དེ་མཚམས་འཆར་ཅན་གྱི་གདོང་རྫོང་རི་ཁྲོད་ཀྱི་དགེ་བཙུན་མ་སྤྱི་ནས་གཉེར་བའི་ཨ་དཀར་བུམ་སྒྲུབ་ཀྱི་ཚོགས་ཐོག་ཏུ་ཡོང་དགོས་པའི་ཆ་ཕྲིན་བྱུང་དོན་བཞིན་སོང་། དེར་ཚོགས་ཀྱི་དབུ་མགོན་གྲུབ་དབང་ནམ་མཁའ་རིན་པོ་ཆེ་དང་འདུས་པ་ཡོངས་ཀྱི་བཞེད་དགོངས་ལྟར་བཙུན་མ་ཡོངས་ལ་གང་ཤེས་ཀྱི་སློབ་གཉེར་བྱེད་ཕྱོགས་སྐོར་གྱི་བསམ་ཚུལ་དང་། མཇུག་སྡོམ་དབང་གི་སྐབས་སུ་ཡང་དད་ལྡན་སེར་སྐྱ་འདུས་པ་ཡོངས་ལ་སྐབས་བབ་ལུགས་གཉིས་དང་འབྲེལ་བའི་བསླབ་བྱ་ཅི་ཤེས་རེ་ཡང་སྙན་སྒྲོན་ཞུས། ཚོགས་བཞུགས་ཀྱི་བླ་གྲྭ་རྣམས་དང་བཙུན་མ་ཡོངས་ལ་རང་རྩོམ་《གསར་བཞད་ཀྱི་མེ་ཏོག་ཨུཏྤལ།》ཞེས་པའི་དེབ་རེ་སྐུ་འགྱེད་དུ་ཕུལ། གྲུབ་དབང་མཆོག་ནས་ཆབ་དགོན་བཤད་སྒྲུབ་འདུས་སྡེར་འཚོ་བའི་མཐུན་འགྱུར་ཆེད་དུ་སྒོར་ཁྲི་གཅིག་གི་གསོལ་རས་ཀྱང་ཐོབ། དེ་མཚམས་ཆབ་མདོ་དགོན་དུ་སྔར་སྔོན་འགྲོ་ཞུས་ཟིན་པ་རྣམས་ཀྱི་རེ་བ་བཞིན་དངོས་གཞི་སྐུ་གསུམ་རང་ཤར་ལྟར་ཨ་གཏད་དང་སེམས་འཚོལ་སོགས་དཔྱད་འཇོག་ཁྲིད་གསུམ་ཟུང་འབྲེལ་གྱིས་ཟླ་ཕྱེད་ཙམ་བསླབས། མཇུག་ཏུ་རམ་ཟླའི་ཉ་དང་བསྟུན་ཏེ་ཐེངས་གཉིས་པའི་ཨ་དཀར་དུང་སྒྲུབ་འཚོགས། དེའི་ཐོག་འཆད་ཁྲིད་པ་དང་ར་བླ་མ་གཡུང་དྲུང་རྒྱལ་མཚན་མཆོག་དང་། སྒྲུབ་མཁན་ཚུལ་ཁྲིམས་ཡེ་ཤེས་མཆོག བླ་ཆུང་ཁྲི་གཙུག་རྣམ་རྒྱལ་མཆོག རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་རྣམས་དང་ལྷན་སེར་སྐྱ་ཡོངས་ལ་ཉིན་ལྟར་ཁྲིད་ཐེངས་གཉིས་རེ་བྱས་ཏེ་ངོས་ནས་དགོན་གྲོང་དང་སྐྱ་སེར་སུ་ལའང་སློབ་གསོ་དགོས་གལ་ཆེ་ཚུལ་དང་། དེ་བཞིན་མི་རིགས་སྤྱི་ཡི་སྐད་ཡིག་དང་། ཡུལ་སྲོལ། ཆས་གོས། སྤྱོད་ལམ། མཐུན་སྒྲིལ་སོགས་ཀྱི་རིན་ཐང་དང་རྒྱུན་འཛིན་དར་སྤེལ་ཇི་དགོས་སྐོར་གྱི་སྙན་སྒྲོན་ཕུལ། ཞོར་དུ་སྔ་མོ་དགོན་འདིར་རྡོ་འབུམ་ཕོན་ཆེན་ཡོད་པ་རྣམས་རིག་གསར་སྐབས་ལྷས་རྭ་དང་རྩྭ་ཐང་བཟོ་བྱེད་སོགས་གང་སར་འཐོར་བ་ཕལ་ཆེར་རྡོ་ཁྲིར་བཀོད་ཟིན་ཀྱང་ད་དུང་ས་འོག་དང་། ཁང་བར། ལམ་ཁ་སོགས་སུ་གང་མང་ལྷག་འདུག་པ་སེར་སྐྱ་ཡོངས་ཀྱིས་སྔོག་འདོན་དང་བསྡུ་རུབ་ཞུས་ཏེ་རྡོ་ཁྲིར་བཞུགས་སུ་གསོལ། དེ་མཚམས་སྔོན་གྱི་སྒྲུབ་ཐོན་པ་བརྒྱད་དང་བླ་རྒན་གཡུང་དྲུང་རྒྱལ་མཚན། སྒྲུབ་མཁན་ཚུལ་ཁྲིམས་ཡེ་ཤེས། མཚམས་པ་དགེ་བྱེད་ཚུལ་ཁྲིམས། དགེ་སློང་གཞན་ཕན་ཉི་མ། བཙུན་མ་སྤོས་ལྕམ་བཅས་ཀྱི་རེ་དགོངས་ལྟར་རྫོགས་ཆེན་སྐུ་གསུམ་རང་ཤར་གྱི་དབང་བཞི་བསྐུར་བའི་ཁུར་བླངས་ཏེ་དབང་དོན་སྐོར་སྤྱི་དང་། མ་འོངས་ཉམས་ལེན་གཙོར་འཛིན་གྱིས་བསྟན་པ་སྐྱོང་དགོས་པའི་བསླབ་བྱ་གང་ཤེས་ཞུས། སྟོན་མཇུག་ནས་རང་དགོན་དུ་མཚན་ཉིད་པ་རྣམས་ལ་གཞུང་དང་རིག་གནས་ཀྱི་ཁྲིད་ཀ་གང་འགབ་དང་། སྒྲུབ་གྲྭ་དང་ཟུར་ཞུགས་སེར་མོ་འགའ་ཞིག་བཅས་ལ་སྔགས་རིམ་ལྷ་གཉེན་ཤེལ་སྒོང་གི་ཐོག་ནས་དཔེ་ཁྲིད་བྱས། ཡུལ་མི་སྨན་རྒྱལ་གྱིས་རང་དགོན་དུ་ཞི་ཁྲོའི་ཚོགས་རྟེན་སྒོར་ཆིག་ཁྲི་ཕུལ་བ་དེ་སོགས་དད་ལྡན་སེར་སྐྱ་རྣམས་དང་མཉམ་འབྲེལ་གྱིས་མ་རྩ་བསྡུ་རུབ་ཀྱིས་སྒོར་ཁྲི་བཞི་ཙམ་བྱུང་བ་དེས་བཤས་འཚོང་པའི་ལག་ནས་གཡག་བཤས་དགུ་དང་འབྲི་བཤས་གཉིས་ཀྱི་སྲོག་བསླུ་བྱས་ཤིང་མ་འོངས་ལོ་བསྟར་དེ་བཞིན་སྲོག་བསླུ་ཅི་འགྲུབ་བྱ་བའི་རྟེན་རྩ་ཡང་བསྡུ་ཉར་བྱས། དགུན་སྟོད་དུ་དེ་སྔོན་རང་དགོན་བསྐྱར་བསྐྲུན་དང་བཤད་སྒྲུབ་སློབ་གཉེར་སོགས་ལ་དམིགས་བསལ་གྱི་མཛད་རྗེས་ཆེ་བའི་མི་སྣ་འགའ་སྟེ། རྒན་ཡོན་ཏན་དཔལ་བཟང་དང་། བསྟན་པ་དར་རྒྱས། རྒྱལ་བསྟན་ཆོས་འཕེལ། ཤེས་རབ་འོད་ཟེར། ཚུལ་ཁྲིམས་ལྷུན་གྲུབ། བསྟན་འཛིན་ཕུན་ཚོགས། གཡུང་དྲུང་འོད་ཟེར། བརྩོན་འགྲུས་སྦྱིན་པ། ཚུལ་ཁྲིམས་དཔལ་མོ་བཅས་ལ་གཟེངས་བསྟོད་འབུལ་བའི་མཛད་སྒོ་ཞིག་ཀྱང་སྤེལ། དེ་བཞིན་རྒན་རྒྱལ་བསྟན་མཆོག་གསལ་ལགས་ཀྱི་སློབ་སྟོན་ལྟར་མཚན་ཉིད་གཞུང་ཆེན་ཁག་ལ་འཛིན་རིམ་བགྲོད་མཁན་ཞིག་ལ་མཚོན་ན་གཞུང་དེ་དང་འདི་ལ་སྦྱངས་པ་ཡིན་ཞེས་པ་ཙམ་མ་ཡིན་པར་གཞུང་སོ་སོར་དམིགས་བསལ་གྱི་རྒྱུགས་འབུལ་ཞུས་རིམ་བཞིན་འཛིན་གྲྭ་འཕར་ཆག་དགོས་པའི་གྲྭ་ས་ཆེན་མོའི་སྒྲིག་རིམ་ལྟར་དགོན་འདིའི་བཤད་གྲྭ་བ་རྣམས་ལོ་གཅིག་གི་སློབ་གཉེར་བྱས་པའི་མཇུག་བསྡོམས་རྒྱུགས་སྤྲོད་ཆེན་མོའི་བྱེད་སྒོ་སྤེལ་བ་སྟེ། འཛིན་གྲྭ་སོ་སོས་དེ་སྔོན་སྦྱངས་ཟིན་པའི་དཀའ་གནད་རིགས་རྣམས་བདུན་ཕྲག་གཅིག་གི་སྔོན་ནས་བསྐྱར་སྦྱོང་གྲ་སྒྲིག་དང་འབྲེལ། རྒྱུགས་སྤྲོད་དངོས་གཞིའི་སྐབས་སློབ་གཉེར་བ་རང་རང་གི་རྩོད་ཟླ་དང་། ལན་འདེབས་ཟླ། རྩོད་གཞི་གང་ཞིག་ཡིན་པ་བཅས་རྒྱལ་བླངས་ཏེ། མཁན་སློབ་འདུས་སྡེའི་དབུས་སུ་རྩོད་རྒྱུགས་དང་ལན་རྒྱུགས་གཉིས་ཟུང་འབྲེལ་ཞུས། དེ་དག་རྒྱུགས་ཚད་མཐོ་དམན་གྱི་ཨང་རིམ་ཡང་མཁན་སློབ་རྣམ་པས་ཐོ་འགོད་བྱས། འོན་ཀྱང་འདི་ལོར་རྒྱུགས་ལེན་ཐེངས་དང་པོ་ཡིན་གཤིས་སོ་སོའི་ཨང་ཐོབ་གསལ་བསྒྲགས་དང་རྒྱུགས་འབྲས་ཨང་ཀིའི་ཐོག་ནས་འཛིན་གྲྭ་འཕར་ཆག་དངོས་ཀྱི་བྱ་རིམ་རྣམས་ལན་གཅིག་བཞག