རྩོམ་འདི་ཁྱུང་པོའི་ཡུལ་སྐད་ཕྱོགས་བསྒྲིགས་ལས་ཟུར་འདོན་ཞུས།
ལེའུ་བཅུ་དྲུག་པ།
སྒྱུ་རྩལ་རོལ་རྩེད་ཀྱི་སྐོར།
ཁྱུང་པོའི་རས་པ། ཁྱུང་ཡུལ་དུ་དར་བའི་རས་པ་སྟེ། འདི་ལ་ནང་གསེས་སུ་ཨོ་ཐོ་རས་པ་དང་། ལྡོང་ལུགས་རས་པ། ག་ཁྲོ་རས་པ། སྐྱ་ན་རས་པ་སོགས་ཡོད།
རས་པའི་ཉ་རྒྱ། རས་པའི་འཁྲབ་ཆས་ཐག་ཁྲ་སྣེ་ཛར་ཅན་མང་པོ་སྐད་པ་ནས་འཁོར་བར་བརྒྱན་པ་ཞིག
སྒང་ཁྲོ་ལོ། ཤིང་རིལ་མོ་ཏོག་དང་རྐང་པའམ་ཡུ་བ་ཅན་ཞིག
ཏིང་ཀ་ར། ཤིང་གོར་མོ་ཡུ་བ་ཅན་ཞིག་དང་། སྟོན་ཁར་སྐྱེ་བའི་སྔོ་ལྡུམ་རིལ་མོ་ཞིག
འདམ་བུ་ར། ས་ལས་བཟོས་པའི་བྱིའུའི་དབྱིབས་ཅན་གྱི་འབུད་རྒྱུ་ཞིག
སག་འ། ར་ལུག་སོགས་ཀྱི་རྐང་པའི་ལྷུ་བར་ནས་བླངས་པའི་རུས་དུམ་ཞིག་སྟེ། འདིའི་ཆ་ཤས་ཀྱི་མིང་ལ་རྟ་དང་།བོང་བུ། ར། ལུག ཁྱུང་། ཁྱི་རྐུབ་བཅས་དྲུག་ཡོད། འདི་ལ་རྩེད་ཚུལ་རྟ་ཟ་བོང་རྒྱག་དང་། ར་རྒྱག་ལུག་རྒྱག དམག་འཐབ་སོགས་ཡོད།
རྡེའུ་འེ། རྡེའུ་སྟེ། རྡེའུ་དཔོན་གཅིག་དང་རྡེའུ་དྲུག་བཅས་རྡེའུ་བདུན་དགོས། འདི་ལ་རྩེད་ཚུལ་མི་འདྲ་བ་འགའ་ཡོད་པ་ལས་གཙོ་ཆེ་བ་གོ་རིམ་བཅུ་དགུ་ཅན་ཞིག་ཡོད་པའི་མིང་འདི་ལྟར། ༡ གཙིག་ཆ། ༢ གཉིས་ཆ། ༣ གསུམ་ཆ། ༤ བཞི་ཆ། ༥ ལྔ་ཆ། ༦ དྲུག་ཆ། ༧ ཟ་ཟ། ༨ ཕིར་འཇོག ༩ བརྗེ་ལེན། ༡༠ བྱ་རྒུམ། ༡༡ དཀྱུས་ཆེན། ༡༢ དཀྱུས་ཆུང་། ༡༣ ཁུ་ཚུར། ༡༤ མཛེས་ཆེན། ༡༥ མཛེས་ཆུང་། ༡༦ རྟ་ཧོ་ཁ་བགིག ༡༧ གྲུ་ཐུག ༡༨ བག་རྩག ༡༩ སྦ་རྒྱ་ཀ་ར་བཅས་སོ།
ཤོ། ཤིང་སོགས་ལས་བཟོས་པའི་དབྱིབས་གྲུ་བཞི་པ་གཉིས་དགོས་ལ་སོ་སོའི་མིག་གྲངས་བཏོད་ཚུལ་ཡང་༡དང་༦། ༤དང་༣། ༢དང་༥བཅས་ལྟག་སྤྲོད་བྱེད་དགོས། དེའི་བབས་གྲངས་ཀྱི་མིང་ནི། ༢ ལ་སྤ་ར། ༣ ལ་སུག་འུ། ༤ ལ་ཛིག ༥ ལ་ཁ། ༦ ལ་ལུག ༧ ལ་ཧྲི། ༨ ལ་ཤ། ༩ ལ་དགུ། ༡༠ ལ་ཆུ། ༡༡ ལ་ཐོག ༡༢ ལ་ལྕ་མོ་སོགས་ཟེར།
