ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༧དབང་ལྡན་སྨིན་གྲོལ་གླིང་༧སྤུ་རྒྱལ་ལྔ་རིག་སློབ་ཚོགས་ལ་བསྔགས་པ།
[ 2013/1/16 17:56:00 | By: ཁྱུང་གསེར་ཞུན། ]
 

༄༅།། ༧ དབང་ལྡན་ཞུ་ཡི་གདན་ས་ཆེན་མོ་དཔའ་བརྡ་ཞུ་ཚང་དགོསྨིན་  གྲོལ་གླིང་གི་༧སྤུ་རྒྱལ་ལྔ་རིག་སློབ་གླིང་ངམ་བཤད་

                 སྒྲུབ་སྒོམ་སྡེའི་གཤིས་བརྗོད་དབྱངས་

   སུ་གྱེར་བ་ཚངས་སྲས་བཞད་

  པའི་རང་སྒྲ།།

ཁག་གཉིས་པ།༽

 

 

༣༨༽ལས་རུང་རྩ༵་ཐིག་རླུང༵་གསུམ་གྱིས།།

བསྐྱེད་པའི་ཨ་ཧྃ་འབར་འཛག་མེས།།

མ་དག་རྟོག་ཚོགས་བསྲེགས་པའི་ཤུལ།།

བདེ་སྟོང་ཡེ་ཤེས་སྤྱི་བླུགས་ཤར།།

 

༣༩༽ཟབ་དཀར་རྒྱུད་སྡེའི་ཡང་སྙིང་སྟེ།།

བསྙེན་སྒྲུབ་འཕྱང་བཅས་སོ་དྲུག་གྲངས།།

བསྐྱེ༵ད་དང་རྫོག༵ས་པའི་འཕྲོ་འདུ་ཡིས།།

སྣང་གྲགས་གསང་བ་གསུམ་དུ་བསྒྲུབས།།

 

༤༠༽རྒྱུད་གསུ༵མ་མ་དྲོས་ཀླུང་བཟང་ལས།།

སྡོམ༵་གསུ༵མ་ཡིད་བཞིན་ནོར་བུ་མཆོག།

རིགས་གསུ༵མ་རྒྱལ་མཚན་རྩེར་བཀོད་པས།།

སྒོ་གསུ༵མ་མི་མཐུན་གཡུལ་ལས་རྒྱལ།།

 

༤༡༽ལེ༵གས་བཤ༵ད་རྣམ་སྲས་བང་མཛོ༵ད་དུ།།

དཔྱད་བརྗོད་རིན་ཆེན་སྣ་མང་ཡང་།།

བརྒྱུད་གསུམ་འཕྲུལ་གྱི་བདག་རྐྱེན་ལས།།

བསྟན་འབྱུང་གཟི་ཡི་དོ་ཤལ་བརྗིད།།

 

༤༢༽རྣམ་གསུམ་གཏེར་ལས་ཉེར་འཁྲུངས་པའི།།

དགུ་ཕྲག་ལུང༵་དོན་འདོད་འབྱུང་དབྱིག།

ཕྲ་ཞིབ་རི༵གས་པའི་བྱི་དོར་གྱིས།།

དགོངས་རྟོགས་ནམ་མཁའི་མཛོ༵ད་ཆེན་བསྒྲུབས།།

 

༤༣༽མཁྱེན་གསུ༵མ་ཏི་སེ་ལས་འོང་བའི།།

སྡེ༵་གསུ༵མ་ཁ་འབབ་རྣམ་བཞིའི་ཀླུང་།།

ཚད་གསུ༵མ་གསེར་གྱི་ཡུར་བ་ལས།།

སྣོད༵་གསུ༵མ་དབྱིག་ལྡན་མཛོ༵ད་དུ་བསྐྱིལ།།

 

༤༤༽ཟབ༵་གདམས་ཁྲིད་རིམ་ན༵མ་མཁ༵འི་ཀློང་།།

ཟབ༵་ལམ་སྒྲུབ་གཞུང་ཉི་ཟླའི་མཛོ༵ད།།

ཟབ༵་གསལ་ལས་ཚོགས་འོད་སྣང་གིས།།

ཟབ༵་དོན་བསྟན་པའི་སྐྱེད་ཚལ་འཛུམ།།

 

༤༥༽སེམས་ཀློང་མན་ངག་སྡེ་གསུམ་གྱི།།

དགོངས་བཅུད་དབྱིང༵ས་རིག༵་རིན་ཆེན་མཛོ༵ད།།

ལས་ལྡན་སྐྱེས་བུས་ཉམས་བཞེས་པས།།

ཟག་བྲལ་འཕོ་ཆེན་བུམ་སྐུར་བསྒྲུབས།།

 

