༄༅།། ༧ དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔའ་བརྡ་ཞུ་ཚང་དགོན་
སྨིན་གྲོལ་གླིང་གི་༧སྤུ་རྒྱལ་ལྔ་རིག་སློབ་གླིང་ངམ་
བཤད་སྒྲུབ་སྒོམ་སྡེའི་གཤིས་བརྗོད་དབྱངས་
སུ་གྱེར་བ་ཚངས་སྲས་བཞད་
པའི་རང་སྒྲ།།
༼ཁག་དང་པོ༽
༡༽ལུ༵ང་རྟོགས་ལྷོ་སྤྲིན་འཁྲུག་རུམ་ནས།།
རིག༵ས་གསུམ་གདུལ་བྱའི་སྐྱེད་ཚལ་གསོས།།
རྣམ༵་གྲོལ་ཟིམ་ཆར་འབུམ་འཇོ་བའི།།
དག༵་གཉིས་དགོངས་ལྡན་བླ་མར་བསྟོད།།
༢༽ཚོགས་གཉིས་ཆུ་གཏེར་གཡོ་བའི་བཅུད།།
སྐལ༵་བཟ༵ང་བསྟན་པའི་ཉི༵་མ༵་ཆེ།།
དད་གསུམ་མཁའ་རུ་མངོན་འཕགས་ཏེ།།
རྨོངས་བློའི་ཤེ་མུན་ད་སོལ་ཅིག།
༣༽ཤེས་རབ་མཁའ་མཐར་མ་བརྒལ་ཅིང་།།
འུད་སྒྲོག་བསླུ་བྲིད་མི་མཁས་ཀྱང་།།
ཡིན་ལུགས་རྣལ་མའི་རྒྱང་གླུ་ཞིག།
ཐོས་འཛིན་དགེས་པའི་གསོས་སུ་བསྟར།།
༤༽མ༵་ཕྱིས་སེམས་ཉིད་ཀ་དག་ཀློང་།།
མ༵་བཀོད་བརྟན་གཡོ་སྒྱུ་མའི་འཕྲུལ།།
མ༵་བསྒྲུབས་སྟོང་པའི་རང་གཟུགས་ཏེ།།
མ༵་བགོས་ཕྱོགས་མཚམས་ཀུན་ཏུ་བདལ།།
༥༽སྤྱི་མཐུན་བསོད་ནམས་འདུ་འཕྲོ་ལས།།
བྱུང་བའི་འཇིག་རྟེན་གྲངས་མང་ཡང་།།
འཛམ་གླིང་གཙུག་རྒྱན་སྒང་པ་བོད།།
གྲགས་དཀར་སྲིད་གསུམ་ཞིང་ལ་འབར།།
༦༽བདེར་གཤེགས་རྒྱལ་བའི་ཐུགས་རྗེ་འམ།།
ཐ་དད་འགྲོ་བའི་འདུ་ཤེས་ལས།།
བྱུང་བའི་གྲུབ་མཐའ་རྒྱུ་སྐར་ཕྲེང་།།
ལྗོངས་འདི་མཛེས་པའི་གྲོགས་སུ་བཀུག།
༧༽ཁྱད་པར་བསྒྱུར་བཟོའི་ཆུ་འཛིན་དྲི།།
མ་གོས་སྔ་འགྱུར་གཡུང་དྲུང་བོན།།
མདོ་སྔགས་བསྟན་མཆོག་ཉི་ཟླ་ཟུང་།།
ཤར་བའི་དགེ་མཚན་བླ་ན་འཕགས།།
༨༽མ་བཅོས་ཀུན་བཟང་དགོངས་པའི་རྩལ༵།།
རྩལ༵་དྲུག་ཡེ་རྫོགས་ཁྱུང༵་ཆེན་གདུང༵་།།
གདུང༵་རབས་སྟོད་སྨད་ཀུན་གྲོལ་ཡང༵་།།
ཡང༵་དག་མཚན་གྱིས་མཛེས་པའི་ཡུལ༵།།