དེ་མཚམས་དགོན་གྱི་ཁོར་ཡུག་ནས་ས་ཆ་ཅུང་ཞིག་ཉོ་དགོས་ཀྱིས་རྐྱེན་བྱས་པའི་དགེ་བསྐུལ་དང་སྤྱིར་ན་རང་དགོན་གསར་བཞེངས་སྐབས་སུ་ཕྱི་ནང་གི་རྟེན་དང་བརྟེན་པ་བཞེངས་ཆེད་རྟེན་ཚོང་རྟེན་བཞེངས་སམ། ལོག་འཚོ་ཁྲལ་འགེལ་སོགས་ཧ་ཅང་ཐལ་ཆ་ཆེ་བའི་རིགས་ཀྱི་རྣམ་སྨིན་ངན་པ་བསགས་དགོས་མ་བྱུང་ཡང་དགོན་པ་གསར་བཞེངས་ཀྱི་ལས་གཞི་རྒྱ་ཆེ་བའི་དབང་གིས་ས་རྡོ་ཤིང་གསུམ་དབོར་འདྲེན་སོགས་ཀྱི་སྐབས་སུ་འབུ་སྲིན་བགྲང་ལས་འདས་པ་བསད་རིགས་ལ་དགེ་སྐུར་དང་བསྔོ་སྨོན། དེ་བཞིན་ས་ཀོ་རྡོ་སློག་བྱས་པའི་གཟུགས་མེད་འགྲོ་བའི་འཁོན་འགྲས་རིགས་རྣམས་སྦྱང་བ་དང་། ལྟོས་བཅས་བཟང་ངན་ལས་འབྲེལ་ལུས་ཅན་ཡོངས་ཀྱི་ཚོགས་བསགས་སྒྲིབ་སྦྱོང་དུ་དམིགས་ནས་མཆོད་རྫས་དང་སྲེག་རྫས་སོགས་དགོས་སོ་འཚལ་གྱི་ཡོ་བྱད་རྣམས་དཔེ་སྲོལ་ངན་པའི་དབང་དུ་མ་སོང་བར་ལུང་རིགས་ཚད་ལྡན་དང་བསྟུན་གང་ཐུབ་ཀྱི་སྒོ་ནས་བསགས་ཏེ་དགུན་དུས་ཀྱི་སྤྱི་རིམ་ཆེན་མོའི་སྐབས་དང་སྦྱར་ཏེ་ཀུན་རིག་ལས་བཞི་རྒྱུན་ལྔའི་མཆོད་ཚོགས་རྒྱས་པ་ཞིག་ཀྱང་ཕུལ། དེ་ནས་དགུན་གྱི་གུང་གསེང་སྐབས་དང་བསྟུན་དགོན་པའི་ཚོགས་ཁང་གི་ཀྭ་རྒྱན་རིགས་དང་། སྒོ་ཡོལ་སོགས་གཙུག་ལག་ཁང་གི་རྒྱན་ཆའི་རིགས་རྣམས་ལྷ་སའི་ཚེམས་བཟོ་བ་ཞིག་དང་ཁ་དན་བྱས་ཏེ་བཟོས། དེ་དང་ཆབས་ཅིག་དེང་སྐབས་ཧོར་ཁྱུང་ཁོག་གི་བླ་དགོན་ཆེ་ཕྲ་དུ་མ་ཞིག་ནས་གྲགས་ཅན་རླངས་འཁོར་ཡོད་མེད་ཀྱི་ཐོག་ནས་བླ་དགོན་དྲག་ཞན་དང་མཛད་ཕྲིན་རྒྱས་མིན་དབྱེ་བའི་ལུགས་གསར་ཞིག་གམ། མཛད་པ་དེ་རིགས་རྒྱལ་བའི་གསུང་རབ་དང་མཁན་སློབ་སོགས་བླ་མ་གོང་མའི་མཛད་ཕྲིན་དང་ཧ་ཅང་མི་འཚམས་པའི་དགོས་མེད་རྒྱས་སྤྲོས་འབའ་ཞིག་ཡིན་པའི་དགག་རྒྱག་གི་རྩོད་གླེང་གཉིས་པོ་ཕན་ཚུན་འགྲན་པའི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