༤༦༽ཀ་དག་ལམ་བྱེད་ལས་འཕགས་ཤིང་།།

ལྷུན་གྲུབ་རང་གདངས་དངོས་གྲོལ་བའི།།

འོད་གསལ་མུ༵ན་པའི་མཚ༵མས་ལས་སོགས།།

ཉམས་རྟོགས་དབུ་འཕང་མཁའ་དང་བསྡེབས།།

 

༤༧༽གཞན་ཡང་བྲུ་ཡི་ཨ་ཁྲིད་དང་།།

སྐྱབས་སྡོམ་བྱང་སེམས་བརྒྱ་རྩ་སོགས།།

ཟབ་གདམས་གཅེས་པའི་ཕ་ནོར་ཀུན།།

ཡོངས་རྫོགས་བདག་གིར་མཛད་འདི་མཚར།།

 

༤༨༽ཡེ༵་ཉིད་ཇི་བཞིན་སྐྱེ་མཆེད་གཞི༵།།

ཡེ༵་ཤར་ཁྲེགས་ཆོད་ཐོད་རྒལ་ལམ༵།།

ཡེ༵་གྲོལ་གཞོན་ནུ་བུམ་སྐུའི་འབྲས༵།།

ཡེ༵་མཁྱེན་རི༵་ཁྲོ༵ད་ཆེན༵་པོ༵འི་སྲོལ།།

 

༤༩༽བཅོས་མེད་ལྟ་བ་ཡངས་པའི་མཁར།།

འོད་གསལ་སྒོམ༵་པའི་ཁྲི་གདུགས་འཛུམ།།

ཤུགས་འབྱུང་སྤྱོད་པའི་ཚ་ཟེར་གྱིས།།

ངེས་དོན་སྐྱེད་ཚལ་དགོད་པའི་གྲྭ༵།།

 

༥༠༽ཟབ༵་ལམ་རྣམ་རྒྱལ་ཁང་བཟང་དུ།།

འཇུག་ཐབས་རིན་ཆེན་ལྡེའུ་མིག་སྟེ།།

ཟབ༵་གདམས་བྲུ༵་ཡི་ཨ༵་ཁྲི༵ད་སྒོར།།

བསགས་སྦྱོང་སྐལ་བཟང་དུས་སྟོན་ཚུགས།།

 

༥༡༽རྣམ༵་གསུམ་བཀའ་ལུང་ཆུ་འཛིན་བཅུད།།

རྣམ༵་བཤད་ལམ་རིམ་སུམ༵་བརྒྱ༵་པ༵།།

རྣམ༵་དག་འཆད་ཉན་བདུད་རྩིའི་རྒྱུན།།

རྣམ༵་དཀར་སྨྱུག་གཞོན་གསོས་སུ་སྨིན།།

 

༥༢༽ཐུགས་རྒྱུད༵་དགོངས་གཏེར་ལས་བྱུང་བའི།།

བཀའ་རྒྱུད༵་སྐོར་བཞིའི་ཡང་སྙིང་སྟེ།།

ཉམ༵ས་རྒྱུད༵་རྒྱལ༵་བའི༵་ཕྱག༵་ཁྲི༵ད་ཆེ།།

རང་རྒྱུད༵་འདུལ་བའི་དཔུང་དུ་ཁོམ།།

 

༥༣༽ཀློང་ཆེན་བསྒྲགས་གསུམ་རྩི་ཐོག་བཅུད།།

དྲང་ངེས་ཡང༵་རྩེའི༵་འོ་མཚོ་ཆེ།།

ཐོས་བསམ་རྐྱལ་གྱིས་བསྲུབས་པ་ལས།།

སྒོམ་རྟོགས་མར་དཀར་རིལ་བུ་འཁྲུངས།།

 

༥༤༽གསང་སྔགས་གཏོར་བཟོ་གྱེར་ཙམ་དུ།།

འཛིན་པའི་མར་འགྲིབ་གཉན་འཕྲང་དུས།།

ཟབ་རྒྱས་རྒྱུད་སྡེའི་དགོངས་དོན་བཞིན།།

སྒོམ་སྒྲུབ་སྲོལ་བཟང་འདི་ན་ཚུགས།།

 

༥༥༽རབ་འབྱམས་དཀྱིལ་འཁོར་སྤྲོ་བསྡུའི་མགོན།།

ཞི༵་ལྷ་རྒྱལ་བ༵་འདུས་པའི་ཐུགས།།

ཨ༵་དཀར་གས༵ལ་བ་དགུ་འཛབ་དོན།།

བཅོས་མེད་རང་སྒྲ་གཡང་དུ་ཆགས།།

 

