༼༢༠༡༡༽ལྕགས་སྟག་ལོའི་དཔྱིད་ཀར་རང་དགོན་གྱི་མཁན་སློབ་འདུས་པ་ཡོངས་ཀྱི་དགོངས་བཞེད་ལྟར་ཐེངས་དང་པོའི་རིག་གཞུང་བགྲོ་གླེང་འཚོགས་ཏེ། ཐོག་མར་སློབ་གཉེར་བྱེད་ཕྱོགས་སྤྱི་ཡི་འགྲོ་སྟངས་སོགས་ཀྱི་སྙན་ཞུ་དང་འབྲེལ། སྐབས་བབ་སློབ་གཉེར་བ་རེ་རེ་ནས་དེ་སྔོན་སྦྱངས་ཟིན་པའི་གཞུང་ལུགས་ཁག་གི་དྭོགས་གནད་ཆེ་རིགས་ཀྱི་དྲི་བ་བཏོན་པ་ལ་ཅི་ཤེས་གང་ངེས་ཀྱི་དྲིས་ལན་སོ་སོར་ཕུལ། དེ་ནས་ཆབ་མདོ་དགོན་དུ་སྔོན་མའི་སྔོན་འགྲོ་ཞུ་མཁན་རྣམས་ལ་ཨ་ཁྲིད་ཀྱི་འཕོ་བ་ཡེ་ཤེས་ཟང་ཐལ་དང་། བཀའ་ལུང་རྒྱ་མཚོའི་འཕོ་བ་གཉིས་ཁྲིད་དེ་སྦྱང་ཡང་བཅུག། འདི་ལོར་སྒྲུབ་གྲྭ་བ་རྣམས་ལ་ལུང་རིགས་མཛོད་དང་། སྡེ་སྣོད་མཛོད་གཉིས་ཀྱི་རྫོགས་ཆེན་སྐོར་རྣམས་དང་། བྲུ་ཡི་ཨ་ཁྲིད་ཀྱི་དངོས་གཞིའི་སྐོར། རྫོགས་པ་ཆེན་པོའི་ལམ་རིམ་ཀུན་བཟང་སྙིང་ཐིག སྐུ་གསུམ་རང་ཤར་ལྟར་ཕྱི་ནང་གི་འཁོར་འདས་རུ་ཤན་དང་། འོད་གསལ། ཐོད་རྒལ། བར་དོ། གཉིད་པ་ལམ་ཁྱེར། རྨི་བ་ལམ་ཁྱེར། འབྲས་བུ་སོགས་ཁྲིད། མཚན་ཉིད་པ་ལ་འཛིན་གྲྭ་སོ་སོར་བློ་རྟགས་ཚད་མའི་སྐོར་རྣམས་ཁྲིད་ཅིང་རིག་གནས་ཐད་ལ་བརྡ་སྤྲོད་ཟུར་རྒྱན་སྐོར་དང་། སྙན་ངག་སྒྲ་རྒྱན་སྐོར་རྣམས་ཁྲིད། དེ་དང་ཆབས་ཅིག་ད་སྐབས་ང་ཚོ་ཐུན་མོང་གི་མདུན་དུ་འཕྲད་པའི་གནད་དོན་གལ་ཆེན་ཞིག་ནི་མི་རིགས་རང་གི་སྐད་ཡིག་གཉིས་པོ་འཛིན་སྐྱོང་བྱ་རྒྱུ་ནི་ཀུན་གྱི་ཕྲག་ཐོག་ཏུ་བབ་པའི་འོས་འགན་ཉག་གཅིག་ཡིན་པ་གཞིར་བཅས། ཐུན་མིན་གནའ་བོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་འགྱུར་བ་འདྲ་མིན་བྱུང་དང་འབྱུང་བཞིན་པའི་ངང་ཚུལ་འདི་དག་རྒྱུན་འཛིན་བྱ་རྒྱུ་ནི་དེ་བས་གལ་ཆེན་དུ་གྱུར་པའི་གནས་ལུགས་ལྟར། རང་ནུས་གང་ཡོད་ཀྱིས་དེ་དག་ལ་ཞབས་ཞུ་ཅུང་ཟད་སྒྲུབ་འདུན་གྱིས་《ཞང་ཞུང་སྒོ་པའམ་ཁམས་ཁྱུང་པོའི་ས་ཁུལ་གྱི་ཡུལ་སྐད་སྐོར་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ཤེས་འདོད་རེ་བ་སྐོང་བའི་མཛོད་ཆེན།》ཞེས་པའི་ཡུལ་སྐད་ཀྱི་ཚིག་མཛོད་ཅིག་ཆོས་སྲིད་ཀྱི་འགལ་འདུ་དང་། བན་བོན་གྱི་ཁ་འཛིན། སྐྱ་སེར་གྱི་ལྟ་སྟངས། ཡུལ་ཤོག་གི་ཕྱོགས་རིས་སོགས་ཀྱི་འཆིང་རྒྱ་ལས་བརྒལ་ཏེ་འབྲེལ་ཡོད་ཀྱི་བླ་མ་དང་། དགེ་བཤེས། མི་དཔོན། བགྲེས་སོང་། གཞོན་སྐྱེས། ཐ་ན་ལམ་ཁའི་འགྲུལ་པ་ཡན་ཆད་ལ་དྲི་བ་དང་རྟོག་ཞིབ་བྱས་ཏེ་སོས་ཀ་ནས་སྒྲིག་འགོ་བརྩམས། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ་མཆོག་གིས་བརྩམས་གནང་བའི་《སྙན་ངག་གི་འགྲེལ་པ་ཨེར་སངས་ལྷ་མོའི་མགུལ་རྒྱན།》ཞེས་པའི་དཔེ་དེབ་དེ་བཞིན་ཐེངས་གཉིས་པའི་པར་སྐྲུན་མཛད་འཆར་ཡོད་པ་དང་ཆབས་ཅིག་རྩོམ་པ་པོའི་བཀའ་མངགས་ལྟར་མཐར་ཆགས་ཀྱི་ཞུ་དག་ཚར་གཅིག་ཀྱང་ཕུལ། དབྱར་སྟོད་རང་དགོན་དུ་གཡུང་དྲུང་གླིང་གི་མཁན་རིན་པོ་ཆེ་ཞབས་སོར་འཁོད་པར་མཇལ་ཞུ་དང་ཁྲི་འབུལ་མཎྚལ་རྟེན་མཚོན་སྟབས་འབུལ་དང་འབྲེལ་འདུས་པ་སྤྱི་ལ་གལ་ཆེའི་བསླབ་གདམས་ཀྱང་ཐོབ། རྒན་ཤེས་རབ་ཐབས་མཁས་མཆོག་ནས་སྒྲུབ་གྲྭ་བ་དང་ཟུར་ཞུགས་སོགས་མི་གྲངས་སུམ་ཅུ་ལྷག་ལ་ཐུན་བཞིའི་ཉམས་ལེན་དང་སྦྲེལ་ཏེ་རྫོགས་ཆེན་བཀའ་བརྒྱུད་སྐོར་བཞིའི་གདམས་ཁྲིད་མུ་ཆགས་སུ་བསྩལ། དབྱར་གཞུང་རང་ཡུལ་གེ་བ་གྲོང་ཚོའི་རེ་འདུན་ལྟར་སྤྱི་རིམ་རྣམ་རྒྱལ་སྟོང་མཆོད་དང་། མཇུག་ཏུ་གསས་མཁར་ཞིག་གསོ་དང་འབྲེལ་ཡུལ་མི་རྣམས་ལ་སྐབས་བསྟུན་གྱི་ཁ་བརྡ་འདྲ་ཡང་བྱས། གེ་ལའི་ལ་བཙས་ཁ་གསོ་བྱས་ཏེ་ལ་གོང་དེར་རྟེན་འབྲེལ་དུ་དར་ཆེན་ཞིག་བསྒྲེངས། མཇུག་ཏུ་ཡུལ་མི་ཀུན་འདུ་འཛོགས་ཀྱིས་སྤྱི་རིམ་གསས་མཁར་སོགས་ལེགས་གྲུབ་བྱུང་བའི་དགའ་སྟོན་དུ་གླུ་བྲོ་དང་སྒྱུ་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བའི་ལྟད་མོ་ཡང་བལྟས། འདི་ལོར་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་ནས་བོན་ལ་འཛིན་པའི་ལྟ་བའི་སྐོར་གྱི་རྩོམ་ཞིག་ལག་སོན་བྱུང་ཞིང་དེའི་ཚིག་དོན་གཉིས་ཆར་རང་ཞེན་ཆེ་བའི་ཕྱོགས་སུ་ལྷུང་བའི་ངོས་འཛིན་བྱུང་དོན་ལྟར། 《ཤེར་སྒྲོན་དྭོགས་སེལ་གྱིས་བསླངས་པའི་རང་གི་ལྟ་ཚུལ་སྐོར་ཞིག་ཐོ་རུ་བཀོད་པ།》ཞེས་པའི་རྩོམ་ཞིག་བྲིས་ཏེ་《སྤུ་རྒྱལ་གངས་དཀར།》ལོ་དེབ་གསུམ་པའི་ཐོག་ཏུ་བཀོད། སྒྲུབ་ཐོན་གཡུང་དྲུང་བསྟན་རྒྱལ་གྱི་མདུན་ནས་བླ་ཆེན་དྲན་པའི་སྒྲུབ་གཞུང་རིགས་ཀྱི་ལུང་ཐོབ། དེ་མཚམས་སྟེང་ཆེན་དགོན་གྱི་སྒྲུབ་ཆེན་འཚོགས་སར་ཡོང་དགོས་པའི་བརྡ་ཕྲིན་ལྟར་སོང་སྟེ་ཚོགས་ཞུགས་ཀྱི་ལོང་ཁོམ་མ་བྱུང་ཡང་སྒྲུབ་ཆེན་ལ་ཞལ་འདེབས་དང་གསར་ཐོན་དགེ་བཤེས་སོགས་ལ་ཁྲི་འབུལ་ཡང་ཞུས། སྟོན་མཇུག་ཏུ་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