དེའི་དགུན་སྟོད་དུ་ཀོང་པོ་སྒྱེལ་རི་དགོན་དུ་མེ་སྟོན་རྣམ་ཚང་གིས་མཚན་ཉིད་གསར་འཛུགས་གནང་འཆར་ཡོད་རབས་དང་དེར་ཞུགས་མཁན་སུ་ཡོད་འདུག་ཆོག་པ་སོགས་ཀྱི་སྐད་ཆ་ཐོས་པས་དེར་རང་དང་གྲོགས་མཆེད་ཤེས་རབ་མཐར་ཕྱིན་དང་། བསྟན་འཛིན་དགེ་ལེགས། བསོད་ནམས་བསྟན་འཛིན་བཅས་སོང་། དགོན་དེར་འབྱོར་སྐབས་མཚན་ཉིད་དེ་བཞིན་གཙང་སྨན་རིར་དབུ་ཚུགས་ཡོད་པའི་གནས་ཚུལ་གཞི་ནས་ཤེས། དེ་ནས་ཐད་ཀར་སྨན་རིར་འགྲོ་ཚོད་ཀྱང་མ་ཐིག་པར་བརྟེན་ལྷ་འདུས་རིན་པོ་ཆེ་ལ་འདིར་བསྡད་དེ་བོན་རི་སྐོར་བའམ་སྨན་རིར་འགྲོ་བ་གང་ལེགས་ཀྱི་ཕྱག་མོ་ཞུས་པས་གནས་སྐབས་བོན་རི་བསྐོར་ན་ལེགས་པར་ཕེབས་དོན་བཞིན་བོན་རིར་བསྐོར་བ་བསགས། སྐབས་ཤིག་ལྷ་འདུས་རིན་པོ་ཆེ་ནས་སྟག་རྩེ་དགོན་དུ་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་དབང་བསྐུར་བ་ཡང་ཐོབ།
༧ལྷ་འདུས་རིན་པོ་ཆེ།
སྒྱེལ་རི་དང་སྟག་བྲོ་སའི་དགོན་གཉིས་སུ་ས་ལས་ཀྱི་ཞལ་འདེབས་ལ་ཡང་ཉིན་ཤས་སོང་། ཤིང་ཁྱི་ལོའི་སོས་ཀར་སྲིད་རྒྱལ་དགོན་ཆེན་དུ་བྱ་མཇལ་སོང་ཞིང་དེར་བླ་མ་ནོར་སྐྱབས་རིན་པོ་ཆེ་དང་མཁས་གྲུབ་ཉི་མ་རྣམ་གཉིས་ཀྱི་དྲུང་ནས་དབང་དང་བཀའ་སློབ་འགའ་ཞིག་ཐོབ། དབྱར་སྟོད་གནས་ཚང་གི་ཕ་རྒན་སེར་འབེ་ལྷ་གྲགས་གྲོངས་པས་དེའི་ཞེ་དགུ་རིང་ཤེས་རབ་མཐར་ཕྱིན་དང་། བསྟན་འཛིན་དགེ་ལེགས། ངེད་གསུམ་འདུག་རེས་ཀྱིས་ཀློང་རྒྱས་མཆོད་སྦྱིན་ལ་བརྩོན།
༧ དཔལ་ལྡན་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག
དབྱར་གཞུང་ཙམ་དུ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་༧མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གངས་ལྗོངས་སྤྱི་ཡི་བསོད་སྐལ་དུ་བོད་ཡུལ་ལ་ཞབས་སོར་འཁོད་པ་དང་ཆབས་ཅིག་ཀོང་པོའི་སྟག་རྩེ་དགོན་དུ་ཆིབས་བསྒྱུར་བསྐྱངས་འདུག་ཅིང་དེར་ཕྲན་གྱིས་ཀྱང་གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཏོ།།
༧ སྐུ་ཡི་མཚན་དཔེས་གཞན་སྣང་དང་བ་འདྲེན།།
གསུང་གི་གདམས་པས་སྐལ་ལྡན་ཤེས་རྒྱུད་དཀྲོལ།།
ཐུགས་ཀྱི་བརྩེ་བས་འགྲོ་ཀུན་བུ་ལྟར་སྐྱོང་།།
རྒྱལ་བ་སྨན་རིའི་ཁྲི་འཛིན་མཆོག་ལ་འདུད།།
༧ ཕྱི་ལྟར་རྣམ་དག་འདུལ་འཛིན་གཙུག་གཤེན་རྒྱལ།།
ནང་ལྟར་རིམ་གཉིས་དབང་བསྒྱུར་གསང་འདུས་གཤེན།།
གསང་བ་གདོད་མའི་མགོན་པོ་གཤེན་ལྷ་འོད།།
སྐྱབས་རྗེ་དམ་པས་ཚེ་རབས་ཀུན་ཏུ་སྐྱོངས།།
ཞེས་ཀྱང་དད་པའི་གསོལ་བ་འདེབས་པའི་ཚིགས་སུ་བཅད་པའོ།།
