ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 92
  • དཔྱད་བརྗོད། 195
  • ཆེམས། 1
  • ཀློག་གྲངས། 30393


 
མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་ལྔ་པ།༽ 
[ 2013/1/12 20:49:00 | By: ཁྱུང་གསེར་ཞུན། ]
 

 བཞི་པ་དང་པོའི་བོན་སྒོར་ཆུད་ཅིང་ཀྱག་ཀྱོག་གི་ལམ་འཕྲང་བརྒྱུད་པ།། 

 

༼༡༩༨༤༽བོད་ཤིང་བྱི་ལོར་རང་ལོ་བཅུ་གསུམ་ལོན་ཞིང་སྐྱེ་བ་འདི་ཡི་རྩ་བའི་རིགས་བདག་འདྲེན་པ་ཆེན་པོ་སྟེ།  དཔལ་ཤར་རྫ་བའི་བསྟན་པའི་རྒྱལ་ཚབ་དམ་པ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་༧སྐྱབས་རྗེ་ལུང་རིགས་རྣམ་དག་རིན་པོ་ཆེ་མཆོག་སོས་ཀར་བཀྲ་ཤིས་ཚང་གི་རྣམ་རྒྱལ་སྟོང་མཆོད་ཀྱི་དབུ་བཞུགས་སུ་གདན་ཞུས་སྐབས་གསེར་ཞལ་ཐོག་མར་མཇལ་བའི་སྐལ་པ་བྱུང་ཞིང་། 

            ༧ སྐྱབས་རྗེ་ལུང་རིགས་རྣམ་དག་རིན་པོ་ཆེ།

 

དེ་ཡང་སྔོན་མར་སེར་ཆས་མནབས་པའི་བླ་མའམ་གྲྭ་པ་གང་ཞིག་ཀྱང་མཇལ་མྱོང་མེད་ལ་ཁོང་ཉིད་ཕེབས་སྐབས་སྐུ་ན་ཅུང་བགྲེས་པའི་ཉམས་ཅན་ལ་དབུ་ལ་ཤར་རྫའི་སྒོམ་ཞུ་ཞིག་གསོལ་ཞིང་། སྐུ་ལ་ན་བཟའ་གཟན་ཤམ་ལྷབ་ལྷུབ་ཏུ་བཞེས་པ།  སྤྱན་གྱི་རྫི་མ་ཅུང་འཐུག་ལ་ཤངས་སྒོ་གཟེངས་སུ་མཐོ་བ།  ཕྱག་གཡས་པས་དངུལ་གྱི་འཁོར་ལོ་ཆུང་ཆུང་ཞིག་ཀྱིལ་ཀྱིལ་སྐོར་ཞིང་།  གཡོན་དུ་ཆེས་ཞུ་ཉམས་ཅན་གྱི་བྷོ་དྷི་ཙིའི་ཕྲེང་བ་ཞིག་དལ་པོར་འདྲེན་པ།  གསུང་གི་ཚིག་ཀྱང་རང་གི་སྐད་སྟབས་དང་མི་འདྲ་ཞིང་དོན་ཡང་ཅུང་ཟད་གོ་དཀའ་བ།  ཞལ་རས་ཡོངས་སུ་འཛུམ་པའི་ཚུལ་དང་བཅས་ཤིན་ཏུ་གཟི་བྱིན་དང་བག་དྲོ་བའི་བརྗིད་ཉམས་ཅན་དུ་འདུག་པ་དེས་དངོས་གནས་སངས་རྒྱས་ཞེས་པ་འདི་ལས་གཞན་གང་ཡོད་སྙམ་པ་ལྟ་བུའི་སྨྲ་བ་མི་ཐོན་པའི་དད་པ་བརྗོད་མི་ཤེས་པ་ཞིག་སྐྱེས་བྱུང་ལ་དེ་ལྟ་བུའི་མཚན་དཔེའི་རྣམ་པ་དག་ད་ལྟ་ཡང་མིག་ལམ་དུ་ཤར་བ་ཙམ་ནམ་ཡང་བརྗེད་ཐབས་མེད་པ་ལྟ་བུར་སྣང་ངོ་།།