ཤོ་རྡེའུ། ཤོ་རྒྱག་སྐབས་སྤྱོད་པའི་རྡེའུ་མང་པོ།
ཤོ་ཧྲུར། ཤོ་ཐུར་ཏེ། ཤོ་རྒྱག་མཁན་གྱི་མི་རེ་ལ་ཐུར་མ་དགུ་རེ་དགོས།
ཤོ་ཕོར། ཤོ་རྒྱག་བྱེད་ཀྱི་ཕོར་པ།
ཤོ་གདན། ཤོ་རྒྱག་སའི་གདན།
བག་ཅེན། བག་ཆེན་ཏེ། ཤིང་སོགས་ལས་བཟོས་པའི་དབྱིབས་གྲུ་བཞི་ནར་མོའི་ངོས་སུ་ཤོ་མིག་ལས་སྤྲོས་པའི་མིག་གཉིས་ནས་བཅུ་གཉིས་བར་གྱི་མིག་བཏོད་པ། རིགས་ལ་རྒྱ་དང་སོག་གཉིས་ལ་གྲངས་དྲུག་ཅུ་རེ་བཞི་ཡོད།
འགྲིག རྡོ་ལེབ་སོགས་ཀྱི་ངོས་སུ་རི་མོ་གྲུ་བཞི་ཕྱི་ནང་གཉིས་གསུམ་བཞི་གང་རུང་དང་བར་ཡང་དེ་བཞིན་བཅད་པ་ལ་རྩེད་མཁན་གྱིས་རིམ་པར་རྡེའུ་འཇོག་དགོས་པ་ཞིག་སྟེ། དབྱེ་བ་ལ་གཉིས་འགྲིག་༼རྡེའུ་བརྒྱད་ཡོད།༽དང་། སུམ་འགྲིག༼རྡེའུ་ཉེར་བཞི་ཡོད།༽ བཞི་འགྲིག་༼རྡེའུ་ཞེ་བརྒྱད་ཡོད།༽བཅས་ཡོད།
འགྲིག་རྩེ། འགྲིག་གི་རྩེད་མོ་རྩེ་བ།
མིག་མངས། རྡོ་ལེབ་སོགས་སུ་རེའུ་མིག་གྲུ་བཞི་ཁོ་ན་ལ་གྲངས་ངེས་མེད་ལ་རྩེད་མཁན་གྱིས་དང་ཐོག་ཕྱི་མཐའི་ངོས་གཉིས་རེར་རྡེའུ་གང་དགོས་བཀོད་མཐར་རིམ་པས་རང་རྡེལ་འགྲོ་དགོས་པ་ཞིག་སྟེ། འགའ་རེས་གླིང་དཀར་ནག་ཀྱང་ཟེར།
མིག་མངས་སྒུས། མིག་མངས་རྩེ་བ།
རྒྱལ་བོ། རྒྱལ་པོ་སྟེ། འདི་ལ་རྒྱལ་པོ་སྒོ་བཞི་མ་༼རྒྱལ་པོ་གཅིག་དང་སྡེ་སུམ་ཅུའམ་ཉེར་བརྒྱད་དགོས།༽དང་། སྒོ་བརྒྱད་མ། ༼རྒྱལ་པོ་གཉིས་དང་སྡེ་ང་བརྒྱད་དམ་ང་དྲུག་ཡོད།༽ སྒོ་དགུ་མ། ༼རྒྱལ་པོ་གཉིས་དང་སྡེ་ཉེར་བཞི་ཡོད།༽རྒྱལ་པོ་དྷར་སྡིས་མ་༼རྒྱལ་པོ་གཅིག་དང་སྡེ་བཅུ་ཡོད།༽སོགས་ཡོད།
ཤས་ཤ་ཁྱི། ཤ་བ་ཤ་ཁྱི་སྟེ། འདི་ལ་རེའུ་མིག་ཕྱི་དབྱིབས་འཇོང་ནར་ཉ་གཟུགས་ལྟ་བུ་ལ་ནང་དུ་གྲངས་ངེས་མེད་ཀྱི་འཁྱོག་འགྲོས་ཅན་དང་ཤ་བ་གཅིག་དང་ཤ་ཁྱི་གཉིས་མཚོན་བྱེད་རྡེའུ་གསུམ་ཡོད་པ་ཞིག