་གི་ཁྲི་འཛིན་མཆོག་སྤྲུལ་བསྟན་འཛིན་གཙུག་ཕུད་འོད་ཟེར་རིན་པོ་ཆེ་མཆོག་རང་དགོན་གྱི་བླ་གྲྭ་འདུས་སྤྱི་ནས་ཆེད་དུ་གདན་ཞུས་ལྟར་ཞབས་སོར་འཁོད་དེ་བརྟན་བཞུགས་ཁྲི་འབུལ་མཛད་སྒོ་དང་འབྲེལ། སྡེ་དགོན་ཡོངས་ལ་བཀའ་དབང་བསླབ་གདམས་ཟབ་བསྩལ་དང་། མ་འོངས་བཤད་སྒྲུབ་བསྟན་པའི་ཐད་ལ་གཟིགས་སྐྱོང་ཇི་དགོས་མཛད་པའི་ཞལ་གསུང་ཡང་ཕེབས། དེ་དང་ཆབས་ཅིག་དགོན་དུ་བཅའ་སྡོད་ལས་དོན་ཚོགས་ཆུང་ཡང་འབྱོར། དགུན་ཁར་རང་དགོན་དུ་སྒྲུབ་གྲྭ་ཟུར་ཞུགས་ཀྱི་བོན་གཤེན་རྣམས་དང་བཙུན་མ་བཅས་མི་གྲངས་ཉི་ཤུ་ཡར་འཕེལ་གྱིས་རྩ་རླུང་དང་མཇུག་ཏུ་བཅུད་ལེན་ཡང་བསྡད། དགུན་སྟོད་ཡུལ་སྐད་ཕྱོགས་བསྒྲིགས་དེ་བཞིན་ངས་པ་མར་ཁུ་དགོན་གྱི་དབུ་བླ་ཚུལ་ཁྲིམས་བསྟན་རྒྱལ་མཆོག་དང་། ཆབ་མདོ་དགོན་གྱི་དབུ་བླ་ཚུལ་ཁྲིམས་ནོར་བུ་མཆོག སྒྲུབ་གྲྭ་བ་ཚོགས་གཉིས་མཐར་ཕྱིན་མཆོག རང་དགོན་གྱི་བཤད་སྒྲུབ་འདུས་སྤྱི་རྣམས་ནས་མཐུན་རྐྱེན་སྦྱར་བའི་འོག་ལྷ་ས་ནས་དཔར་དུ་ཚར་གཉིས་སྟོང་བཏབ་ཏེ་འབྲེལ་ཡོད་མཁས་བླུན་ཡོངས་ཀྱི་གཟིགས་མོར་བཤམས།།
༧ སྐལ་མཉམ་བྱིས་པ་བྲིད་པའི་འུར་སྒྲོགས་དང་།།
རླངས་འཁོར་སྒོར་མོ་བསྡུ་ཐབས་ཀྱང་མ་ཡིན།།
བན་མིན་བོན་མིན་ཆོས་མིན་སྲིད་མིན་པ།།
མང་པོའི་གཟིགས་ངོར་མི་ཚེ་ཟད་བྱེད་ཅིག།
༧ དེ་ཕྱིར་ཁྱོད་ཐུགས་དགྱེས་བྱེད་ཅི་ལ་སྟེ།།
མེས་པོའི་ཤེས་རིག་རྣལ་མ་ངོ་སྤྲོད་དང་།།
མི་རིགས་སྤྱི་ཡི་རིག་གཞུང་འཛིན་སྐྱོང་ཆེད།།
སྣ་འཛོམས་ཤེས་བྱའི་བང་མཛོད་ཉིད་དུ་དམིགས།།
ཞེས་ཀྱང་སྨྲས་སོ།།
དེ་དང་ཆབས་ཅིག་རང་གིས་བྱས་པའི་སྙན་རྩོམ་འགའ་ཞིག་ཡོད་པ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་《གསར་བཞད་ཀྱི་མེ་ཏོག་ཨུཏྤལ།》ཞེས་པའི་མིང་ཅན་གྱི་དེབ་ཆུང་ཞིག་ཀྱང་འགྲོ་གྲོན་ཡོངས་རྫོགས་བླ་མ་ཚུལ་ཁྲིམས་ནོར་བུ་མཆོག་ནས་བཏང་གནང་སྟེ་ཚར་ཆིག་སྟོང་ལྔ་བརྒྱ་ཙམ་དཔར་དུ་བཏབ། །མཆེད་གྲོགས་འགའ་ཡི་སློབ་སྟོན་འོག་《ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་》སུ་ཞུགས་ཏེ་རང་མིང་ཁྱུང་གསེར་ཞུན་དང་ཟིན་བྲིས་ཀྱི་མིང་དུ་《དལ་མཚོའི་རླབས་ཕྲེང་།》ཞེས་པའི་ཡིག་སྒམ་ཞིག་བཟོས་ཏེ་སྔ་རྗེས་སུ་རྩོམ་ཡིག་གྲངས་བཞི་བཅུ་ལྷག་ཙམ་སྤེལ། དེའི་ཐོག་ནས་རིགས་མཐུན་རྒྱལ་ཕྱི་ནང་གི་དྲ་བར་ཞལ་ཕྱོགས་པའི་དྲྭ་གྲོགས་དུ་མ་དང་ཕན་ཚུན་དྲ་བའི་ཐོག་ནས་ངོ་ཤེས་རྒྱུས་མངའ་དང་ཤེས་བྱ་དུ་མའི་ཉམས་མྱོང་གསར་པ་འགའ་ཡང་བྱུང་ངོ་།།
༼༢༠༡༢༽ཆུ་འབྲུག་ལོར་རང་ལོ་ཞེ་གཅིག་ལ་སླེབས། གནམ་ལོ་གསར་ཚེས་སྐབས་རང་དགོན་གྱི་འདུས་སྡེ་རྣམས་དང་ལྷན་དུ་ལོ་སར་བཏང་ཞིང་ཟླ་བ་གཅིག་ཙམ་ལ་མཚན་ཉིད་དཔེ་ཁྲིད་དང་། འགའ་ཞིག་ལ་ནག་རྩིས་སྣང་སྲིད་མེ་ལོང་གི་སྔོན་འགྲོའི་སྐོར་རྣམས་ཁྲིད། དེ་ནས་ཐེངས་དང་པོའི་ཆབ་མདོ་དགོན་གྱི་སྒྲུབ་གྲྭ་དེ་ལོ་གསུམ་གྱི་དུས་བཅད་ཁྲིད་མཚམས་ཟིན་པ་ལྟར་ཆོ་འཕྲུལ་ཟླ་བའི་ཉ་ཆེན་དང་སྟབས་བསྟུན་སྒྲུབ་གྲྭ་གྲོལ་བའི་མཛད་སྒོ་སྤེལ། དེ་ཡང་ཚོགས་ཞུགས་དགོན་གྱི་བླ་གྲྭ་དྲུག་ཅུ་ཡར་འཕེལ་གྱིས་གོང་ཚེས་བཅུ་བཞི་ཉིན་ནས་མདོ་ཆོག་གཡུང་དྲུང་ཀློང་རྒྱས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ་རྩ་གསུམ་རྒྱལ་བའི་ཞིང་ལ་མི་ཟད་ཀུན་བཟང་མཆོད་པའི་བྱུང་གདབ་དང་འབྲེལ། ངོ་ཐོག་སྒྲུབ་ཐོན་པ་དབྲ་ཁྱུང་གདུང་སོན་བསྟན་འཛིན་ཀུན་བཟང་དང་། དགེ་སློང་གཡུང་དྲུང་རྒྱ་མཚོ། ཕུན་ཚོགས་བསྟན་འཛིན། སྡེ་སྣོད་རབ་འབྱམས། ཚུལ་ཁྲིམས་རྒྱལ་མཚན། བརྩོན་འགྲུས་མཐའ་ཡས། མཁྱེན་རབ་ཀུན་གསལ། གཤེན་བསྟན་གོང་འཕེལ་བཅས་བླ་གྲྭ་བཀྲ་ཤིས་གྲངས་ལྡན་གྱིས་དགོན་གྱི་མཁན་སློབ་རྣམ་གཉིས་དབུས་པའི་ལས་འཛིན་རྣམས་ལ་གཏོང་རག་མཆོད་སྤྲིན་གྱི་བསྟབ་འབུལ་དང་འབྲེལ། ཐུགས་དམ་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་བསྒྲུབས། དངོས་གཞི་ཚེས་བཅོ་ལྔའི་སྔ་དྲོར་སྒྲུབ་ཐོན་པ་རྣམས་ནས་གཞུང་ཆེན་ཁག་རྣམས་རྒྱུགས་སྤྲོད་དང་སྐབས་བབ་ཀྱི་བཤད་པ། ཕྱི་དྲོར་མཚན་བཏགས་ཀྱི་མཛད་སྒོར་མཁན་སློབ་བླ་གྲྭ་རྣམ་པས་སྒྲུབ་ཐོན་པ་ཡོངས་ལ་གཟེངས་བསྟོད་ཀྱི་གནང་སྦྱིན་དང་། དེ་བཞིན་ཆེད་ཕེབས་ཀྱི་སྐུ་མགྲོན་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་དང་། མི་རིགས་ཆོས་དོན་ལས་ཁུངས་ཀྱི་དབུ་ཁྲིད། ཤག་ཆུ་ཤང་གི་དབུ་ཁྲིད། དགོན་དུ་བཅའ་སྡོད་ལས་དོན་ཚོགས་པ། ཆབ་མདོ་དགོན་བཤད་སྒྲུབ་སློབ་གླིང་། སྤུ་རྒྱལ་ལྔ་རིག་སློབ་ཚོགས་སོགས་འབྲེལ་ཡོད་ཚོགས་པ་དང་མི་སྣ་ཁག