 

༧ ས་ཐོག་བླ་མ་བརྒྱ་སྟོང་ཡོད་སྲིད་ཀྱང་།།

སེམས་ཐོག་བླ་མ་གཅིག་ཅེས་གྲགས་པ་ལྟར།།

བཞི་རྫོགས་རིགས་བརྒྱའི་བདག་ཉིད་ལྷག་པའི་ལྷ།།

ཚེ་རབས་ཀུན་ཏུ་འབྲལ་བ་མེད་གྱུར་ཅིག།

 

  ཅེས་ཀྱང་དད་པའི་གསོལ་བ་ཕུར་ཚུགས་སུ་འདེབས་པའི་ཚིག་ཕྲེང་ངོ་།།

 

ལོ་དེའི་དབྱར་ཁར་བླ་མ་མཆོག་གེ་བ་གྲོང་ཚོའི་སྤྱི་རིམ་ཁར་གདན་ཞུས་སྐབས་དང་བསྟུན་ཉིད་ཀྱི་དགོངས་བཞེད་དང་རང་གི་མོས་པ་གཉིས་གཅིག་མཐུན་དུ་གྱུར་ནས་སྐྲ་ཕུད་ཕུལ་ཏེ་གྲྭ་པ་བྱས།  ཚུལ་མིང་དུ་བསྟན་འཛིན་གཡུང་དྲུང་ཞེས་ལན་གསུམ་བོས་གནང་བ་དང་འབྲེལ་ད་ནས་བཟུང་རྩ་བཞི་ཆང་ལྔ་གཏན་དུ་བསྲུང་དགོས་ལ་འཇིག་རྟེན་ཕལ་པའི་གོས་དང་བཟའ་བའི་ཕོར་པ་ཡང་གཅིག་པ་མི་ཉན་པར་གསུངས་པ་ལྟར་ཁས་ལེན་ཞུས།  དེ་ནས་བཟུང་དམ་བཅའ་དེ་དག་ད་ལྟའི་བར་དུ་མ་འགལ་ཙམ་སྲུང་བའི་ཁུལ་དུ་མཆིས།  དེ་སྐབས་རབ་བྱུང་གི་ཡིན་ལུགས་དང་།  དེའི་དགོས་པ་རྒྱུ་མཚན་སོགས་གསལ་བར་མ་ཤེས་ཀྱང་སེམས་ཀྱི་ནང་དུ་ད་ནས་བཟུང་སྔོན་དང་མི་འདྲ་བའི་ཁྱད་པར་འཕགས་པའི་མི་ཞིག་ཡིན་པ་དང་རང་དགར་མི་འདུག་པར་གཡུང་དྲུང་བོན་ལ་ཚུལ་བཞིན་སྤྱོད་ཐུབ་པའི་མི་ཞིག་བྱེད་སྙམ་པའི་སེམས་ཤུགས་ལྷག་མ་ཞིག་གསར་དུ་སྐྱེས་པ་ནི་ད་ལྟའང་དྲན་སོས་རྒྱུ་འདུག དེ་ལྟར་ལགས་ནའང་སྐྱིད་ཀྱི་རྒྱབ་ལ་སྡུག་ཅིག་སྟེ། །སྐྱིད་སྡུག་གལ་ཏ་མགོ་སྦྲེལ་འདྲ། །ཞེས་པ་ལྟར་དགུན་ཁར་ཚེ་གཅིག་གི་སྨིན་བྱེད་ལུས་ཀྱི་སྒྲོམ་བུ་གང་དེ་གློ་བུར་རིམས་ནད་དྲག་པོ་ཞིག་བྱུང་ནས་སྨན་བཅོས་དང་རིམ་གྲོ་ཅི་གང་གིས་ཀྱང་བཟློག་ཏུ་མེད་པར་ཞག་ཤས་མཚམས་ནས་དབང་མེད་ལྔ་པའི་ལམ་དུ་གཤེགས་པར་གྱུར་ཏོ།།

 

 ༧ འཇིག་རྟེན་འཁོར་བ་ཁབ་ཀྱི་རྩེ་མོ་ལ།།

བདེ་བར་འདོད་པ་སྡོད་པའི་གནས་མིན་ཞེས།།

མེས་པོའི་ངག་ལས་ཇི་ལྟར་བྱུང་བ་བཞིན།།

བཟོད་མེད་སྡུག་བསྔལ་བུ་ཆུང་མགོ་ཐོག་ལྷུང་།།

 

༧ སྐྱེས་ནས་འཆི་བའི་རང་བཞིན་ཉིད་ཡིན་པ།།

བསླུ་མེད་ལུང་ལས་ཡང་ཡང་གསལ་མོད་ཀྱང་།།

བརྩེ་བའི་མ་བུ་གློ་བུར་ཁ་ཕྲལ་བ།།

རྒྱུ་འབྲས་ལས་དཔོན་གདོན་གྱིས་མྱོས་མིན་ནམ།།

 

༧ སྐྱེད་བྱེད་དམ་པ་སྔར་ནས་མེད་པའི་ཐོག།

སྨིན་བྱེད་ཡུམ་ཡང་གློ་བུར་དགོངས་པ་རྫོགས།།

རྟེན་མེད་བར་དོའི་རྣམ་ཤེས་འཁྱམས་པོ་བཞིན།།

ས་སྟེང་འདི་རུ་བདག་ལས་སྐྱོ་བ་སུ།།

ཞེས་ཀྱང་སྡུག་གི་འོ་དོད་འབོད་པའི་ངང་ཚུལ་ལོ།།

ཀྱེ་མ་ཀྱེ་མ།  དེ་སྐབས་རང་ནི་བྱང་ཁོག་སྡུག་གིས་གང་།  ངོ་མིག་ཆུས་བརླན།  དབུགས་འཁུན་སྒྲ་དང་འགྲོགས།  ངག་སྐྱོ་གདུང་དང་སྦྲེལ།  ཟས་ཀྱི་དང་ཁ་འགག    ཉིན་ལ་བློ་མི་བདེ།  མཚན་ལ་གཉིད་མི་ཁུག  འདུག་དུས་འགྲོ་སྙིང་འདོད།  འགྲོ་དུས་སྡོད་སྙིང་འདོད་པ་སོགས་བཟོད་ཐབས་མེད་པའི་སྡུག་བསྔལ་འབའ་ཞིག་གི་ཁོར་ཡུག་ཏུ་ཉི་མ་ཅི་ཆོད་བྱ་རྒྱུ་ལས་རང་ཉིད་དེའི་ཚབ་པོར་འགྲོ་བའམ་རྐྱེན་ངན་དེ་དག་བཟློག་པའི་ཐབས་ནི་ཡོངས་སུ་ཟད་པས་བསམ་པ་ཙམ་ཡང་སྙིང་རེ་ནའོ།  དེ་སྐབས་གཤིན་པོའི་དགེ་རྩ་དང་དུར་འཇུག་གི་བྱ་རིམ་ཁག་གཅེན་པོ་དཔལ་བཟང་དང་།  ཨ་ཞང་འཕགས་ནོར་དང་།  གཡང་མེར་སོགས་ལྟོས་བཅས་ཀྱི་ཉེ་འབྲེལ་དང་ཡུལ་མི་རྣམས་ཀྱི་སྡོང་གྲོགས་ལ་བརྟེན་ནས་བསྒྲུབ་ཐུབ་ཙམ་བྱུང་སོང་།།

   ༧སྐྱབས་རྗེ་སྨན་རི་བ་དང་དམུ་གཤེན་ཡབ་སྲས་སྟོན་འཁོར།

༼༡༩༨༥༽ཤིང་གླང་ལོར་རང་ལོ་བཅུ་བཞིར་སླེབས་ཤིང་དཔྱིད་ཀར་རྒྱལ་བ་གཤེན་གྱི་གདུང་ལས་གྲོལ་བའི་སྐྱབས་རྗེ་གཤེན་སྲས་ནོར་བུ་དབང་གི་རྒྱལ་པོ་མཆོག་ཡུལ་འདིར་ཞབས་སོར་འཁོད་ཅིང་རྩ་བླ་ལུང་རིགས་རིན་པོ་ཆེ་རྣམ་གཉིས་བརྡ་གཞུང་བྱ་ཁྲི་མ་རུ་གདན་འཛོམས་ཀྱི་དྲུང་ནས་མདོ་དྲི་མེད་གཟི་བརྗིད་ལས་བྱུང་བའི་ཆོ་ག་བཅུ་གཉིས་ཀྱི་དབང་རྣམས་སྟན་ཐོག་གཅིག་ནས་ཐོབ།།

 

༧ དྲི་བྲལ་གཤེན་གྱི་གདུང་ལས་དངོས་བྱོན་པའི།།

ནོར་བུ་དབང་རྒྱལ་གསེར་ཞལ་མཇལ་དང་ལྷན།།

ཡི་དམ་ཆོག་ཆེན་བཅུ་གཉིས་སྟབས་ཅིག་ཏུ།།

བཀའ་དབང་ཐོབ་པའི་དགའ་བ་སུ་ཡིས་མཚོན།།

   ཞེས་ཀྱང་དགའ་སྤྲོའི་མཆོད་ཚིག་དབྱངས་སུ་གྱེར་བའོ།།

 