སྟག་སྟག་རྩེད། མི་གསུམ་ཡན་གྱིས་གཅིག་གིས་རྒྱབ་ལ་གཅིག་གིས་བཟུང་ནས་སྟག་རྡོ་འཕེན་པ་དང་། སྟག་ཉལ་བ། རྩྭ་ཟ་བ། ཆུ་འཐུང་བ། སྤྲུག་གསིག་བྱེད་པ་བཅས་གྲུབ་མཐར་མི་སྔོན་མ་དེས་སྐོར་མཆོང་གིས་མི་ཕྱི་མ་དེ་བཟུང་ཐུབ་དགོས་པ་ཞིག
སྦྲུལ་སྦྲུལ་རྩེད། རྩེ་སྟངས་ཕལ་ཆེར་སྟག་སྟག་རྩེད་དང་འདྲ་བའི་རྩེད་མོ་ཞིག
བེའུ་ར་བེའུ་རྩེད། མི་འགའ་ཞིག་ལག་སྦྲེལ་གྱི་བེའུ་རའི་ཚུལ་བྱས་ཏེ་ནང་དུ་མི་གཅིག་བེའུའི་ཚུལ་བྱས་ནས་མི་གཅིག་ཕྱི་ནས་སྤྱང་ཀིའི་ཚུལ་གྱིས་ནང་གི་མི་དེ་བཟུང་ཐུབ་དགོས་པ་ཞིག
ཨ་མྱེ་བུ་རྩོང་། མི་ཕལ་ཆེ་བ་གཅིག་རྒྱབ་གཅིག་གིས་བཟུང་ནས་འདུག་ཅིང་མི་སྔོན་མ་དེས་སྲ་ཞིང་བརྟན་པའི་ཕུར་པ་ལྟ་བུ་ཞིག་ལ་དམ་པོར་འཇུ། མི་གཞན་ཞིག་གིས་མི་ཕྱི་མའི་རྒྱབ་ནས་བཟུང་སྟེ་མི་རྣམས་སོ་སོར་ལེན་ཐུབ་དགོས་པ་ཞིག
ཏུག་རུ་ཏུག་རྩེད། མི་གཉིས་སྒྱིད་ཁུག་བཀུག་ནས་ཙོག་འདུག་བྱས་ཏེ་རི་བོང་ཚུལ་དུ་ཕར་མཆོང་ཚུར་མཆོང་བྱེད་ཞོར་དུ་གཅིག་གིས་གཅིག་ལ་ཐལ་ལྕག་རྒྱག་དགོས་པ་ཞིག
གབ་བུ་གབ་རྩེད། མི་གཅིག་མི་གཞན་དེས་མ་མཐོང་སར་སྒོ་གྲིབ་སོགས་ལ་གབ་ཅིང་དེ་ནས་མི་གཞན་དེས་གབ་པའི་མི་དེ་འཚོལ་ནས་རྙེད་དགོས་པ་ཞིག
ཁྲ་བྱིའུ་རྩེད། ས་ལ་སྐོར་རུ་ཁའི་ཚུལ་དུ་རྟགས་བཞི་བྱས་པའི་རྟགས་གཉིས་བྱིའུ་ཚང་དང་རྟགས་གཉིས་ཁྲ་ཚང་བྱེད། བྱིའུ་ཚང་དུ་མི་ཕལ་ཆེ་བ་རྣམས་བྱིའུའི་ཚུལ་དུ་འདུག་ཅིང་མི་གཅིག་ཁྲ་ཚང་དུ་ཁྲ་ཡིན་པར་བྱེད། དེ་ནས་བྱིའུའི་མི་རྣམས་བྱིའུ་ཚང་ཕར་ཚུར་དུ་འགྲོ་བའི་ལམ་ཁར་ཁྲ་ཡིས་བཟུང་ཐུབ་དགོས་པ་ཞིག