་འདུག་པ་ཤེས་མོད་ཀྱང་། རང་ངོས་ནས་ལན་གཅིག་དེ་དག་ལ་གཡས་ཉེ་གཡོན་ཕྱོགས་བྱེད་རྒྱུ་གཙོ་བོ་མ་ཡིན་པར་མདོ་དོན་མཐའ་གཉིས་སུ་མ་ལྷུང་བ་ཞིག་བྱུང་ན་སྙམ་པའི་ཀུན་སློང་གིས་ལྷ་སའི་རླངས་འཁོར་རྙིང་པའི་ཚོང་ར་ནས་༣༠༠༠རྟགས་ཅན་གྱི་རླངས་འཁོར་ཞིག་ཀྱང་དགོན་སྤྱི་ཡི་ཆེད་དུ་ཉོས། འདི་སྐབས་སྔོན་ནས་རང་དགོན་གྱི་རྟེན་གཙོ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་། རྣམ་པར་རྒྱལ་བ། ཤེས་རབ་བྱམས་མ་གསུམ་གྱི་སྐུ་བརྙན་བལ་ཡུལ་དུ་མངག་བཅོལ་བྱས་པ་དག་ཀྱང་དགོན་དུ་གདན་ཞུས་གྲུབ། དེ་མཚམས་དགོན་དུ་རང་དང་ལྟོས་བཅས་རྣམས་ཀྱི་སྒྲིབ་སྦྱོང་དུ་དམིགས་ཏེ་རིགས་དྲུག་རང་སྦྱོང་གི་ཁྲིད་རིམ་ལྟར་སྒོམ་བཟླ་ཟུང་འཇུག་གི་བགྱི་བ་ཉམས་སུ་བསྟར་བ་བཅས་ལགས་སོ།།
༧ མི་ཚེའི་བརྒྱུད་རིམ་མྱུར་བ་བར་སྣང་གློག།
མི་བརྟན་འགྱུར་བ་དཔྱིད་ཀའི་གནམ་ངོ་དང་།།
སྐྱིད་སྡུག་སྤེལ་མ་རྒོ་ཕོའི་རྭ་ཁྲིག་བཞིན།།
བསམ་ན་ངུ་མ་དགོད་ཀྱི་ཉམས་ཤིག་ཤར།།
༧ མི་འདོད་སྔོན་ལས་བཙན་པོས་འཕངས་པ་འམ།།
འདོད་དོན་ཆེད་དུ་བརྩོན་པ་ཡིན་ཀྱང་རུང།།
རང་གིས་རྒྱལ་ཁ་རང་ལ་སྟེར་འདོད་པ།།
སྤོང་ཡང་ཕལ་ཆེར་རྗེས་སུ་གྲིབ་མ་བཞིན།།
༧ དྲང་པོར་བྱས་ན་མིག་ལམ་མི་མཛེས་ཤིང་།།
བདེན་པར་སྨྲས་ཀྱང་རྣ་བར་དུག་ཆུ་བཞིན།།
སྙིགས་དུས་སྐྱེ་བོའི་ཐུགས་དམ་སྐོང་བྱེད་ནི།།
ངོ་བསྟོད་སྒོར་མོ་གཉིས་ལས་གཞན་མ་དམིགས།།
༧ ཚད་ལྡན་བྱས་ཀྱང་མི་འདོད་གཞན་ཞིག་དང་།།
ཡིད་བརྟན་མེད་ཀྱང་འདོད་དོན་འགྲུབ་གྱུར་པ།།
ཤེས་བྱ་གཤིས་ཀྱི་རང་ཞལ་མ་མཇལ་བར།།
འདིར་སྣང་བསླུ་བའི་མུ་མཐའ་སུ་ཡིས་དཔོག།
༧ ང་རང་འཐད་པ་ཁྱོད་ལ་མི་མགུ་ཞིང་།།