༼༡༩༨༦༽མེ་སྟག་ལོར་རང་ལོ་བཅོ་ལྔར་སླེབས།   དེ་སྐབས་རང་ཉིད་མི་ཚེའི་འཚོ་སྟངས་དང་དགེ་སྦྱོར་གྱི་བྱ་རིམ་ཁག་ལ་རྟེན་མེད་ལ་ཁའི་བྱ་སྒྲོ་འདྲ་བའི་གནས་ལུགས་དེ་ཉིད་རིགས་ཀྱི་ཨ་ཞང་དགེ་སློང་འཕགས་ནོར་གྱིས་ཐུགས་བརྩེས་ཉེ་བར་གཟིགས་ནས་ཁོང་གིས་རོང་པོར་ཁྲིད་དེ་ཉར།  དེ་སྐབས་ཁོང་ནི་རེ་ཤོད་ཕུགས་གསུམ་ནང་གི་ར་རྩག་ཁ་ཞེས་པའི་གནས་དེར་ཚེ་རྟག་ཚང་གི་འཁྲིས་སུ་གཟིམ་སྤྱིལ་ཆུང་ངུ་ཞིག་ཏུ་བཞུགས།   ཁོ་བོ་ནི་དུས་རྒྱུན་ཁོང་གི་མ་བྱན་བྱེད་ཅིང་མེ་ཤིང་འདྲ་འཐུ།  ཞོར་དུ་བན་དེའི་འདོན་ཆ་ཁ་ཤས་བསླབས།  སྐབས་འགར་ཡོན་བདག་ཁག་གི་ཆོས་དཔེ་ཀློག་སར་གཏོང་གནང་བ་ཡང་མཛད།  གང་ལྟར་ཨ་ཞང་འདི་ཉིད་ནི་གུས་པ་ཉམ་ཐག་དོ་གལ་གྱི་སྐབས་སུ་བྱམས་བརྩེས་བསྐྱངས་པར་མ་ཟད།   ཡ་རབས་གུས་ཞབས།  གཙང་སྦྲ་འཕྲོད་བསྟེན།  ཀུན་སྤྱོད་དྲང་བདེན་སོགས་ཚད་ལྡན་མི་ཡི་སྤྱོད་ལམ་དང་།  ཐ་ན་མེ་འཇོག་སྟངས་དང་།  གད་རྒྱག་སྟངས།  ཟ་མ་བཟོ་སྟངས་བཅས་པ་རང་རྐྱ་ཕེར་བའི་འཚོ་གནས་ཀྱི་སློབ་སྟོན་གནང་བའི་དྲིན་ཆེན་ཞིག་ཡིན་ནོ།  དེ་སྐབས་ཞང་པོའི་བཀའ་ལྟར་བ་ཡག་ཅེས་པའི་སར་དུད་རྒྱ་བླ་མ་བསྟན་འཛིན་ཉི་མ་དང་།  དགེ་བཤེས་རྒྱལ་བསྟན་རབ་གསལ་སོགས་མཁན་སློབ་བཞི་ལྡན་དྲུང་ནས་གཞན་ལུགས་རབ་བྱུང་གི་སྡོམ་པ་བླངས་ཏེ་ཚུལ་མིང་དུ་བསྟན་འཛིན་ཀུན་བཟང་ཞེས་པ་གནང་། སྔ་རྗེས་སུ་བླ་མ་དེ་དག་གི་དྲུང་ནས་དབང་དང་བཀའ་ཆོས་འགའ་ཞིག་ཞུས་པ་རྣམས་རེ་རེ་བཞིན་མི་དྲན།  ལོ་དེར་རང་གི་ཉེ་འབྲེལ་ཡིན་པར་གྲགས་པའི་བ་ཡག་ལྷ་སྟག་ཁ་བ་ཞེས་པའི་ཁྱིམ་ཚང་དེའི་ཟོག་རྫི་འདྲ་ཡང་བྱས།  མེ་ཡོས་ལོར་རང་ལོ་བཅུ་དྲུག་ཟིན།  དབྱར་ཁར་རབ་བརྟན་དགོན་པར་སྒྲིག་ཞུགས་སུ་འགྲོ་བའི་ལམ་ཁར་རོང་པོ་རྒྱལ་རབས་ཐང་ནས་རྐང་པ་ཁྱིས་འཇུས་ཏེ་རྨ་དེ་ཙམ་ཆེན་པོར་བྱུང་མི་འདུག་ཀྱང་དབྱར་ཁའི་ཚ་བ་དང་བསྡོངས་ནས་ཟླ་ཤས་རིང་ཟུག་གཟེར་ཤིན་ཏུ་ཆེ་ཡང་ཞང་པོ་ལ་གནས་ཚུལ་ཞུ་མ་ཕོད་སྟབས་འགྲོ་སྡོད་གང་ཅིར་དཀའ་ཁག་ཆེ་ཙམ་བྱུང་།  འོན་ཀྱང་དེ་དུས་ན་ཚའི་གཟེར་ཟུག་ཚོར་བ་ཙམ་ལས་གཞན་པའི་རྣམ་རྟོག་འདྲ་མིན་གང་ཡང་མ་སྐྱེས་མོད་རྗེས་སོར་དགོན་དེར་ཡུན་རིང་སྡོད་པའི་སྐལ་པ་མ་བྱུང་བར་དཔྱད་ན་དང་ཐོག་ནས་རྟེན་འབྲེལ་དེ་ཙམ་མ་འགྲིག་པ་ཨེ་ཡིན་སྙམ་པ་ཡང་བྱུང་། 

 

༧ སྨད་ཀྱི་དགའ་ལྡན་རྣམ་གསུམ་ཡ་གྱལ་རེ་ཤོད་རོང་པོ་རབ་བརྟན་དགོན།

 