སྒ་ཞོ་ལྡག ཐང་དཀྱིལ་དུ་གཡག་གི་སྒ་ཞིག་ལ་ལག་གཉིས་ཀྱིས་བཟུང་སྟེ་ལུས་པོ་གནམ་དུ་ལྡིང་ནས་ལྗིད་ལག་པ་ལ་བཀལ་ཏེ་ཁ་ཡིས་ས་ཐོག་ཏུ་བཞག་པའི་ཞོ་ལྡག་དགོས་པ་ཞིག
ཤེད་ཧྱུག ཤེད་གཡུགས་པ་སྟེ། སྦེ་ག་འགྲན་ཡང་ཟེར།
པུས་རྡུང་རྒྱག མི་གཉིས་ཀྱི་རྐང་ཡ་བསྐུམས་པ་ལག་པས་བཟུང་ནས་མཆོང་ཞོར་དུ་པུས་མོས་རྡུང་རེས་བྱེད་པ་ཞིག
ཐེག་འུ་པུག རྩེད་མཁན་རྣམས་ཕྱོགས་གཉིས་སུ་བགོས་ཏེ་ཐག་པ་འཐེན་པ།
གླང་ཆེན་གཉའ་འཐེན། ཐག་པ་རིང་པོ་ཞིག་ཁུགས་པ་བཟོས་པའི་ཁུགས་སྣེ་གཉིས་མི་གཉིས་ཀྱི་གཉའ་བར་བཀོན་ནས་རྐང་པའི་བར་དུ་གཏང་སྟེ་རྐང་ལག་བཞི་ས་ལ་བཙུགས་ཏེ་འཐེན་པ་ཞིག
ཐིག་འཕགས། མི་གཉིས་ཀྱིས་ཐག་པ་ཞིག་མཐོན་པོར་འཐེན་ལ་མི་གཞན་ཞིག་དེའི་ཐོག་ནས་མཆོང་དགོས་པ་ཞིག་དང་། མི་གཉིས་ཀྱིས་ཐག་སྣེ་ནས་བཟུང་སྟེ་གཡུགས་རིམ་བཞིན་མི་གཞན་ཞིག་དེའི་ཐོག་ནས་ཕར་མཆོང་ཚུར་མཆོང་བྱེད་དགོས་པ་གཉིས་ཡོད།
འཇའ་འཕར་གནོན། དབྱུག་པ་ཞིག་གི་དཀྱིལ་རྩིག་པ་སོགས་མཐོ་དམན་རན་ཙམ་ལ་ཁན་ཏེ་སྣེ་གཉིས་སུ་རྩེད་མི་གཉིས་ཀྱིས་ཞོན་ཏེ་ཡར་འཕར་མར་མནན་དགོས་པ་ཞིག
ཁམ་བུ་རྡེའུ་ཉབ། ཆུ་གཏིང་ཚད་རན་ཙམ་གྱི་ནང་དུ་རྡེའུ་ཞིག་བཞག་སྟེ། ལེན་མཁན་མི་དེས་ཁ་ཡིས་ལེན་དགོས་པ་ཞིག
ཨ་འགྱིང་རྒྱ་ལོ། ཁང་པ་སོགས་མཐོ་ས་ཞིག་ནས་ཐག་པ་ཞིག་མར་དཔྱངས་པའི་ཁུགས་སོར་རྩེད་མཁན་མི་བསྡད་དེ་ཕར་ཚུར་མཆོང་ལྡིང་བྱེད་པ་ཞིག
ཇ་མ་ཇ་བསྐོལ། རྩེད་མཁན་ཕྲུ་གུ་རྣམས་ཕ་མའམ་མི་དཔོན་སོགས་ཀྱི་ཚབ་བྱེད་ཅིང་རྡོ་དང་ཤིང་བུ་ཐལ་བ་སོགས་རྩེད་ཆས་རྣམས་མཆིག་དང་། ཐབ་ཀ། ཕོར་པ། ཇ་སོགས་ཡིན་ཁུལ་གྱིས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་ནུས་པ་ཞིག
གཤར་སྒར་ཉུག དགུན་ཁར་ངོས་གཟར་ཅན་གྱི་འཁྱགས་པའི་ཐོག་ཏུ་རྡོ་ལེབ་བམ་རྙུ་འཁེང་ལེབ་མོ་སོགས་ཀྱི་སྟེང་དུ་བསྡད་དེ་ནུད་དགོས་པ་ཞིག