མི་གཙང་ཕྱི་ས་འབུ་ཡི་ཁ་ཟས་སོགས།།
མི་གཅིག་རིགས་དྲུག་སྔུན་གྱི་རླན་གཤེར་ལྟར།།
བསླུ་མེད་ཚད་མའི་བྱུང་རབས་གང་ནས་རྙེད།།
༧ བརྩེ་བའི་གཉེན་གྲོགས་ནམ་ཞིག་དགྲ་བོ་དང།།
འབྲེལ་མེད་ས་མཐའི་མི་ཡང་གཏན་གྱི་གྲོགས།།
མ་ངེས་སྒྱུ་མའི་གར་གྱིས་བསླུས་རྗེས་སུ།།
མི་བུའི་ཆོ་འབྲང་བཙལ་བའང་ཡིད་རེ་འཁྲུལ།།
༧ མོས་ལྡན་རྣམས་ཀྱིས་བསྟོད་ཀྱང་མི་ཆོག་མེད།།
རིས་ཅན་རྣམས་ཀྱིས་སྨད་ཀྱང་དེ་བཞིན་ཏེ།།
ག་པུར་ཚད་ནད་ཅན་ལ་སྨན་མཆོག་དང་།།
གྲང་བས་གཟེར་བའི་མི་ལ་དུག་ཏུ་འགྱུར།།
༧ རྣམ་རྟོག་གཡོ་ལྡང་རྩ་སྒོ་མ་འགག་ཅིང་།།
ལྡེམ་འགྱུར་སོར་རྩེའི་འདུ་བྱེད་མ་སྟོངས་བར།།
རྩོམ་པ་རྒྱ་མཚོའི་རླབས་ལྟར་འབེལ་མོད་ཀྱང་།།
དོན་གྱི་རིན་ཐང་མི་མཉམ་གནམ་ས་བཞིན།།
༧ ཇི་སྲིད་བསྐལ་པ་མཐའ་མ་ཐུག་གི་བར།།
དེ་སྲིད་བྱ་བ་འདི་ཡང་གནས་གྱུར་ཏེ།།
མཐོང་ཐོས་དྲན་རེག་ལུས་ཅན་སུ་ཡང་རུང་།།
ལེགས་ལམ་དགེ་བའི་གྲོགས་སུ་ཤིས་གྱུར་ཅིག།
༧ ང་དང་ཁྱོད་ཅེས་དབྱེ་བའི་ས་མཚམས་དང་།།
བདེ་དང་སྡུག་བསྔལ་ལེགས་དང་ཉེས་པ་སོགས།།
ཀུན་རྫོབ་སྤྲོས་པའི་མཐའ་རྣམས་མ་ལུས་པ།།
ཀ་དག་སྟོང་པའི་དབྱིངས་སུ་ཐིམ་གྱུར་ཅིག།
༧ མདོར་ན་བསྐལ་པ་ཡ་མཐའ་མེད་པ་ནས།།
ཇི་སྲིད་མ་འོངས་འཁོར་མཚོ་སྟོངས་ཀྱི་བར།།
བཟང་ངན་ལས་ཀྱིས་འབྲེལ་བའི་འགྲོ་བ་གང་།།
ཕྱམ་གཅིག་གདོད་མའི་དབྱིངས་གྲལ་འུབ་ཆུད་ཤོག།
ཅེས་ཁྱད་མཚར་ཉམས་སྣང་དབྱངས་སུ་གྱེར་བའི་ཚིགས་སུ་བཅད་པ་འགའ་ཡི་མཐའ་རྒྱན་དང་བཅས་བགྲང་བྱ་ཞེ་གཅིག་ཡན་གྱི་རང་གི་མི་ཚེའི་བྱུང་བ་རགས་རིམ་ཙམ་ཞིག་བརྗོད་པ་དེ་རབ་གནས་ཆུ་འབྲུག་ལོའི་མགོ་ཟླའི་ཚེས་བཟང་དགེ་བའི་ཉིན་ཞིག་ཏུ་རྫོགས་པར་བྱས་སོ།།