དེར་རྗེ་བླ་མ་དེ་ཉིད་ཀྱི་ཞལ་སྔ་ནས་གཤེན་རབ་རྣམ་པར་རྒྱལ་བ་དང་། མཉམ་མེད་བླ་མའི་ནང་སྒྲུབ་གཉིས་ཀྱི་བཀའ་དབང་ཟབ་མོ་དང་གལ་ཆེའི་བསླབ་གདམས་ཐོབ་པ་སོགས་གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོའི་མཛད་ཕྲིན་གྱིས་བརྗོད་མི་ཤེས་པའི་དད་འདུན་ཤུགས་དྲག་སླར་ལ་འཕེལ། ལོ་དེའི་དབྱར་སྨད་དུ་བོན་རིར་སྐོར་བ་བརྒྱ་དང་ཉི་ཤུ་ཡར་འཕེལ་གྲུབ། བསམ་པར་དེ་ནས་ཡར་སྨན་རི་ལ་འགྲོ་འདོད་ཤིན་ཏུ་ཆེ་ཡང་རྩ་བླ་ལུང་རིགས་རིན་པོ་ཆེ་རང་ཡུལ་དུ་ཕེབས་པ་དང་འགྲོ་རོགས་ཀྱང་སྟབས་བདེ་ཞིག་མ་རྙེད་སྟབས་གནས་སྐབས་རང་ཡུལ་དུ་ལོག རྩ་བླ་མཆོག་གི་གསེར་ཞལ་མཇལ་ཞིང་སྟོན་ཁར་བརྡ་ཕུའི་རི་ཁྲོད་དུ་སྔོན་འགྲོ་བཀའ་ལུང་རྒྱ་མཚོའི་ཟབ་ཁྲིད་རྒྱས་པ་ཞིག་གནང་འཆར་འདུག་པ་དེ་བཞིན་ཞུ་བའི་སྐལ་བཟང་ཐོབ། དེ་ཡང་ཉིན་ལྟར་སྔ་དྲོ་བཀའ་ཁྲིད་ཐེངས་རེ་ཡོད་ཅིང་ཕྱི་དྲོ་དེའི་དོན་སློབ་མ་རྣམས་ནས་བགྲོ་གླེང་དང་བསྐྱར་སྦྱོང་བྱེད་ཅིང་རྣམ་གྲངས་སོགས་གལ་ཆེའི་རིགས་རྣམས་བློ་འཛིན་བྱ་རྒྱུ་དང་། ཕྱི་ཉིན་བླ་མའི་མདུན་དུ་རེས་མོས་ཀྱིས་འགྲེལ་རྒྱུགས་འབུལ་དགོས། དེ་ཡང་རྒྱུགས་འབུལ་ཁར་ཨང་རིམ་གང་ཡིན་རྒྱལ་འཕེན་དགོས་པས་ཉིན་དང་པོའི་ཐོག་མར་ཁོ་བོར་བབ། དེ་སྔོན་སྤྱིར་དཔེ་ཆར་འགྲེལ་བཤད་དང་ལྷག་པར་བླ་མའི་ཞལ་སྔར་དེ་བས་ཀྱང་བོན་བཤད་མ་མྱོང་སྟབས་ཞེད་སྣང་ཤིན་ཏུ་ཆེ་ལ་གཞན་དུ་ཨང་རིམ་དང་པོར་བབ་པས་རྟེན་འབྲེལ་བཟང་པོ་ཞིག་ཀྱང་ཨེ་ཡིན་སྙམ་པའི་སྒོ་ནས་ཅི་ཤེས་ཀྱིས་འགྲེལ་རྒྱུགས་ཕུལ། དེ་ལྟར་ཟླ་བ་གཅིག་ལྷག་ཙམ་ནས་སྔོན་འགྲོའི་དཔེ་ཁྲིད་མཐར་ཕྱིན། དེ་དུས་སྔོན་འགྲོའི་དོན་ཐམས་ཅད་ཡིད་ལ་མ་ངེས་ཀྱང་མཛད་པ་བཅུ་གཉིས་དང་། ས་བཅུ། ལམ་ལྔ། ཐེག་པ་རིམ་དགུ། སྒོ་བཞི་མཛོད་ལྔ། བློ་ལྡོག་རྣམ་བཞི། འགྲོ་བ་རིགས་དྲུག བཀའ་རྟགས་ཕྱག་རྒྱའི་མདོ་བཞི་སོགས་རྩ་བའི་རྣམ་གྲངས་ཁག་དང་། དེ་བཞིན་བླ་མ་དང་། སངས་རྒྱས། ཡི་དམ། མཁའ་འགྲོ། དམྱལ་བ། སེམས་བསྐྱེད། ངན་སོང་སོགས་གལ་ཆེའི་ཚིག་དོན་མང་པོ་ཞིག་ཤེས་པས་ཐོག་མའི་རིག་གནས་ཀྱི་རྨང་གཞི་བཏིང་ཐུབ་པ་ནི་མཚུངས་མེད་བླ་མ་འདི་ཉིད་ཀྱི་བཀའ་དྲིན་ཉག་གཅིག་ལགས་སོ། བསམ་པར་ད་དུང་རྒྱུན་ལྡན་འདི་ལྟར་གྱི་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིག་ཡོད་ན་ཅི་མ་རུང་སྙམ་པ་ཞིག་བྱུང་། དགུན་ཁར་རང་དགོན་དུ་ཕྱོགས་སོ་སོ་ནས་ཕེབས་པའི་སྐྱ་སེར་བརྒྱ་ལྷག་ཙམ་དང་མཉམ་དུ་རྩ་རླུང་སྦྱངས། དེར་བླ་མ་མཆོག་གིས་རང་ལ་དེའི་རིང་དབུ་མཛད་དང་ཐུན་དཔོན་བྱེད་དགོས་པའི་བཀའ་ཕེབས་བཞིན་རང་ནུས་གང་ཡོད་ཀྱིས་བསྒྲུབས། དེའི་ཐུན་བར་རྣམས་སུ་བརྡ་དག་སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་དབང་བློ་ལ་བཟུང་ཞིང་དཔེར་བརྗོད་འབྲི་སྟངས་རྒན