གྲོ་རྩིས་གཏུག རྫི་བོས་ཡོས་གྲོ་ནང་ནས་གྲོ་སོགས་བཙལ་ཏེ་མང་ཉུང་རྩིས་གཏུག་དགོས་པ་སྟེ། དེ་ཡང་བརྩི་ཚུལ་
ཐ་དཀར་རྡོ་རྗེ་ལ། ༨༠ བྲ་ག་ལ། ༦༠ གྲོ་རྔ་མ་ཅན་༼གྲོ་ལས་མྱུ་གུ་སྐྱེས་པ།༽ལ། ༥༠ སོག་ཚིགས་ལ། ༣༡ ཡུག་པོ་ལ། ༡༠གྲོ་ཐོ་ཡུ་མ་༼གྲོ་ཡི་དཀྱིལ་སྦོས་ཏེ་ཤུར་མེད་པ།༽ལ། ༩ བཅས་བརྩི་དགོས།
མཛུབ་ཤོ་གཡུགས། ཕྱོགས་གཉིས་ནས་མཐེ་བོང་དང་། མཛུབ་མོ། མཐེའུ་ཆུང་གསུམ་གང་རུང་བཏོན་ཏེ་ཕམ་རྒྱལ་འགྲན་པ།
གླ་པགས་རྡོ་རིས་རྩེ། ཕྱོགས་གཉིས་ནས་ཁུ་ཚུར་དང་། ཐལ་མོ། གུང་མཛུབ་གཉིས་བཅས་གང་རུང་བཏོན་ཏེ་ཁེ་ཕམ་འགྲན་པ།
ཨ་ལྡིང་གོ་ལྡིང་། རྩེད་མཁན་རྣམས་ཀྱིས་རང་རང་གི་སོར་མོ་མང་ཉུང་གང་འདོད་གྲལ་དུ་གོར་མོར་བསྒྲིགས་ཐོག་མི་གཅིག་གིས། མཛུབ་འུ། ཨ་ལྡིང་། གོ་ལྡིང་། གོ ཡུ་ལྡིང་། སྲིན་པོའི། བཞི་ལྡིང་། ལ་ཧྲོག ལ་བཞག གད་པ། སྐྱ་མོ། ཕྱག་འཚལ། སྔོན་མོ། རི་གྲིབ། བཤགས་པ། དེའི། འོད་ས། དེའི་། མེད་ས། དེའི། ནང་ནས། དེ། ཚིགས། ཕུད། ཅེས་བརྗོད་བཞིན་མཛུབ་མོ་རྣམས་རིམ་པར་བསྐོར་ཏེ་མཐར་མི་གང་ལ་བབས་པར་ལྟ་བ་ཞིག
གླ་བ་རྒོ་བ། རྩེ་མཁན་མི་གཉིས་ནས་བཅུ་གཉིས་བར་གྱིས་རང་གི་མཛུབ་མོའི་གྲངས་འདོད་རེ་བཏོན་ནས་རང་ཉིད་གླ་བ་སོགས་གང་འདོད་གདམ་ཁར། གཅིག་གིས། གླ། རྒོ། ཁྱུང་། འཕྱིང་། ཐང་དཀར། ཐང་སྨུག་ཅེས་བརྗོད་བཞིན་མི་རྣམས་ཀྱི་མཛུབ་མོར་བསྐོར་མཚམས་སུ་རང་གླ་བ་སོགས་གང་ཡིན་པ་དེར་བབས་ན་རང་ཁེ་བ་ཡིན་པས་གཞན་རྣམས་ཀྱི་ལག་རྒྱབ་ལ་སེན་མདེལ་རྒྱག་ནས་བརྩེ་བ་ཞིག
བཅུ་དྲུག་རྡེའུའི་ངོས་འཛིན། རྡེའུ་བཅུ་དྲུག་ལ་ཕྱོགས་གཅིག་ནས་ལྐོག་ཏུ་རྡེའུ་གཅིག་ལ་རྟགས་བྱས་པ་དེ་ཕྱོགས་གཅིག་ཤོས་ཀྱིས་གོ་རིམ་གྱིས་འཇོག་ཐབས་ལ་བརྟེན་ནས་ངོས་འཛིན་ཐུབ་པ་ཞིག