༥༦༽ཐུགས་ཉིད་བོན་སྐུ༵་ཞི་བའི་ངང་།།

དཔའ་རྟགས་བརྒྱད་ཅུ་རྫོགས་པའི་དབ༵ལ།།

ལྷུན་གྲུབ་དཀོར་བདུན་གས༵ས་ཁང་དུ།།

བསྐྱེད་རྫོགས་འོད་རིས་གཡས་སུ་འཁྱིལ།།

 

༥༧༽རྒྱལ་ཀུན་གསུང༵་གསང་སྒྱུ་འཕྲུལ་ལས།།

གནམ་བདུད་ལྷ༵་སྲིན་བགེགས་བཅོམ་ཕྱིར།།

དཔའ་རྒོད༵་ཁྲོ་གཏུམ་གཟུགས་ཤར་བའི།།

བསྙེན་སྒྲུབ་གདངས་དབྱངས་རྔ་གསང་སྤུན།།

 

༥༨༽བདེ་སྟོང་གཉུག་མའི་ཐུག༵ས་མཛོད་དུ།།

བརྒྱད་ཅུའི་ཁྲོ་ཚོགས་གཙོ༵་འཁོར་གསལ།།

དྲུག་སྐོར་འཕྲོ་འདུའི་བདག་རྐྱེན་ལས།།

མཆོ༵ག་ཐུན་དངོས་གྲུབ་ཚེ་འདིར་བརྙེས།།

 

༥༩༽ལེགས་འབྱུང་ཡོ༵ན་ཏ༵ན་སྤྲིན་རུམ་ལས།།

གེ༵་བདུད་བྲག་ཆེན་གཏོར་བའི་གཤེད།།

ཁོ༵ད་སྤུངས་གློག་འོད་བསྡེབས་དང་ལྷན།།

ལས་སྦྱོར་མེ་ཆར་དགུང་ནས་ཕབ།།

 

༦༠༽ཟབ་རྒྱས་སྡེ་སྐོར་དོན་གསུམ་གྱི།།

མཛད་ཕྲིན༵་ལས༵་རིམ་ཉེར་ལྔའི་འབྲུ༵ག།

མཐའ་སྒྱུར་མེ་གཤོག་གྲ་རྒྱས་པས།།

ལྷ་གས༵ས་དབུ་འཕང་དགུང་བས་མཐོ།།

 

༦༡༽གྱི་གྲན་བསྟན་དགྲ་ཐལ་བའི་རྡུལ།།

བརླག་མཛད་དབལ་གཤེན་སྟག༵་ལ༵་ཡི།།

གཞུང་བཟང་དཀར་ནག་དམར་གསུམ་སྒོར།།

ལས་ཚོགས་མངོན་སྤྱོད་སྦྱོར་སྒྲོལ་ཟབ།།

 

༦༢༽མ༵་རྒྱུད༵་གཞི་ལམ་འབྲས་གསུམ་མཁར།།

མ༵་ཚོགས་སུམ་བརྒྱ་དྲུག་ཅུ་གསལ།།

མ༵་ལུས་ཟུང་འཇུག་སྒྱུ་མའི་སྐུར།།

མ༵་བཅོས་གྲུབ་ཆེན་བརྒྱད་ཅུ་བཞིན།།

 

༦༣༽བརྩེ་ཆེ༵ན་གངས་དཀར་བཞུར་བའི་རྒྱུན།།

བྱམ༵ས་ཆེ༵ན་སྲས་ཡུམ་ཟླ་བའི་མ༵།།

བསྙེན་ཆེ༵ན་དབྱར་གྱི་ལང་ཚོ་ཡིས།།

བྱིན་ཆེ༵ན་རླབས་ཕྲེང་ཕྱོགས་བརྒྱར་སྤྲོས།།

 

༦༤༽གཞན་ཡང་རྣམ་གདུགས་དྲན་པ་སོགས།།

རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས།།

བསྙེན་གྲངས་སྟོང་འུར་ཙམ་མིན་པའི།།

སྒོམ་བཟླས་གཉུག་མའི་སྒྲུབ་པ་ཟབ།།

 

༦༥༽མ༵ན་ངག༵་བཀ༵འ་ལུང་ཡངས་པའི་མཁར།།

དགོངས་རྒྱུད༵་སྡེ༵་སྐོར༵་ཆེ་བཞི༵འི་ཉི།།

བློ༵་འདས་རང་རི༵ག་ཚ་ཟེར་གྱིས།།

བློ༵་རྟོག་མ་རི༵ག་གཡུལ་ལས་རྒྱལ།།

 