་ཁྱི་ཐར་ལ་བཀའ་འདྲི་ཞུས་ཏེ་རང་སྦྱོང་བྱས་པས་ཕྲད་རྣམ་དབྱེའི་འགྲོ་སྟངས་ཕལ་ཆེར་ཤེས། འོན་ཀྱང་རྟགས་འཇུག་སྐོར་དེ་བཞིན་ཨེ་ཤེས་བྱས་ཀྱང་དཀའ་བར་གྱུར། རྩ་རླུང་མཇུག་ཏུ་གསོན་གཤིན་སྤྱི་ཡི་ཞབས་རིམ་ལྟ་བུར་བདེར་གཤེགས་ཀུན་རིག་སྒྲོན་མེའི་སྒོ་ནས་བྱང་ཆོག་གནས་སྟོང་ཞིག་འདུས་པ་སྤྱི་ནས་གསུངས་པས་བླ་མའི་བཀའ་ལྟར་དེའི་དབུ་མཛད་ཀྱང་ཞུས། དེ་བཞིན་རྩ་རླུང་གྲོལ་མཚམས་བླ་མ་མཆོག་ནས་དཔའ་བ་གྲོང་ཚོར་ཀུན་རིག་གནས་སྟོང་ཞིག་གསུངས་ཤིང་དེའི་དབུ་མཛད་དུ་འགྲོ་དགོས་པའི་བཀའ་ཕེབས་ལྟར་ཞུས་ཤིང་མཇུག་ཏུ་སྨྲ་སེང་ཚེ་སྒྲུབ་དང་སྒྲ་དབྱངས་རྒྱལ་མོའི་དབང་གཉིས་ཀྱང་ཐོབ། དེ་བཞིན་སྔོན་གྱི་ཡུལ་སྲོལ་ལྟ་བུར་བོན་སྔོན་འགྲོ་དངོས་གཞི་ཞུས་ཤིང་། དེའི་ཐོག་རྩ་རླུང་སྦྱངས་ཟིན་ན་སྦྱོང་པ་ཉམས་ལེན་ཆེ་རབས་དང་། གྲོང་ཆོག་གཏོ་བཅོས་དང་ཀུན་རིག་འབྲི་འདོན་འདྲ་ཤེས་ན་ཡོན་ཏན་ཅན་དུ་བརྩི་སྲོལ་ཡོད་པ་བཞིན་དེ་དག་གི་གྲལ་དུ་ཡང་མ་བསྒྲགས་རང་བཞིན་གྱིས་ཚུད་ཡོད་པ་འདྲའོ། །
༧ གཞན་གསུང་རྣ་བས་ཐོས་ཙམ་མ་ཡིན་པར།།
རྟོགས་དོན་རྒྱུགས་འབུལ་ཕན་ཚུན་བགྲོ་གླེང་སོགས།།
ཡང་ཡང་གདར་ཤ་གཅོད་པའི་གོ་བ་ཡི།།
རྨང་གཞིའི་བག་ཆགས་བཟང་འདི་བླ་མའི་དྲིན།།
ཞེས་ཀྱང་བར་སྐབས་ངལ་གསོའི་ཚིགས་སུ་བཅད་པའོ།།
༧ དྲུག་པ་མཚན་ལྡན་དགེ་བའི་བཤེས་དང་འཕྲད་དེ་རབ་འབྱམས་ཤེས་བྱའི་གནས་ལ་སློབ་སྦྱོང་ཇི་ལྟར་བྱས་པ་ནས་ད་ལྟའི་བར་གྱི་བྱུང་བ།།
༼༡༩༩༥༽ ཤིང་ཕག་ལོར་རང་ལོ་ཉེར་བཞིར་སླེབས། བླ་མ་མཆོག་ལ་ད་ནི་གུས་པ་སློབ་གཉེར་ཕྱོགས་སུ་མོས་པ་ཤིན་ཏུ་ཆེ་བས་ཡང་ན་རྗེ་ཉིད་གར་བྱོན་དུ་ཁྲིད་དེ་སློབ་སྦྱོང་བྱེད་པའམ་དེ་མིན་སྨན་རིར་མཚན་ཉིད་སྦྱང་དུ་འགྲོ་བ་གཉིས་གང་ལེགས་ཐུགས་བསྐྱེད་སྐྱབས་འཇུག་ཞུས་དོན་ལ་ཉིད་ཀྱིས་ད་སྐབས་སྨན་རིར་བཤད་གྲྭ་ཡོད་ཁར་དཔོན་སློབ་སྐལ་བཟང་ཉི་མ་མཆོག་གིས་མཛད་ཚུལ་དང་། དེར་སུ་ཡོང་འཚོ་བའི་མཐུན་རྐྱེན་རྣམས་རི་ཁྲོད་མེ་སྟོན་ཚང་གིས་མཛད་རྒྱུའི་སྐོར་འཁོད་པའི་ཡི་གེ་ཞིག་ཀྱང་ཉེ་ཆར་སླེབས་བྱུང་། ང་རང་རྒྱུན་ལྡན་ན་རྒྱུ་ཆེ་བས་ཅི་ཡོང་མི་ཤེས། ཁྱོད་རང་དེ་གར་སོང་དང་མོ་ཡང་ལེགས་ཙམ་འདུག་པ་སོགས་ཀྱི་བཀའ་སློབ་སྤྱིར་བསྩལ་བྱུང་བས་སྨྲ་མི་ཤེས་པའི་དགའ་དད་གཉིས་གཅིག་ཆར་དུ་སྐྱེས། དབྱར་སྟོད་སྤོ་ཡི་བྲག་རྩ་རི་ཁྲོད་དུ་བླ་མ་མཆོག་གི་དྲུང་ནས་རིགས་ལྔ་བདེར་གཤེགས་འདུས་པའི་དབང་བཞི་རྗེས་གནང་དང་བཅས་པ་ཐོབ་ཅིང་དེའི་ཁས་ལེན་དུ་སློབ་མ་གཞན་རྣམས་ལ་ལོ་བཅུའི་རིང་སྒོ་ཐེམ་སྤངས་ཏེ་མཚམས་སྒྲུབ་ཉམས་ལེན་དགོས་པ་དང་གུས་པར་སྨན་རིར་འགྲོ་རྒྱུའི་དམ་བཅའ་བྱེད་