རྫུ་འཕྲུལ་ཤིས་ནེ་མིག་འདྲེན། ཤིང་ཐུར་དཀྱིལ་དུ་མིག་ཕུག་པ་ཞིག་ལ་སྐུད་པ་བརྒྱུས་པའི་གཡས་གཡོན་གཉིས་ལ་ཤིས་ནེ་གཉིས་དང་དཀྱིལ་དུ་ཤིས་ནེ་གཅིག་བསྒྱུས་པ་ཞིག
སངས་རྒྱས་ཁབ་ཀྱིས་སྐུད་ལེན། ཁབ་ལས་སྐུད་པ་ཐུང་བ་ཞིག་ལ་ཐབས་ཤེས་ཀྱིས་ཁུག་ལེན་བྱེད་པ་ཞིག
ཤིང་རྐང་། ཤིང་དབྱུག་ཆ་གཅིག་གི་ངོས་སུ་ཡལ་ག་རེ་རེ་ཡོད་པ་ཞིག་ལ་རྐང་པས་རྫིས་ཏེ་འགྲོ་དགོས་པ་ཞིག་སྟེ།འདི་ཆུ་བརྒལ་བྱེད་དུ་སྤྱོད་པ་ཡང་ཡོད།
རིས་མདའ། ཤིང་ཐུར་སྲ་མཉེན་གཉིས་ལྡན་ཞིག་གིས་རྡོ་མདེལ་འཕེན་པ་ཞིག
མདའ་གཞུ། ཤིང་སྲ་མཉེན་གཉིས་ལྡན་གྱི་གཞུ་དང་ཤིང་སྲ་ལ་དྲང་བའི་མདའ།
ཝ་གཞུ་ཝ་མདའ། ཤིང་གི་སྦོའུ་ལ་ཤིང་གཞུ་བརྒྱབ་པ་ཞིག
ཐེའུ་ལག་རྩེད། སྐུད་པ་གོར་མོར་བཀུག་པ་ཞིག་ལ་སོར་མོའི་འདུ་བྱེད་ལས་བཟོ་དབྱིབས་འདྲ་མིན་འགའ་བསྒྱུར་བ་ཞིག་སྟེ། དེ་དག་གི་མིང་ཡང་ཨ་བཀྲ་བཀྲ་ཡི་བཀྲ་ཆེན་དང་། ཨ་བཀྲ་བཀྲ་ཡི་བཀྲ་ཆུང་། དཔལ་རྫི་རྒོད་རྒྱལ་པོའི་འུར་མཐིལ། སྦིས་རྒན་ཇབ་བེ་ལེབ་ལེ། འབྲུག་མོའི་རྣ་ལོང་གཡས་གཡོན། རྒས་པོ་དཀྱིལ་ཀྲུང་བཅས་འདྲ། གསེར་གྱི་གུར་རུ་གུར་ཆུང་། ཨ་མཐུར་ག་མའི་རྟ་མཐུར། ཨ་བཅིར་ག་མའི་སྣ་བཅིར། དཔའ་བོའི་མདེལ་རྩེ་ཁ་སྤྲོད། མཛེས་པའི་ཁབ་ཤུབ་ཆ་འགྲིག ཁེས་རྒན་སོག་པ་གཡས་གཡོན། དུད་ཕྱུག་པོའི་གསེར་སྒམ་ཁྲ་ཆེན། གསེར་གྱི་དབྱག་འུ་དབྱག་ཆུང་། གསེར་གཞོང་མར་ཁུ་འཁྱིལ་འདྲ། རི་བོང་ལ་རྒྱ་ལུང་རྒྱ། སྲག་པ་འཕྲད་རྒྱ་གཤིས་རྒྱ། སྐྱེ་མེད་ཨ་ཡིག་རང་བྱོན་ཟེར་བ་སོགས་ཡོད།
ཛོ་ཏག ཕྱོགས་གཉིས་སུ་རྡོ་ཡི་ཐོ་མང་ཙམ་བཙུགས་ཏེ་རིམ་པར་རྡོ་འཕེན་ནས་ཐོ་རྣམས་རིམ་པར་བསྒྱིལ་དགོས་པ་ཞིག།