གང་ལྟར་དགོན་དེར་སྒྲིག་ཞུགས་པར་གཡག་གུ་ཞིག་དང་རྟེན་རྩ་འགའ་ཞིག་དགོས་འདུག་པ་དེ་དག་རང་ཉིད་ལ་མེད་སྟབས་སྒྲིག་ལ་དངོས་སུ་ཞུགས་རྒྱུ་མ་བྱུང་བས་གནས་སྐབས་དགོན་གྱི་འཛིན་གྲྭ་ཞེས་གྲྭ་ཆུང་དྲུག་ཅུ་ལྷག་ཙམ་དང་མཉམ་དུ་ཡི་གེ་འདོན་རྒྱུ་བསླབས།  འཛིན་གྲྭའི་དགེ་རྒན་ལ་དགེ་སློང་རྒན་རབ་ཅེས་པའི་སྔ་མོའི་དགེ་སློང་ཡི་གེ་འདོན་ཀློག་ལ་ཆེས་མཁས་པ་ཞིག་ཡོད་དེ།  རེག་དང་རིག་གཉིས།  སྐལ་དང་སྐར་གཉིས་སོགས་ལ་སྒྲ་གདངས་མི་འདྲ་ཚུལ་གསུངས་པ་རྗེས་སུ་དྲན་རྒྱུ་འདུག་ལ་དེ་དུས་ཡིག་རྒྱུགས་གཏོང་སྐབས་རང་ཉིད་བྱང་ཚད་འབྲིང་ཙམ་ཞིག་ཡིན་སྣང་འདུག  ཞོར་དུ་སྐྱབས་འགྲོ་སེམས་བསྐྱེད་ནས་དབུ་བཟུང་སྟེ།  ལྟུང་བཤགས།  བཟང་སྤྱོད་སྨོན་ལམ་སོགས་སྨོན་ལམ་རིགས་དང་།  སྨན་ལྷ་སོགས་འདོན་ཆོག་རིགས་རྣམས་རིམ་པར་བློ་ལེན་པ་དང་སྐབས་སུ་བློ་རྒྱུགས་ཀྱང་འབུལ་དགོས་ཡོད།  སྐབས་ཤིག་གླ་མདའ་ཐང་བའི་སྤྱི་རིམ་བཀའ་འགྱུར་ཆེན་མོ་ཀློག་པར་འཛིན་གྲོགས་གཞན་དང་མཉམ་དུ་ཡང་སོང་།  དེ་དུས་དགོན་དེ་སྐྲུན་འགོ་ཚུགས་ཙམ་ཡིན་པས་སྐབས་སྐབས་ནུས་ཚོད་ཀྱི་ལས་ཀ་ཡང་བྱས།  མདོར་ན་རོང་པོ་སྡེ་དགོན་གཉིས་དང་ལྷག་པར་དགོན་དེའི་མཁན་སློབ་དང་དགེ་རྒན་རྣམས་ནི་བཀའ་དྲིན་ཤིན་ཏུ་ཆེ་བར་མ་ཟད་བླངས་པའི་སྡོམ་པ་དང་དམ་ཚིག་ཁག་ཀྱང་རྩ་བའི་ཆ་ནས་མ་འགལ་ཙམ་སྲུང་བའི་ཁུལ་དུ་མཆིས།  འོན་ཏེ་སྔོན་ལས་འཕྲལ་རྐྱེན་གང་ཞིག་གི་བར་ཆོད་བྱུང་བ་གསལ་པོར་མི་ཤེས་རུང་དགོན་དེར་ཡུན་རིང་འདུག་པའི་སྐལ་པ་མ་བྱུང་བར་སླར་རང་ཡུལ་དུ་གོམ་ཁ་ཕྱོགས་དགོས་པར་གྱུར་ཏོ།།

 

༧ ཕྱི་ཡི་གཙུག་ལག་ཁང་བཟང་བཀོད་པ་ལེགས།།

ནང་གི་མཁན་སློབ་འདུས་གྲྭ་དབྱར་མཚོ་བཞིན།།

གསང་བ་བཤད་སྒྲུབ་བསྟན་སྲིད་རྒྱས་པའི་གླིང་།།

ཁོ་བོ་སྡོད་པའི་སྐལ་པ་ཕྲ་འདི་ཅི།།

ཞེས་ཀྱང་མདོ་དོན་ཚིགས་སུ་བཅད་པའོ།།

 

 
 
Re:མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་ལྔ་པ།༽
[ 2013/1/13 13:15:41 | By: སྐུ་མགྲོན་H4Co26(སྐུ་མགྲོན) ]
 