བཅུག་གནང་བས་དེ་བཞིན་གཡར་དམ་ཕུལ། མཇུག་ཏུ་ཐེག་ཆེན་ལྷ་ཡི་མེ་ལོང་ལྟར་བྱང་ཆུབ་སེམས་སྡོམ་ཡང་བསྩལ་མཛད་དེ་མིང་དུ་གཞན་ཕན་དཔལ་བཟང་ཞེས་པ་གནང་། གཞན་དམ་པ་འདི་ཡི་དྲུང་ནས་སྔ་རྗེས་སུ་མདོ་གཡུང་དྲུང་ཀློང་རྒྱས་དང་། རྣམ་པར་རྒྱལ་བ། ཞི་ཁྲོ་དགོངས་འདུས། སྐྱེ་སྒོ་གཅོད་པ། སྒྲིབ་སྦྱོང་། ཚེ་དབང་མཆོག་འདུས། བྱམས་མའི་དབང་བཞི་སོགས་དབང་དང་། ལུང་གི་སྐོར་ལ་བསྐྱེད་རྫོགས་ལྷ་གཉན་ཤེལ་སྒོང་དང་། རྒྱུན་སྤྱོད་ཡིད་བཞིན་ནོར་བུ། བདེར་འདུས་དང་སྐུ་གསུམ་རང་ཤར་གཉིས་ཀྱི་སྒྲུབ་སྐོར་སོགས་ཐོབ་ཅིང་ཞིབ་པ་ལུང་ཐོར་གསལ། དབྱར་གཞུང་དུ་ཟླ་སྨད་དང་། སྤོ་བ། ཡུག་པ་བཅས་གྲོང་ཚོ་གསུམ་གྱི་སྤྱི་རིམ་དུ་བླ་མ་མཆོག་དང་ཞུ་རྣམ་རྒྱལ་གྲགས་པ་རྣམ་གཉིས་དབུ་བཞུགས་ཀྱིས་ཀུན་རིག་བྱང་སྟོང་ཞིག་གསུངས་པའི་དབུ་མཛད་དགོས་པའི་རེ་བ་ལྟར་བསྒྲུབས། དེའི་སྟོན་ཁར་སྨན་རིར་དངོས་སུ་འགྲོ་གཏན་ཁེལ་ཀྱང་རོགས་གཞན་མ་རྙེད་སྟབས་གཅེན་པོ་དཔལ་བཟང་གིས་གང་དགོས་བར་དུ་སྐྱེལ་རོགས་བྱེད་ཟེར། འགྲོ་ཁར་བླ་མ་མཆོག་ལ་ཆེད་བཅར་ཞུས་པས་ཉིད་ནས་ཐུགས་དགྱེས་པ་ཆེན་པོའི་ངང་ནས་། ད་ཡག་པོ་བྱུང་སོང་། སྨན་རིར་སླེབས་དུས་ཐོག་མར་སྒྲིག་ལ་མ་ཞུགས་ན་སློབ་གཉེར་བྱེད་སྟབས་བདེ་ཚུལ་དང་དེ་ནས་རིམ་པས་ཅི་བདེར་བྱེད་དགོས་པ་སོགས་ཀྱི་སློབ་སྟོན་སྤྱི་དང་། སློབ་གཉེར་གྱི་དོན་པོ་གཙོ་བོ་ནི་རང་རྒྱུད་འདུལ་ཕྱིར་ཡིན་སྟབས་ཡོན་ཏན་ཅི་ཞིག་བསླབས་ཀྱང་རང་རྒྱུད་འདུལ་ཐབས་ཁོ་ནར་སྦྱར་དགོས་པ་བཅས་ནང་མོལ་གྱི་བཀའ་སློབ་དང་། འུ་གཉིས་རྗེས་སོར་འཕྲད་མིན་མི་ཤེས་རུང་དེ་སྔོན་ཐོབ་པའི་བོན་རྣམས་ཡིད་ལ་ཅི་ལྕོགས་གྱིས། མ་འོངས་གནས་སྟངས་ཅི་བྱུང་གི་ཡིག་ཕྲིན་གང་རེད་རེ་རྒྱུན་དུ་སྐུར་ཤོག ངས་ཀྱང་འཚོ་བའི་མཐུན་རྐྱེན་ཐད་རོགས་རམ་གང་ནུས་བྱེད་ཡོང་གསུངས་ནས་དངུལ་དང་དངོས་པོའི་གནང་སྦྱིན་དང་བཀྲ་ཤིས་ཁ་དགེ་ཡོང་བའི་ལྷ་དར་སྤྱིར་བསྩལ་བྱུང་བ་དང་ཆབས་ཅིག་གུས་པས་ཀྱང་དེ་བཞིན་གྱེས་ཕྱག་ཞུས། སྐབས་དེར་དད་དམ་ལུ་གུ་རྒྱུད་དུ་འབྲེལ་བའི་ཚེ་གཅིག་གི་བླ་མ་དེ་ཉིད་དངོས་སུ་ཞལ་བྲལ་དགོས་པའི་སྐྱོ་གདུང་དང་། རིང་མོ་ཞིག་ནས་ཡིད་ལ་བརྣགས་པའི་གྲྭ་ས་སྨན་རིའི་ཕྱོགས་སུ་འགྲོ་རྒྱུ་ངོ་མ་བྱུང་བའི་དགའ་སྤྲོ་གཉིས་ཕན་ཚུན་འགྲན་པ་ལྟར་བྱུང་བས་ཅི་ཡང་སྨྲ་མི་ཐོན་པར་དར་ཙམ་ལུས། དེ་ནས་རིམ་པས་གཅེན་པོ་དང་མཉམ་དུ་ལམ་ལ་ཞུགས། སྦྲ་ཆེན་དུ་མ་སླེབ་ཙམ་དེར་རླངས་འཁོར་འདམ་འདྲེད་ཤོར་ཏེ་རྦབ་གྲབས་བྱུང་ཡང་མ་སྐྱོན་ཞིང་། སོག་རྫོང་གི་སྲང་བར་དུ་ཁྱི་འཁྱམ་མང་པོ་རུབ་སྟེ་གོས་ལྷམ་རྣམས་དུམ་བུར་གཏོར་སོང