༦༦༽ཀློ༵ང་རྡོལ་གཞི་ལམ་འབྲས་བུའི་སྡེ༵།།

ཀུན་བསྒྲ༵གས་ས་གསུམ་སྙན་པ༵་ཡི།།

རྒྱུད་ལུང་མན་ངག་སྐོ༵ར་ཆེན་གསུ༵མ།།

ཡོངས་རྫོགས་ལྟ་སྒོམ་རྒྱན་དུ་སྤུད།།

 

༦༧༽སྤྲོས་བྲལ་སེམ༵ས་སྡེ༵་ཆུ་གཏེར་འཇིངས།།

གབ༵་གསང་འདོད་པ༵་དགུ༵་འགྱུར་དབྱིག།

ཐོས་བརྩོན་ཀུན་དགའ་འོད་ཆེན་གྱིས།།

སྐོར༵་གསུམ་རྒྱལ་མཚན་གཙུག་ཏུ་བཀོད།།

 

༦༨༽མ་ལུས་མགྲོན་བཞིའི་ཐུགས་སྐོང་བའི།།

མཆོད་གཏོར་རྩིས་གོ་བདུན་པ་སོགས།།

སྤྱོད་པ་བཀའ་རྟགས་ཕྱག་རྒྱའི་དོན།།

ཆད་མེད་བརྡ་ཀླུང་དལ་འབབ་བཞིན།།

 

༦༩༽ཆེ་བ་ལས་བཞི་བཀའ་འགྱུར་ནས།།

ཆུང་བ་བསྐང་གསོལ་མདོ་ཟློག་ཡན།།

རྒྱ་ཆེའི་དད་ལྡན་རེ་འདོད་བཞིན།།

ཐོགས་མེད་སྒྲུབ་པའི་དགེ་ཚོགས་ཟབ།།

 

༧༠༽རིག་གཞུང་གསེར་སྦྱངས་དོ་ར་ན།།

ངོ་མཚར་མཁྱེན་དཔྱོད་གཞོན་ནུའི་ཚོགས།།

བརྡ་དག་སྙན་གཞུང་རྩིས་སྡེབ་སྦྱོར།།

གང་འདོད་སྒྱུ་རྩལ་གར་ལ་བྲེལ།།

 

༧༡༽འཆ༵ད་པས་གཞུང་ལུགས་གདམས་པར་ཤར།།

རྩོད༵་པས་རྒོལ་ངན་དོན་སྙིང་འབྱིན།།

རྩོམ༵་པས་མཁས་རྒུའི་ཡིད་དབང་འཕྲོག།

སྒྲུབ༵་པས་འབྲས་བུ་མངོན་དུ་བྱེད།།

 

༧༢༽མདོར་ན་སྙིགས་དུས་རྒྱལ་བའི་བསྟན།།

འཛིན་པར་ཁས་འཆེ་གྲངས་མང་ཡང་།།

རིས་མེད་བཤད་སྒྲུབ་སྒོམ་གྱི་སྡེ།།

ཡང་དག་ཚུལ་ལྡན་འདི་ཀོ་ཙམ།།

 

༧༣༽དེ༵་ལྟའི་ལེགས་ཡོན་མཐའ་ཡས་པ།།

དེ༵་ཉིད་གཟིགས་ཀྱིས་བརྗོད་དཀའ་ཡང་།།

དེ༵་ལྟར་སྨྲས་ལ་ནོངས་པའི་ཚོགས།།

དེ༵་དག་མ་རིག་བློ་ཡི་དབང་།།

 

༧༤༽འདི༵ར་སྣང་ཁོལ་པོར་འཕྱན་པ་བདག།

འདི༵་བཞིན་བྱ་བའི་སྐལ་དབེན་ཡང་།།

འདི༵་ཡིས་ཡིད་སེམས་འཕྲོག་ཆེས་པས།།

འདི༵་ལྟར་དབང་མེད་ངག་ནས་ཤོར།།

 

༧༥༽རྣམ༵་དག་ལྷག་བསམ་རྒྱ་མཚོའི་བཅུད།།

རྣམ༵་བཤད་ཉ་རྒྱས་ཟླ་བ་འདིས།།

རྣམ༵་དཀར་བསིལ་ཟེར་འཇོ་བ་གང་།།

རྣམ༵་དཔྱོད་པད་དཀར་གསོས་སུ་སྦྱིན།།

 

བསྟན་རྣམ་པས་༢༠༡༡ལོའི་ཟླ་༣པའི་ཚེས་༢༣ཉིན་གྲུབ་པར་བགྱིས་པ་དགེའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.