༩༽ཆོལ་གསུམ་ཁ་བའི་ལྗོངས་འདི་རུ།།
ངོ་མཚར་བཀོད་པ་གྲངས་མང་ཡང་།།
དཔ༵འ་བ༵རྡ་མཐོང་བ་ཀུན་སྨོན་ཞེས།།
གྲགས་སྙན་མཁའ་མཐར་བརྒལ་བ་བཞིན།།
༡༠༽ཁྱད་འཕགས་གདུང་རྒྱུད་རྣམ་དྲུག་ལས།།
དབང་ལྡན་ཞུ༵་ཡི་གདན་ས་སྟེ།།
དགོ༵ན་ཆེན་སྨིན༵་དང་གྲོ༵ལ་བའི་ཞིང་།།
ལྷོ་གླི༵ང་བསྟན་པའི་རྒྱན་དུ་བརྗིད།།
༡༡༽མར་འགྲིབ་བསྐལ་པའི་ཁུག་སོར་ཡང་།།
སྤུ༵་རྒྱལ༵་བོད་པའི་ཕ་ནོར་ཏེ།།
ལྔ༵་ཕྲག་རིག༵་པའི་གཞུང་ཆེན་ཀུན།།
ཚང་ལ་མ་ནོར་སློབ༵་པའི་གླིང༵་།།
༡༢༽གཞུང་ཆེན་རྒྱ་མཚོའི་འཇིངས་བརྒལ་ཏེ།།
ངེས་དོན་ནོར་བུའི་མཛོད་འཆང་བའི།།
མཁ༵ན་སློབ༵་གདེངས་ཅན་དབང་པོ་ཡིས།།
ཟབ་གདམས་འདོད་རྒུའི་གྲུ་ཆར་འཇོ།།
༡༣༽རྒྱན་དྲུག་མཁས་བཞིའི་དཔལ་འཛིན་པའི།།
རབ་འབྱམས་དགེ༵་བའི་བཤེས༵་གཉེན་ཚོགས།།
དགག་སྒྲུབ་སེང་སྐད་ཆེར་བསྒྲགས་པས།།
ལོག་སྨྲའི་གཉིས་འཐུང་འདམ་དུ་བྱིང་།།
༡༤༽བརྒྱད་ཁྲི་བཞི་སྟོང་ཡང་ཞུན་བོན།།
ཉག་གཅིག་རྣལ༵་མའི་དོན་འབྱོར༵་བ༵འི།།
མཁས་པའི་མཁས་པ་སྟག་སེང་ཁྱུ།།
ཕན་ཚུན་ཉམས་རྟོགས་འགྲན་པ་བཞིན།།
༡༥༽ཤེས༵་རིག་ལང་ཚོའི་ན་དར་བས།།
རབ༵་མཛེས་གཞུང་ལུགས་རྒྱན་དུ་ཐོབ།།
རྒྱལ༵་བ་གཉིས་པ་སྨན་རིའི་ལུགས།།
མཚ༵ན་དོན་མ་ལུས་འཛིན་པའི་སྡེ།།
༡༦༽འཆད་པའི༵་འབེལ་གཏམ་ཆུ་འཛིན་ཀློང་།།
རྩོད་པའི༵་ལུང་རིགས་དབྱར་རྔ་ལྡིར།།
རྩོམ་པའི༵་ལེགས་བཤ༵ད་སྦྲང་ཆར་རྒྱུན།།
རིག་པའི༵་ཆུ་གཏེར་འཕེལ་བའི་གྲྭ༵།།
༡༧༽ཟབ་རྒྱས་བཀའ་དང་བསྟན་བཅོས་ཀྱི།།
ལུང་རིགས་དྲེགས་ལྡན་འདུས་གྲྭ་ཁྱུས།།
བརྒལ་བརྟག་རྩོད༵་པའི་ཐལ་ངག་གིས།།
དྲན་དབང་བྱེ་བའི་མགྲིན་པ༵་བརྣངས།།
༡༨༽བློ༵་གསལ་རིག་ལམ་ལྡེའུ་མིག་གིས།།
བློ༵་རྟག༵ས་བསྡུས༵་གཞུང་སྒོ་ཕྱེས་པས།།
བློ༵་རྨོངས་སྐྱེ་བོ་ཕལ་པ་ཡང་།།