དད་ལྡན་རྒྱུ་སྦྱོར་ལྷ་སྡེ་རྣམས་ནས་སྒྲུབ་ཐོན་དངོས་ཀྱི་ཁྲི་འབུལ་དང་མཇལ་ཞུས་བཅས་གྲུབ། ཚེས་བཅུ་དྲུག་སྔ་མོར་ཆོ་གའི་བཀྲ་ཤིས་གཤེགས་གསོལ་དང་བསྔོ་སྨོན་རྣམ་དག་གིས་རྒྱས་གདབ། ཕྱི་དྲོར་བླ་གྲ་འདུས་པ་ཡོངས་དང་འབྲེལ་ཡོད་མི་སྣ་ཚང་མ་མཉམ་འཛོམས་ཀྱིས་དགའ་སྟོན་རྟེན་འབྲེལ་གྱི་ཐུགས་སྤྲོ་གྱ་ནོམ་པས་མཐར་བརྒྱན་ཏེ་ཐེངས་འདིའི་མཛད་སྒོ་དེ་ཉིད་བཀྲ་ཤིས་ཁ་དགེའི་ལམ་ནས་མཇུག་གྲུབ་པའོ། །དེ་བཞིན་ཁམས་དཀར་མཛེས་བྲག་མགོ་རྫོང་དུ་ཡོད་པའི་དགེ་བཤེས་གཡུང་དྲུང་ཡེ་ཤེས་ཀྱིས་ཕྱག་བཏབ་པའི་རྒྱལ་རོང་དགོན་ནམ་གཏོ་དགོན་གཡུང་དྲུང་གླིང་དང་། དབྲ་སྲས་འཇའ་ལུས་པ་ཆེན་པོས་ཕྱག་བཏབ་པའི་ཤུག་ལུ་རི་ཁྲོད་དེ། རི་དགོན་གཉིས་ཀྱི་དབུ་འཛིན་མཆོག་སྤྲུལ་འཆི་མེད་གཡུང་དྲུང་སོགས་འདུས་པ་ཡོངས་ཀྱིས་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ལ་དགོངས་སྐོར་བཀའ་འཁྲོལ་དང་། དེ་བཞིན་རང་དགོན་གྱི་བླ་གྲྭ་འདུས་སྤྱི་ནས་མོས་མཐུན་བྱུང་དོན་ལྟར་རང་དགོན་གྱི་དགེ་བཤེས་ཤེས་རབ་སྦྱིན་པ་རིན་པོ་ཆེ་མཆོག་དེར་ཆེད་ཕེབས་ཀྱིས་སྔོན་གྱི་བཙུན་མའི་བཤད་སྒྲུབ་འདུས་སྡེ་བཞི་བཅུ་ཡར་འཕེལ་ལ་སླར་ཡང་དཔེ་ཁྲིད་དང་སློབ་སྦྱོང་གི་དབུ་ཡང་ཚུགས། འདི་ལོར་ཆབ་མདོ་དགོན་གྱི་མཚན་ཉིད་འཛིན་གྲྭ་གོང་མ་ལ་ཐེག་འགྲེལ་མེ་ལོང་དགུ་སྐོར་དང་། དེ་མིན་རྣམས་ལ་བློ་རིག་དང་རྟགས་རིགས་ཁྲིད། ཁྱད་པར་དེ་སྔོན་བློ་རྟགས་བསྡུས་གསུམ་ཁྲིད་སྐབས་གསར་སློབ་རྣམས་ཀྱིས་གོ་དཀའ་བའི་དྭོགས་གནས་ཅི་རིགས་བྱུང་བ་དག་འབྲེལ་ཡོད་ཡིག་ཆ་ཁག་ལ་ལྟ་རྟོག་ཅི་རིགས་བྱས་པའི་གོ་བ་བྱུང་རིགས་ཟིན་བྲིས་སུ་བཀོད་པ་སྟེ། 《དཔེ་ཆའི་རྒྱལ་ཁམས་ཉུལ་བའི་ཟིན་བྲིས་རྔུལ་ཆུའི་ཐིགས་བསགས།》ཞེས་པ་ཞིག་བྲིས་ཏེ་གསར་ཞུགས་རྣམས་ལ་ཡིག་ཆ་ཕན་ཚུན་དཔྱད་བསྡུར་གྱི་ཐོག་ནས་གོ་རྟོགས་འབྱུང་བ་དང་རྩོད་པ་འཕེལ་ཐབས་སུ་དམིགས་ཏེ་འཛིན་གྲྭ་གོང་མ་རྣམས་ལ་ཐེངས་གཅིག་ཁྲིད་ནས་ཕན་ཚུན་བགྲོ་གླེང་ཡང་བྱས། དེ་མཚམས་རང་དགོན་གྱི་འཆམ་རྭའི་རྡོ་གཅལ་དང་ཕྱི་ཡི་སྒོ་ཆེན་ལེགས་བསྐྲུན་གྱི་བཟོ་བཀོད་ཇུས་འགོད་སོགས་ལ་རོགས་དམ་ཡང་བྱས། དེ་དང་ཆབས་ཅིག་ཟིན་བྲིས་དེ་ཉིད་རང་དགོན་གྱི་བཤད་གྲྭ་བ་རྣམས་ལ་ཡང་གསལ་འགྲེལ་དང་མཇུག་ཏུ་དེའི་སྐོར་གྱི་བགྲོ་གླེང་ཞིག་ཆེད་དུ་འཚོགས། སྲིད་གཞུང་གི་གཟིགས་སྐྱོང་སྟེ་དགོན་པར་འཐུང་ཆུའི་དཀའ་ངལ་སེལ་ཕྱིར་ཐག་རིང་ནས་རྫ་ཆུ་སྤུས་ལེགས་ཤིག་ཁྲིད། འདི་ལོར་ཆབ་མདོ་དགོན