་ཡང་ལུས་ལ་རྨ་རྗེས་ཙམ་ཡང་མི་འདུག་པ་ནི་སྤྱིར་རང་ལ་བར་ཆད་ཆེ་མོད་ཀྱང་རྒྱལ་བ་སྨན་རི་བའི་ལྷ་བཀའ་སྲུང་གི་ཐུགས་རྗེས་དངོས་སུ་སྐྱབས་པ་ཡིན་འགྲོ་སྙམ་པ་བྱུང་སྟེ་གསོལ་བ་ཡང་ཡང་བཏབ། དེ་ནས་རིམ་པས་ལྷ་སར་འབྱོར། གཙུག་ལག་ཁང་དུ་མཆོད་མཇལ་དང་འབྲེལ་ཇོ་བོ་རིན་པོ་ཆེའི་མདུན་དུ་ད་རེས་ཀྱི་བྱ་བ་འདི་བཞིན་ལམ་སློང་ཡོང་བའི་གསོལ་བ་དང་སྨོན་ལམ་བཏབ།
༧ སློབ་དཔོན་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་བརྙན།
སྐབས་དེར་གཏམ་བཟང་ཞིག་ལ་དཔོན་སློབ་སྐལ་བཟང་ཉི་མ་མཆོག་ལྷ་སར་ཕེབས་ཡོད་པ་གོ་ཐོས་བྱུང་སྟེ་རྩད་བཅད་པས་དཔལ་གཤེན་བསྟན་མཐའ་བརྟན་གླིང་དུ་གསེར་ཞལ་དང་པོ་མཇལ་བའི་སྐལ་བཟང་ཤར། རང་གི་རེ་འདོད་རྣམས་ཞུས་པས་དེ་བཞིན་དགོངས་ཁྲོལ་དང་འབྲེལ་ཉིན་ཤས་ནས་ཁོང་དང་མཉམ་དུ་སྨན་རིར་འགྲོ་ཆོག་པའི་བཀའ་ལུང་སྤྱི་བོར་ཕེབས། དུས་དེར་སྔ་མོ་ཞིག་ནས་གསོལ་བ་བཏབ་པའི་བླ་མ་དེ་ཉིད་ཀྱི་གསེར་ཞལ་དངོས་སུ་ཁུམས་པར་མ་ཟད་སྨན་རིར་སླེབ་ཐུབ་པའི་མཐུན་རྐྱེན་ཡང་ཡོངས་སུ་གྲུབ་པས་དགའ་སྤྲོའི་སྣང་བ་ཟད་མི་ཤེས་པ་ཞིག་བྱུང་། དེ་དང་ཆབས་ཅིག་རྒྱལ་བ་མཉམ་མེད་ཆེན་པོའི་གསུང་འབུམ་དང་། ཡོངས་འཛིན་བསྟན་འཛིན་རྣམ་དག་གི་གསུང་འབུམ་གཉིས་ཀྱང་གཅེན་པོའི་རྒྱུད་ནས་ཐོབ་བྱུང་བས་བཀྲ་ཤིས་གཉིས་བརྩེགས་ཀྱི་རྟགས་དང་རྟེན་འབྲེལ་བཟང་པོ་ཞིག་ལོས་ཡིན་སྙམ་མོ།།
༧ ཞི་དུལ་སྐུ་ལ་ཚངས་སྤྱོད་རྒྱན་གྱིས་མཛེས།།
འཇམ་མཉེན་གསུང་ལ་ལེགས་བཤད་གཡང་དུ་ཆགས།།
བྱམས་བརྩེའི་ཐུགས་ལ་གཞན་ཕན་འོད་ཀྱིས་འཁྱུད།།
རྗེ་ཁྱེད་མཇལ་ཙམ་དད་པའི་སྤུ་ལོང་གཡོ།།
༧ མཉམ་མེད་རྒྱལ་བའི་འཕྲུལ་སྒྲོན་རྣམ་ལྔ་དང་།།
ཡོངས་འཛིན་ཆེན་མོའི་ལེགས་བཤད་པུ་སྟི་ཀ།།
ཀུན་དགའ་འོད་ཀྱིས་ནོར་བུ་གདན་དྲངས་བཞིན།།
གཅེན་པོའི་དྲིན་ལས་དངོས་སུ་ཐོབ་འདིའང་སྤྲོ།།
ཞེས་ཀྱང་དགའ་སྤྲོའི་ཚོར་འདུ་མཚོན་པའི་ངག་གི་རིག་བྱེད་དོ།།
དེ་ནས་རིམ་པས་གོམ་ཁ་གཡས་རུ་གཙང་གི་ཕྱོགས་སུ་བསྒྱུར། ཐོག་མར་གཡུང་དྲུང་གླིང་གི་ཁྱུང་དཀར་ཁང་དུ་ཞག་གཅིག་བསྡད། གྲོ་ཆས་རྣམས་འགེལ་སའི་གཡག་དང་བོང་བུ་མ་རྙེད་ནས་བདུན་ཕྲག་གཅིག་རིང་སྟག་གྲུ་ཁར་ལུས། དེ་ནས་རྒྱལ་བ་མཉམ་མེད་པ་ཆེན་པོའི་གདན་ས་དཔལ་ལྡན་སྨན་རི་དགོན་དུ་དངོས་སུ་སླེབས།
༧རྒྱལ་བ་གཉིས་པའི་གདན་ས་དཔལ་ལྡན་བཀྲ་ཤིས་སྨན་རི་དགོན།
སྡོད་ཁང་རྒན་གཡུང་དྲུང་མཆོག་ལ་ཞུས་དོན་ལྟར་དགོན་གྱི་གླིང་སྐད་དུ་གྲྭ་ཤག་ཆུང་ངུ་ཞིག་གཡར་བྱུང་བ་དེར་མཆེད་གྲོགས་ཟམ་ཞིག་བ་ཀུན་བཟང་སྙིང་པོ་དང་མཉམ་དུ་བསྡད། རིམ་པས་བསྡུས་གྲྭ་བློ་ལེན་དང་དཔེ་ཁྲིད། འཆད་རྭར་འགྲོ་བ་བཅས་ཀྱི་སྐལ་བཟང་མངོན་དུ་གྱུར། དེ་ཡང་ཉིན་ལྟར་བློ་རྒྱུགས་དཔོན་སློབ་རིན་པོ་ཆེའི་མདུན་དུ་དང་དཔེ་ཁྲིད་འཛིན་གྲྭ་གོང་མ་ནས་ཞུས། རྩོད་གྲོགས་སྦྲ་ཆེན་གྱི་གྲྭ་ཆུང་ཞིག་ཡོད་ལ་ཁོང་ལོ་གོང་མ་ནས་བཤད་གྲྭར་ཞུགས་པ་ཡིན་འདུག་ཅིང་། ཐོག་མར་རང་གིས་རྩོད་ཀྱང་མི་ཤེས་ལ་དམ་བཅར་བསྡད་ཀྱང་ལན་ཡང་འདེབས་མི་ཤེས། དེ་སྐབས་སེམས་སུ་ལོ་ན་རང་མཐོ་བ་མ་ཟད་དེ་སྔོན་དཔེ་ཆ་ལའང་ལྟ་རྟོག་ཅུང་བྱས་ཟིན་མོད་ད་ལྟ་འདི་འདྲ་བྱུང་ཚེ་ངོ་ཚ་བའམ་ཡིད་སྐྱོ་བའི་སྣང་བ་ཞིག་ཀྱང་བྱུང་། རིམ་བཞིན་བརྩོན་པ་བསྐྱེད་པས་ཉིན་ཤས་ནས་དེའི་རྩོད་ཟླར་ཕེར་བར་གྱུར། དེ་སྐབས་འཚོ་བའི་སྐོར་ལ་རྩ་བའི་གུང་ཟས་ཉིན་ཡ་དཀར་པོ་སུམ་སྦྱོར་ཏེ། བྱེ་མ་ཀ་ར་དང་འོ་རྩམ་བཏབ་པའི་འབྲས་ཐུག་རེ་དང་། ཉིན་ཡ་ཤ་དང་ལ་ཕུག་བཏབ་པའི་གྲོ་ཐུག་རེ་སྤྱི་ནས་ཡོད་ཅིང་དགོང་ཞོགས་ཀྱི་ཟ་མ་རང་རང་ཡིན། ཐོག་མར་བུད་ཤིང་མེད་སྟབས་སྔ་དགོང་རྣམས་སུ་ལག་ཏུ་དཔེ་ཆ་དང་རྒྱབ་ཏུ་སྒྱེ་མོ་ཁུར་ཏེ་བློ་ལེན་ཞོར་ལྕི་བ་འདྲ་བཏུས། རིམ་པས་ཉ་དགུ་སོགས་དུས་མཆོད་སྐབས་རྣམས་སུ་གྲོང་གསེང་དུ་ཞབས་བརྟན་ཀློག་ཏུ་སོང་སྟེ་དེའི་འདོན་ཡོན་ལ་བུད་ཤིང་བླངས།
༧ སྐབས་དང་པོའི་དགེ་བཤེས་རྣམ་པ།
ལོ་དེར་མཉམ་མེད་ཆེན་པོའི་དུས་ཆེན་དང་སྐབས་བསྟུན་ཐེངས་དང་པོའི་དགེ་བཤེས་བརྒྱད་དེ། གཡུང་དྲུང་བསྟན་རྒྱལ། ཚུལ་ཁྲིམས་རིན་ཆེན། གཡུང་དྲུང་ཡེ་ཤེས། ཤེས་རབ་གཡུང་དྲུང་། བསྟན་འཛིན་རྒྱལ་མཚན། བསམ་གཏན་དགེ་ལེགས། ཤེས་རབ་ཕུན་ཚོགས། ཡེ་ཤེས་ཐབས་མཁས་བཅས་གཏོང་རྒྱུ་ཡིན་འདུག་ཕྱིར་དེའི་ལོ་གསར་སྐབས་སུ་རྒྱལ་བ་མཉམ་མེད་ཆེན་པོའི་གསེར་ཁྲིའི་མདུན་ནས་སློབ་དཔོན་སྐལ་བཟང་ཉི་མ་མཆོག་དང་དགེ་སློང་བསྟན་པ་དབང་རྒྱལ། དགའ་རིས་བཀྲ་ཤིས། རྒན་ཚུལ་ཁྲིམས། ཤེས་རབ་ཕུན་ཚོགས་སོགས་དབང་པོ་དང་ལོ་ཙཱ་གདན་འཛོམས་པའི་སྒོ་ནས་གྲོགས་ཡེ་ཤེས་ཐབས་མཁས་དང་མཉམ་དུ་སོ་ཐར་རིགས་བཞིའི་སྡོམ་པ་སྟན་ཐོག་གཅིག་ཏུ་ཞུས། དེའི་གཙང་གཙུག་གི་མིང་དུ་བསྟན་འཛིན་རྣམ་རྒྱལ་དང་། བསྙེན་རྫོགས་ཀྱི་མིང་ལ་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་ཞེས་པ་གནང་། སྒྲིག་ལ་ཞུགས་ཏེ་གླིང་རྒྱལ་འཕངས་སྐབས་གླིང་སྐད་དུ་བབ། དུང་འབུད་ཨང་རིམ་དང་པོར་བབ་པས་རྒྱལ་རོང་བ་ཞིག་དང་མཉམ་དུ་ཟླ་བ་གཅིག་ལ་དུང་པ་བྱས། དེ་དུས་དགོན་འདིར་གྲྭ་གྲངས་དེ་ཙམ་མང་པོ་མེད་ལ་ཁོར་ཡུག་གི་མཐུན་རྐྱེན་ཡང་དེ་ཙམ་འགྲིག་པོ་རང་མེད་མོད། འོན་ཏེ་མཉམ་མེད་རྒྱལ་བ་གཉིས་པའི་ཐུགས་རྗེའི་བྱིན་རླབས་སམ་གང་ལྟར་སྣང་བ་སྐྱིད་པོ་དེ་འདྲ་ཕྱིས་གང་དུ་སོང་ཡང་ཡོང་རྒྱུ་མེད་པ་ལྟ་བུར་འདུག་གོ། དེ་ནས་དགེ་བཤེས་དངོས་གཏོང་བའི་མཛད་སྒོར་ཞུགས་ཏེ་དམ་བཅའི་སྐབས་རྟེན་འབྲེལ་མཚོན་བྱེད་དུ་རྩོད་པ་བ་ཡང་བྱས། མེ་བྱི་ལོའི་དཔྱིད་ཀར་བརྡ་སྤྲོད་རྩ་བ་སོགས་ནས་རྫོགས་ཆེན་ནམ་མཁའ་འཕྲུལ་མཛོད་བར་གྱི་གཞུང་ཚང་མ་བློ་རྒྱུགས་འཕྲོད་དེ་གྲྭ་སའི་སྒྲིག་ལྟར་དཀའ་བཅུ་པའི་མིང་ཐོབ། དེ་སྐབས་འཛིན་གྲོགས་ཨ་མདོ་ཤར་པ་བ་ཚུལ་ཁྲིམས་དཔལ་འབྱོར་རམ་ཨ་ཁུ་ཕུར་ཁོ་ཟེར་བ་སོགས་ཡོད། བློ་རྟགས་བསྡུས་གསུམ་དང་། ཐེག་རིམ། དབུ་མ། ས་ལམ། ཕར་ཕྱིན་བཅས་ཀྱི་དཔེ་ཁྲིད་རྒན་ཡེ་ཤེས་ཐབས་མཁས་སོགས་ཀྱི་དྲུང་ནས་དང་། འཛིན་གྲྭ་གོང་མ་དང་ལྷན་དུ་མཛོད་དང་། འདུལ་བ། མ་རྒྱུད་སངས་རྒྱས་རྒྱུད་གསུམ། བྲུ་ཡི་ཨ་ཁྲིད། ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད། ནམ་མཁའ་འཕྲུལ་མཛོད། བཀའ་བརྒྱུད་སྐོར་བཞི། དབྱིངས་རིག་མཛོད། སྐུ་གསུམ་རང་ཤར་གྱི་ཐབས་དྲུག་སྐོར་སོགས་དང་། རིག་གནས་སྐོར་ལ་བརྡ་སྤྲོད་སྲིད་པའི་སྒྲོན་མེ། སྙན་ངག་རིན་ཆེན་ལྡེའུ་མིག་གཉིས་དཔོན་སློབ་རིན་པོ་ཆེའི་མདུན་ནས་བཀའ་ཁྲིད་དང་། གསང་ཆེན་མ་རྒྱུད་ཀྱི་དབང་བཞི་ཟབ་མོ་ཡང་ཐོབ། ནག་རྩིས་སྣང་སྲིད་མེ་ལོང་དགེ་བཤེས་བསྟན་འཛིན་རྒྱལ་མཚན་མདུན་ནས་སྦྱངས། དབྱར་ཁར་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་སླར་ཡང་གངས་ལྗོངས་སུ་ཞབས་སོར་འཁོད་པ་དང་ཆབས་ཅིག་གདན་ས་སྨར་རིར་ཆིབས་བསྒྱུར་བསྐྱངས་གནང་སྟེ། མི་འཇིགས་གདོང་ལྔས་བཏེགས་པའི་རྗེ་ཡི་གསེར་ཁྲིའི་ཐོག་ཞབས་སོར་དངོས་སུ་བཀོད་སྐབས་མཇལ་ཞུ་དང་གལ་ཆེའི་བཀའ་སློབ་ཀྱི་བྱིན་རླབས་ཐོབ། སང་ལོར་ཐེངས་གཉིས་པའི་དགེ་བཤེས་གསུམ་སྟེ། མེ་སྟོན་བ་འཆི་མེད་རྣམ་རྒྱལ་དང་། གཙུག་གཤེན་རྣམ་རྒྱལ། བསོད་ནམས་ཚུལ་ཁྲིམས་གསུམ་པོ་ཡིན་འདུག་ཅིང་སློབ་དཔོན་མཆོག་ནས་རང་ཡང་དེའི་གྲལ་དུ་དམིགས་བསལ་གྱི་དགེ་བཤེས་གཏོང་ཆོག་པའི་བཀའ་འཁྲོལ་ཐོབ། སྟོན་ཁར་དེའི་གཏོང་སྒོའི་མ་རྩའི་ཆེད་ནང་ཚང་དང་ཉེ་འབྲེལ་རྣམས་ཀྱིས་བསྡུ་རུབ་བྱས་ཏེ་གཅེན་པོ་གེ་ཁོད་སྐྱབས་དང་དཔལ་བཟང་གཉིས་ཀྱིས་ཆེད་བསྐྱལ་བྱུང་། དེ་དང་ལྷན་དུ་རྩ་བླ་ལུང་རིགས་རིན་པོ་ནས་གལ་ཆེའི་སློབ་སྟོན་འཁོད་པའི་ཕྱག་བྲིས་དང་ལེགས་སོའི་གནང་སྦྱིན་ཡང་འབྱོར་བྱུང་བས་སྤྲོ་དགའ་བླ་ལྷག་ཏུ་འཕེལ། རང་ནས་ཀྱང་དགེ་བཤེས་གཏོང་སྐབས་དགོས་པའི་བློ་ལེན་སོགས་གྲ་སྒྲིག་རྣམས་ཀྱང་གང་ནུས་བྱས།།
༧ དུས་ཆེན་སྐབས་ཆུ་འགོ་ཕུག་ཏུ་གསོ་སྦྱོང་འཚོགས་པ།