བློ༵་རིག་འགྲན་པའི་སྤོབས་པ་ཐོབ།།
༡༩༽ཟབ་ཡངས་གཞལ་བྱའི་ཐང་ཆེན་དུ།།
སྡེ་བདུན་ཚད༵་མ༵འི་ཅང་ཤེས་བང་།།
འགྲན་པས་རིག་འཕྲུལ་མགྱོགས་དར་ཆེ།།
བློ་གྲོས་མི་བུའི་རྒྱན་དུ་གཟབས།།
༢༠༽རྣམ་དཔྱོད་གོམ་པའི་འདེགས་འཇོག་གིས།།
ཐེ༵ག་བརྒྱད་སྐས་རི༵མ་བརྒལ་བྱས་ཏེ།།
ཡེ་གྲོལ་རྫོགས་ཆེན་བ་གམ་རྩེར།།
ལྟ་བའི་རྒྱལ་མཚན་མངོན་མཐོར་བསྒྲེངས།།
༢༡༽ཐབས་ཤེས་གསེར་སྦྱངས་སྣོད་ཡངས་སུ།།
ཚོགས་གཉིས་རྩི་བཅུད་དྭངས་མས་བལྟམས།།
ས༵་བཅུ་ལམ༵་ལྔའི་མེ་སྤར་བས།།
མཁྱེན་གཉིས་ཞུགས་མར་དབྱིངས་ན་འཚེར།།
༢༢༽དོན་ལྔའི་ཕོ་རྒོད་མཐེབ་རྩལ་གྱིས།།
མཐའ་བྲལ་དབུ༵་མ༵འི་གནམ་ལྕགས་མདའ།།
བདེན་གཉིས་མཆོག་དཀར་སྟེང་དྲངས་པས།།
བདག་འཛིན་གཤེད་མའི་སྙིང་ཁྲག་ཕོས།།
༢༣༽དངོས་བསྟན་སྟོང་ཉིད་ཞིང་ས་ཆེར།།
སྦས་དོན་ཕར༵་ཕྱི༵ན་སོན་བཟང་ཚོགས།།
དཔྱད་འཇོག་དྲོད་གཤེར་རླན་འཛོམས་པས།།
སྐུ་ལྔའི་འབྲུ་དྲུག་གཡུར་དུ་སྨིན།།
༢༤༽བཅུ་བདུན་དགོས་འབྱུང་ནོར་བུའི་གཏེར།།
མཁྱེན་རབ་འདོད་པ་དགུ་འགྱུར་གྱིས།།
ཕུན་ཚོགས་མཛོ༵ད་སྒོ་ཁྲ་མོ་ནས།།
ཟད་མེད་གདུལ་བྱའི་གཉེན་དུ་དྲངས།།
༢༥༽བཅས་རང་ཁ་ན་མ་ཐོའི་ཚོགས།།
འདུལ༵་བའི༵་བསླབ་ཁྲིམས་དམུ་ཐག་སྲོག།
ཆད་མེད་དྲན་ཤེས་ཀྱིས་མཐུད་པས།།
ཁྲི་གཙུག་བསྟན་པའི་མེ་རོ་བསླངས།།
༢༦༽མཐའ་བྲལ་ལྟ་བ་ལས་འཕགས་པའི།།
ལྷུན་གྲུབ་གས༵ང་སྔགས༵་རྒྱུད་བཞིའི་བཅུད།།
གཞི་དྲུག་རྩལ་རྫོགས་མཁའ་ལྡིང་དབང་།།
སྐལ་བཟང་ཡོངས་འདུས་གཙུག་ཏུ་བཀོད།།
༢༧༽མང་ཐོས་རིག་ལམ་བྱང་ཆུབ་པའི།།
མཁས་དབང་འབུམ་གྱིས་མ་གཟིགས་པ།།
བླ་མེད་རྫོག༵ས་ཆེ༵ན་གསང་བའི་གནད།།
བཀྲལ་བས་སྐལ་དམན་ཧད་དེ་ལུས།།
༢༨༽ལྟར་སྣང་འཕྲུལ་བཟོས་ཙམ་མིན་པའི།།
རྒྱུ་གཉིས་རྐྱེན་བཞིའི་ཉ་ལྕིབ་ལས།།
འཁྲུངས་པའི་བཀའ་དབ༵ང་མུ་ཏིག་ཕྲེང་།།
གསང་ཆེན་ལང་ཚོའི་རྒྱན་དུ་ངོམ།།
༢༩༽བརྒྱུད་རིམ་ཉག་ཐག་མ་ཆད་ཅིང་།།
བྱིན་རླབས་ཚན་ཁ་སྤམ་མཐོ་བའི།།
རང་གཞུང་བཀའ་དང་བསྟན་བཅོས་ཀྱི།།
ལྗགས་ལུང༵་བདུད་རྩིའི་རྒྱུན་བཟང་ཕབ།།
༣༠༽ཆེན་པོའི་སྦོམ་དང་ཟོག་པོའི་འུར།།
མ་སྨད་དཔྱད་གསུམ་ཆུ་གཏེར་ལས།།
ཐོན་པའི་ཞལ་ཁྲི༵ད་བསིལ་ཟེར་ཅན།།
སྨིན་གྲོལ་པད་དཀར་གཉེན་དུ་བསུས།།
༣༡༽ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་གི།
ཡང་བཅུད་ཟབ་ལམ་གསང་སེམས་བོན།།
འཛིན་སྐྱོང་སྤེལ་བའི་བདག་ཉིད་ཅན།།
གྲུབ་དབང་མངྒ༵་ཝེར༵་ཞི༵འི་ལུགས།།
༣༢༽ཐོས༵་བརྩོན་ཁོ་ལག་རྫོགས་པའི་རྩེར།།
བས༵མ་སྦྱོར་འདབ་བརྒྱ་ལེགས་པར་གྲོལ།།
སྒོམ༵་རྟོགས་ཟེའུ་འབྲུ་ཆེར་དུད་པའི།།
སྒྲུབ༵་སྡེའི་སྐྱེད་ཚལ་བཞད་པའི་གྲྭ༵།།
༣༣༽ཟབ་གདམས་ཨ་རྫོགས་སྙན་གསུམ་གྱི།།
སྔོན༵་འགྲོ༵འི་བཀ༵འ་ལུང༵་རྒྱ༵་མཚོ༵་ཆེ།།
བསགས་སྦྱོང་རླབས་ཕྲེང་འབུམ་ཕྲག་དགུས།།
འགྲོ་འདིའི་ཤེས་རྒྱུད་ཐ་བ་བརླན།།
༣༤༽རིང་མོའི་ཚོགས་ལ་མ་ལྟོས་པར།།
མྱུར་ལམ་འཕོ༵་བ༵འི་མན་ངག་གིས།།
སྐལ་བཟང་འགྲོ་རྣམས་ཅི་སྨོས་ཏེ།།
སྡིག་ཏོ་ཅན་ཡང་ཐར་ལམ་རྙེད།།
༣༥༽མཚན་བཅས་ཨ༵་ལ་སེམས་གཏ༵ད་པས།།
མཚན་མེད་གནས་ལུགས་དངོ༵ས་སུ་གསལ།།
གཞི༵་སྣང་གཤིས་སུ་གྲོལ་བྱེད་པའི།།
ཐུན་མིན་ཉམས་ལེན་རྫོགས་པ་ཆེ།།
༣༦༽བོ༵ན་སྤྱོད་དགེ་ཚོགས་སྣ་མང་ཡང་།།
བསྟན་པའི་གསལ་བྱེད་འཆ༵ད་ཉན་གྱི།།
བཀའ་ལུང་རིན་ཆེན་གཟི་ཡི་ཕྲེང་།།
མཁ༵ས་མང་མཛེས་པ༵འི་མགུལ༵་རྒྱན༵་སྤུད།།
༣༧༽གནས་དྲུག༵་འོག་མིན་བདེ་ཆེན་ཞིང་།།
འདུལ་དྲུག༵་བསྐྱེད་རྫོགས་འཕྲོ་འདུ་ཡིས།།
རྒྱུ་དྲུག༵་ལས་ཀྱིས་འཁོར་བ་རྣམས།།
རི༵གས་དྲུག༵་རང་དག་ཀློང་དུ་སྦྱོང༵་།།