་གྱི་ཚོགས་ཁང་སྤོ་བསྐྲུན་གྱི་ལས་འཆར་ཡོད་པ་ལྟར་དེའི་ཁང་པའི་ཕྱི་ཡི་བཟོ་བཀོད་དང་། ནང་གི་ཆོད་གཅོད་སྟངས། བཟོ་དབྱིབས་ཀྱི་དཔེ་རིས་འབྲི་བ་སོགས་ལའང་རམ་འདེགས་གང་ཐོན་ཞུས། དེ་ལྟར་མི་ཚེའི་བརྒྱུད་ལམ་ཐུང་ངུ་ཞིག་གི་ནང་དུ་ག་ལེར་ཕྱིར་དྲན་ཞིག་བྱས་ཚེ། ཀྱག་ཀྱོག་གི་འགག་འཕྲང་དང་། སྐྱིད་སྡུག་གི་འགྱུར་བ། དགའ་སྐྱོ་ཡི་ཚོར་འདུ། ངོ་མཚར་གྱི་མཐོང་ཐོས། གློ་བུར་གྱི་གོད་ཆག ཐབས་རྡུགས་ཀྱི་ཇུས་ཉེས། དོན་མེད་ཀྱི་བྱ་བ། སྟབས་ལེགས་ཀྱི་རྒྱལ་ཁ་སྟེ། ཤིན་ཏུ་གླེང་རིན་ཡོད་པའི་བྱུང་རབས་བཟང་པོ་འབའ་ཞིག་ཅི་སྟེ་ཡང་ཧ་ཅང་དོན་མེད་མདོ་ཤོར་ཁོ་ན་ཡང་མིན་པར་སྙམ། གང་ལྟར་ཅི་ཞིག་ཡིན་ཀྱང་རུང་དེ་འདྲའི་བྱུང་བ་བརྗོད་པའི་རྩོམ་ཞིག་འབྲི་འདུན་སྐྱེས་ཏེ། དེ་ཡང་ཆུང་དུས་ཀྱི་ལོ་ཚིགས་འགའ་རེ་སྔ་ཕྱི་ཤོར་བའམ། དོན་དག་ཕྲན་ཚེགས་འགའ་ཞིག་ཡིག་ཚོགས་ཉོབ་པས་མ་བྲིས་པ་ཕུད། གཞན་རྣམས་ཕལ་ཆེར་མིག་དང་རྣ་བའི་ཚད་མས་མཐོང་ཐོས་འབའ་ཞིག་དང་། དེ་མིན་ཀྱང་ཁུངས་ལྡན་གྱི་ཡིག་ཆའམ་འབྲེལ་ཡོད་རྒྱུས་མངའ་ཅན་གྱི་ངག་ནས་ཇི་ལྟར་བྱུང་བ་རྣམས་ཁ་གསལ་གོ་བདེའི་ཚིག་སྦྱོར་གཙོར་འདོན་གྱིས་《བགྲང་བྱ་ཞེ་གཅིག་ཡན་གྱི་མི་ཚེའི་བྱུང་བ་བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང་།》ཞེས་པ་ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན་རྩོམ་འབྲི་དང་ཀློག་ཀླད་དུ་སྒྲིག་སྦྱོར་གཉིས་སྟབས་ཅིག་ཏུ་འགོ་འཛུགས་བྱས། དེ་དང་ཆབས་ཅིག་དགོན་གྱི་ཁྲི་འཛིན་བླ་མ་ཚུལ་ཁྲིམས་ནོར་བུ་མཆོག་གིས་སྔ་མོ་ནས་བཀའ་ཕེབས་དང་། ཉེ་ཆར་གཉན་རོང་རྫོང་ནས་ཀྱང་ཆབ་མདོ་དགོན་གྱི་གར་འཆམ་ཆེན་མོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་ཤིས་དགོས་ཞེས་བསྐུལ་བའི་ངོར་《༧དཔལ་གཤེན་བསྟན་ཆབ་མདོ་དགོན་པའི་གཤེན་གྱི་གར་འཆམ་ཆེན་མོའི་ངོ་སྤྲོད་བསྡུས་བརྗོད།》ཅེས་པ་དང་། འདི་ལོར་དབང་ལྡན་ཞུ་ཡི་གདུང་ལས་གྲོལ་བའི་མཁས་གྲུབ་བསོད་ནམས་བསྟན་རྒྱལ་མཆོག་གི་གསུང་རྩོམ་རྣམས་ཕྱོགས་གཅིག་ཏུ་པར་སྐྲུན་གནང་འཆར་ཡོད་པ་ལྟར་དེའི་སྒྲིག་པ་པོ་མཆེད་གྲོགས་ཞུ་གཡས་བསྟན་འཛིན་གྲགས་པའི་བཀའ་ཕེབས་ལྟར་《པར་བྱང་ཤིས་སྨོན།》ཞེས་པ་དང་། དེ་བཞིན་ཨ་མདོ་ཤར་ཁོག་དགའ་མལ་དགོན་ཆེན་གྱི་མཁན་རིན་པོ་ཆེ་ཤེས་རབ་མཐར་ཕྱིན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་དུས་སྟོན་མཛད་སྒོའི་སྐབས་རྟོགས་བརྗོད་ཤིས་ཚིག་ཅིག་མཆེད་གྲོགས་ནོར་བུ་ལགས་ཀྱིས་བསྐུལ་ངོར་《༧དཔལ་ལྡན་བླ་མའི་ཡོན་ཏན་གྱི་ཆ་ཙམ་ལ་བསྔགས་པའི་ཚིག་ཕྲེང་དད་གསུམ་ལྷ་ཡི་རོལ་མོ།།》 