༼༡༩༩༧༽མེ་གླང་ལོར་རང་ལོ་ཉེར་དྲུག་ལ་སླེབས། གནམ་ལོ་གསར་ཚེས་ཀྱི་ལོ་གསར་དང་འབྲེལ་རྗེ་མཉམ་མེད་པའི་འཁྲུངས་མཆོད་ཆེན་མོའི་དུས་སྟོན་དང་ཆབས་ཅིག་དགེ་བཤེས་དངོས་ཀྱི་མཛད་སྒོའི་སྐབས་གྲྭ་ཚང་འདིའི་རྩ་བའི་བསྟན་སྦྱིན་མེ་སྟོན་རྣམ་ཚང་གི་དབུ་བླ་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེས་དབུས་པའི་འབྲེལ་ཡོད་བསྟན་སྦྱིན་ཁག་དང་སྐུ་མགྲོན་རྣམས་ཀྱང་ཆེད་ཕེབས་གནང་འདུག འོན་ཏེ་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་གཞན་དབང་གིས་མཛད་རིམ་དེ་བཞིན་གནད་བསྡུས་ཀྱི་སྒོ་ནས་སྤེལ་དགོས་བྱུང་། སྐབས་དེར་མཆེད་གྲོགས་རུ་ཐ་བ་བསོད་ནམས་ཚུལ་ཁྲིམས་མཆོག་དཀའ་ཆེན་དང་དེའི་དཀའ་ཆུང་གུས་པ་ཡིན། དེ་ལྟར་སྔོན་འགྲོའི་བཤད་པ་དང་། དངོས་གཞིའི་དམ་བཅའ། རྗེས་ཀྱི་མཚན་བཏགས་དང་བཀྲ་ཤིས་སོགས་གེགས་མེད་དུ་གྲུབ་སྟེ། སློབ་དཔོན་གོང་མའི་ངོས་འཛིན་གྱི་ཕྱག་འཁྱེར་ཡང་སྤྱི་བསྩལ་བྱུང་ཞིང་དེའི་ནང་དོན་གཙོ་བོ་འདིར་དྲངས་ན།
༧སྐབས་གཉིས་པའི་དགེ་བཤེས་གཏོང་སྐབས།
“༧ བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོ་དྲང་སྲོང་ལུང་རྟོགས་བསྟན་འཛིན་རྣམ་རྒྱལ་མཆོག་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གཞུང་ཆེན་ཡིག་ཆ་རྣམས་དང་རིག་པའི་གནས་བཅས་ལ། གསན་སྦྱོང་ཚུལ་མཐུན་མཛད་དེ། བོད་མེ་གླང་ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དམ་འཇོག་གནང་བས་སྦྱོང་རྒྱུགས་ཚད་མཐོར་ཐོན་པའི་འབྲས་རྟགས་ཕྱག་འཁྱེར།། སྤྱི་ལོ་༼༡༩༩༧༽ཟླ་བ་༢པའི་ཚེས་༡༢ལ།” ཞེས་སོ།། གཞན་རྗེ་མཉམ་མེད་ཆེན་པའི་སྐུ་གདུང་མདུན་གྱི་གསེར་ཀོང་སྦྱང་རྒྱུའི་གཙོར་བྱས། རྩ་གསུམ་རྒྱལ་བའི་ཚོགས་ཞིང་དུ་མི་ཟད་ཀུན་བཟང་མཆོད་པའི་བྱུང་གདབ་དང་། དེ་བཞིན་འདུས་པ་རྒྱ་མཚོའི་ཚོགས་ལ་མང་ཇ་དང་སྐུ་འགྱེད། དཔོན་སློབ་རིན་པོ་ཆེ་མཆོག་དང་འབྲེལ་ཡོད་ལས་འཛིན་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཀྱི་འབུལ་ཚན་སོགས་ཀྱང་ལུགས་བཞིན་ཞུས་པའོ།།
༧ གྲགས་ཅན་ས་འཛིན་ཕོ་བ་རི་ཡི་ཞོལ།།
མཉམ་མེད་རྒྱལ་བ་གཉིས་པའི་གདན་ས་སྟེ།།
དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་ཆེན་ཞེས།།
ངོ་མཚར་བཀོད་པ་འོལ་མོའི་གླིང་གི་ཟླ།།
༧ ཕྱི་ཡི་ཁོར་ཡུག་བཀའ་རྟགས་ཡིག་འབྲུ་བཀྲ།།
ནང་དུ་སྐུ་གསུང་ཐུགས་རྟེན་རི་བྲག་བཞིན།།
གསང་བ་བཤད་སྒྲུབ་སྒོམ་སྡེའི་འདུས་གྲྭ་རྒྱས།།
ཨེ་མ་གནས་འདི་རྒྱལ་བའི་ཞིང་ཁམས་དངོས།།
༧ རང་ཉིད་སྐྱེས་སྦྱངས་ཤེས་རབ་ན་ཕྲ་ཡང་།།
མཚུངས་མེད་སློབ་དཔོན་མཆོག་གི་བཀའ་དྲིན་ལས།།
གདན་ས་ཆེན་མོ་སྨན་གྱི་རི་བོ་ནས།།
རབ་འབྱམས་མཚན་སྙན་སྤྱི་བོའི་རྒྱན་དུ་ཐོབ།།
ཅེས་ཀྱང་སྐབས་དོན་ཚིགས་སུ་བཅད་པའོ།།