་གྱི་ཁྲི་འཕང་ཡངས་པའི་ཁར།།
ཇི་སྲིད་འཁོར་བའི་རྒྱ་མཚོ་མ་བསྐམས་དེ་སྲིད་ཐེར་ཟུག་རྟག་བརྟན་ནས།།
གང་དག་རྒྱུད་ཀྱིས་བསྡུས་པའི་འགྲོ་ཀུན་ཁ་ལོ་གྱེན་དུ་བསྒྱུར་མཛད་གསོལ།།
༧ འཇིག་རྟེན་འདི་ན་བསོད་ནམས་དང་པོར་ཚེ་ཞེས་ཀུན་གྱིས་བསྔགས་པ་ལྟར།།
མཆོག་སྐུ་མི་འགྱུར་བསྟན་འགྲོའི་མགོན་དུ་བགྲང་བྱ་བརྒྱད་ཅུར་ཕེབས་པའི་སྐབས།།
སྦུང་ཆུང་བདག་ལྟར་དྲིན་གཟོའི་ལེགས་སྐྱེས་འབུལ་བའི་ནོམ་པ་དབེན་ན་ཡང་།།
མི་ཕྱེད་དད་གསུམ་སྙིང་ནས་འཕྱུར་བའི་མཆོད་ཚིག་ཤིས་སྨོན་ཉུང་ངུར་སྤེལ།།
ཞེས་ཨ་མདོ་ཤར་ཁོག་ཟིང་ཆུའི་དགོན་ལག་བཅུ་གསུམ་གྱི་རྩ་བའི་གྲྭ་ས་ཆེན་མོ་བྱང་བྱ་དུར་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་༧མཁན་རིན་པོ་ཆེ་༧ཤེས་རབ་མཐར་ཕྱིན་མཆོག་བསྟན་དང་འགྲོ་བའི་དོན་ཀུན་རྒྱ་ལག་ཕྱད་དེ་དགུང་ལོ་བརྒྱད་ཅུར་ཕེབས་པའི་རྫོགས་ལྡན་གསར་པའི་དགའ་སྟོན་དུ། ཁྱུང་བཙུན་བསྟན་འཛིན་རྣམ་རྒྱལ་དུ་འབོད་པ་དེས་རྒྱང་རིང་བྱང་ཐང་གཉན་རོང་ཆབ་མདོ་དགོན་ནས་སྒོ་གསུམ་མི་ཕྱེད་དད་པའི་ཕྱག་རྒྱ་སྤྱི་བོར་བཏུད་དེ་ཕུལ་བ་དགེའོ།། ༢༠༡༢་༦་༢༠ཉིན།།