སྐུ་མགྲོན་H4Co26(སྐུ་མགྲོན)༼འཇིག་རྟེན་ཕལ་པའི་གོས་དང་བཟའ་བའི་ཕོར་པ་ཡང་གཅིག་པ་མི་ཉན་པར་གསུངས་པ་ལྟར་ཁས་ལེན་ཞུས།༽ ཕལ་ཆེར་འདི་ཁྱུང་པོ་ཁོག་གི་བླ་མ་ཚོས་བསླབ་བྱ་གནང་སྟངས་ཤིག་ཡིན་ས་རེད། སྔོན་མ་ངོས་རང་རང་ལོ་༡༣-༡༤་ཡིན་སྐབས་ཐོག་མར་ཚེ་རིང་སྐྲ་བཅད་གནང་སྐབས་བླ་མས་ཨ་མ་དང་བཟའ་བའི་ཕོར་པ་གཅིག་པ་བྱེད་མི་ཉན་གསུངས་པར་བརྟེན་དགོང་མོ་མར་ནང་ལ་ལོག་ནས་ཨ་མ་དང་བཟའ་བའི་ཕོར་པ་གཅིག་པ་༼འདིར་མ༵་གཅིག་ཆད་པ་འདྲ། ཟིན་བདག་ནས།༽བྱས་པས་ཉིན་མ་རེ་གཉིས་རྗེས་ནས་ཨ་མ་སེམས་པ་ཕམ་ནས་མིག་ཆུ་གཏོང་གི་འདུག། དེ་དེང་སང་ཡང་ངས་དྲན་བཞིན་འདུག་པས་ངོས་རང་ལ་འགྱོད་ཆེན་པོ་ཡོང་གི་འདུག། དེ་འདྲ་ཡིན་དུས་བོན་བཤད་བྱེད་དུས་དགོངས་པ་ཡག་པོ་བཞེས་ནས་བསླབ་བྱ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་ས་རེད། །
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
འདིའི་སྐོར་རྣམས་ཁྱུང་བླ་རྣམ་པའི་ཕྱག་ལེན་ཙམ་དུ་མ་ཟད་འདུལ་བའི་གཞུང་དོན་ངོ་མ་ཞིག་སྟེ། རབ་ཏུ་བྱུང་བ་ནས་བཟུང་མ་དག་ཁྱིམ་པའི་རྟགས་སོགས་དོར་ཏེ་རྣམ་དག་གཤེན་གྱི་སྤྱོད་པ་ལ་འཇུག་དགོས་པས་དགག་བྱ་དང་དགོངས་གཞི་ཆེ་བ་ཞིག་ཡིན་པའི་ངོས་འཛིན་ནམ་ཡང་ཡོད། འོན་ཏེ་རང་རང་གི་འདོད་མོས་གཞན་ནི་མ་གཏོགས་སོ།
 
 
Re:མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་ལྔ་པ།༽
[ 2013/1/12 22:20:20 | By: སྐུ་མགྲོན་028Iam(སྐུ་མགྲོན) ]
 
སྐུ་མགྲོན་028Iam(སྐུ་མགྲོན)ཡག་པོ་བྲིས་འདུག་ད་དུང་རྗེས་ཀྱི་བྱུང་བ་ངོ་མ་དང་གཤིས་ཀ་མཁས་པའི་དབང་པོ་རྣམ་ལ་བལྟ་སྟངས་སོགས་དྲང་པོ་བྲིས་ཨི་འགུ་བལྟ་འདོད་ཆེ།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
རྒན་ལགས་གུས་པའི་ཟིན་ཐོར་སྤྱན་ཟུར་གཡོས་ཤིང་དགོངས་བཞེད་རྣལ་མའི་དཔྱད་མཆན་གནང་བར་ཐུགས་རྗེ་ཆེ། སྤྱིར་ན་ཉིད་དང་ཉིད་ལྟ་བུ་འགའ་ཞིག་ལ་དེ་འདྲའི་བཞེད་ཕྱོགས་ཡོད་ཚོད་ཀྱང་བདེན་པའི་རང་ངོ་གང་ཡིན་མ་འོངས་དུས་ནས་དུས་སུ་རིམ་པས་གསལ་བའི་དན་རྟགས་ཡོད་མཆི་ན་དེ་འདྲའི་ཐུགས་དོག་གང་ཞིག་ཀྱང་མི་དགོས་ལགས་ཞུ་ཞུ།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.