ཞེས་པ་བཅས་བྲིས་ཏེ་སོ་སོར་ཕུལ། ཡང་རང་གྲོགས་ཚུལ་ཁྲིམས་ཡེ་ཤེས་ཀྱིས་གྲུབ་པའི་དབང་ཕྱུག་ཆབ་མདོ་རྟོགས་ལྡན་གྱི་རྣམ་ཐར་སྐོར་ཞིག་ཟིན་ཐོར་བཀོད་འདུག་པ་དེ་དག་ཁོང་གི་དགོངས་བཞེད་ལྟར་《༧དཔལ་གྲུབ་པའི་དབང་ཕྱུག་༧ཆབ་མདོ་རྟོགས་ལྡན་གཡུང་དྲུང་ཚུལ་ཁྲིམས་མཆོག་གི་རྣམ་ཐར་ཉུང་བསྡུས་ཐོས་བསགས་དད་གསུམ་ས་བོན།》ཞེས་པ་ལེགས་སྒྲིག་བྱས། དེ་བཞིན་ཆབ་མདོ་དགོན་གྱི་བླ་རབས་གཉིས་པ་ཚེ་དཔག་རིན་པོ་ཆེའི་སྐུ་གདུང་གི་ནང་རྟེན་རྩ་ཐོར་བཀོད་འདུག་པ་དེ་ཉིད་《༧དཔལ་ལྡན་བླ་མ་དམ་པ་ཚེ་དཔག་ཡིད་བཞིན་དབང་གི་རྒྱལ་པོའི་༧སྐུ་གདུང་མཆོད་སྡོང་དགེ་ལེགས་ཡིད་ཀྱི་འདོད་འཇོའི་ནང་རྟེན་དཀར་ཆག》ཅེས་པ་ཞིག་ཀྱང་ཕྱོགས་སྒྲིག་ཞུས། དབྱར་གཞུང་དུ་རང་དགོན་གྱི་སྒྲུབ་གྲྭ་བ་དང་། ཟུར་ཞུགས་བཙུན་མ། བོན་པོ་སོགས་མི་གྲངས་སུམ་ཅུ་ཡར་འཕེལ་ལ་རྒན་ཤེས་རབ་ཐབས་མཁས་མཆོག་ནས་དབྱིངས་རིག་རིན་པོ་ཆེའི་ཟབ་ཁྲིད་སྨར་བ་བསྩལ་ཞིང་ཐུན་བཞིའི་རྣལ་འབྱོར་ལ་བརྩོན། རང་ཉིད་ཆབ་དགོན་བཤད་གྲྭའི་གུང་གསེང་དང་བསྟུན་རང་རྫོང་ཆོས་དོན་ལས་ཁུངས་ཀྱི་བཀའ་མངགས་ལྟར་རྫོང་ཡོངས་ཀྱི་སེར་ཁྱིམ་པ་རྣམས་འདོན་ཆོག་སྐོར་གྱི་ཤེས་ཡོན་ཁག་རྣམས་རྒྱུགས་ལེན་པའི་བྱེད་སྒོར་ཞུགས། ཞོར་དུ་བོན་པོ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་བཅས་ཀྱི་མཁན་སྤྲུལ་བླ་མ་རྣམས་དང་མཉམ་དུ་སྐད་ཡིག་དང་། ལོ་རྒྱུས་དང་། རིག་གཞུང་། སློབ་གསོ་སོགས་དང་འབྲེལ་བའི་ཕན་ཚུན་གླེང་མོལ་ཞུ་བའི་གོ་སྐབས་ཀྱང་བྱུང་། དེ་བཞིན་སྒང་རུ་དར་རྒྱས་དགོན་དུ་ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྐབས་བཞི་པའི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་ཚོགས་ཐོག་ཏུ་ཡོང་དགོས་པའི་བཀའ་ཕེབས་ལྟར་སོང་། ཚོགས་པ་སྤྱི་ཡི་སྒྲིག་རིམ་ལྟར་ཉིན་གུང་གི་ངལ་གསོའི་སྐབས་དང་བསྟུན་ཉིན་ཡ་ཕྱོགས་སོ་སོ་ནས་ཕེབས་པའི་འདུས་སྡེ་རྣམས་ནས་མཚན་ཉིད་གཞུང་ལ་རྩོད་སྦྱོང་དང་། ཉིན་ཡ་བླ་མ་དགེ་བཤེས་རྣམས་ནས་དཔེ་ཁྲིད་བཀའ་སློབ་གནང་བའི་སྲོལ་དང་བསྟུན་སྤྱི་ཟླ་༼༧༽པའི་ཚེས་༼༢༠༽ཉིན་ངོས་ནས་སྤྱི་རིམ་ཆེན་མོ་འདི་བཞིན་ཡུལ་དུས་དང་བསྟུན་པའི་གལ་འགངས་ཆེ་ཚུལ་དང་། དེའི་སྒྲིག་ལམ་སོགས་ལ་རིམ་པས་འཐུས་ཚང་དུ་གཏོང་དགོས་ཚུལ། དེ་བཞིན་འབྲེལ་ཡོད་གྲུབ་མཐའ་དང་ཤོག་ཁག་ཕན་ཚུན་དབར་མཐུན་ལམ་དང་བརྩི་བཀུར་ངོས་རང་བསྟན་རང་གིས་སྐྱོང་དགོས་ཚུལ། མི་རིགས་སྤྱི་ཡི་སྐད་ཡིག་ཡུལ་སྲོལ་ཤེས་རིག་ཁག་ལ་འཛིན་སྐྱོང་ཇི་ལྟར་བྱ་བ་སོགས་སློབ་གསོའི་སྐོར་གྱི་རྟོག་འཆར་ཇི་བཞིན་མཁས་མང་འདུས་པ་རྒྱ་མཚོའི་སྙན་དབང་དུ་འབུལ་ལམ་ཞུས། ཚེས་༼༢༣༽ཉིན་དམུ་རིགས་རྒྱལ་བ་གཤེན་གྱི་གདུང་སྲས་རིན་པོ་ཆེ་མཆོག་དང་། མཁན་སྐལ་བཟང་ནོར་བུ་རིན་པོ་རྣམ་གཉིས་ཀྱི་དྲུང་ནས་སྤྱི་སྤུངས་འགུ་ཡའི་དབང་ཆེན་ཡང་ཐོབ། གཞན་བླ་སྤྲུལ་དགེ་བཤེས་དང་གནད་ཡོད་ཀྱི་མི་སྣ་དུ་མ་ཞིག་དང་ཕན་ཚུན་ངོ་ཤེས་དང་། རིག་གནས་དང་སློབ་གསོའི་སྐོར་ལ་གླེང་མོལ་བྱ་བའི་གོ་སྐབས་ཀྱང་ཐོབ། དེ་དག་ལ་རང་རྩོམ་《ཞང་ཞུང་སྒོ་པའམ་ཁམས་ཁྱུང་པོའི་ས་ཁུལ་གྱི་ཡུལ་སྐད་སྐོར་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་ཤེས་འདོད་རེ་བ་སྐོང་བའི་མཛོད་ཆེན།》ཞེས་པ་དང་《གསར་བཞད་ཀྱི་མེ་ཏོག་ཨུཏྤལ།》ཞེས་པའི་དེབ་རེ་ཡང་སྤྱན་འབུལ་ཞུས། མཇུག་ཏུ་སྤྱི་རིམ་སྨན་སྒྲུབ་དང་གསས་ཁང་སྒོ་འབྱེད་ཀྱི་མཛད་སྒོ་ལེགས་གྲུབ་ཀྱི་དགའ་སྟོན་དུ་སྒང་རུ་སྡེ་ཤོག་གསུམ་ནས་གཉེར་བའི་སྒྱུ་རྩལ་གྱི་བྱང་ཚད་མཐོ་བའི་བྲོ་གླུ་གཞས་གསུམ་གྱི་ལྟད་མོ་ཡང་མཐོང་ངོ་།།
༧ ང༵་དང་ཁྱོད་ཅེས་རིས་སུ་མ་བཅད་པའི།།
ང༵་ཚོའི་གནས་མཆོག་སྤུ་རྒྱལ་ཕྱོགས་མཚམས་ཀྱི།།
ང༵་ཅག་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་སྒོར།།
ང༵་རང་ཞུགས་རྒྱུ་བྱུང་འདི་སྐལ་བཟང་ལས།།
༧ བསྟན༵་པའི་གནས་གཞི་གསས་ཁང་བཀོད་པ་ལེགས།།
བསྟན༵་པའི་དབུ་འཛིན་མཁན་སློབ་བླ་སྤྲུལ་མང་།།
བསྟན༵་པའི་ཡང་སྙིང་བཤད་སྒྲུབ་ཟུང་དུ་སྦྲེལ།།
བསྟན༵་འདི་སྲིད་མཐའི་བར་དུ་གནས་པར་སྨོན།།
༧ དེང་དུས་བྲོ་གཞས་གླུ་ཡིས་ས་ཁྱབ་ཀྱང་།།
རང་སྲོལ་ཆས་གོས་སྐོར་བའི་ཁ་ཕྱོགས་དང་།།
དེ་བཞིན་ཚིག་དང་གདངས་ཀྱི་སྒྱུ་རྩལ་བཅས།།
དཔྱད་ན་རིན་ཐང་ཆེ་བའི་ཚུལ་འདི་རྨད།།
ཅེས་ཀྱང་བར་སྐབས་ཉམས་དགའི་ཚིགས་སུ་བཅད་པའོ།།