༼༡༩༨༨༽ས་འབྲུག་ལོར་རང་ལོ་བཅུ་བདུན་ལ་སླེབས། དུས་དེའི་སྔ་རྗེས་སུ་ཕྱོགས་ཡོངས་ནས་ལྷུག་གཏོང་གི་སྲིད་ཇུས་བཟང་བ་དང་ཆབས་ཅིག་ཡུལ་མི་རྣམས་ཀྱང་རྩེ་དྲུག་དང་། ལྷ་ས། བོན་རི། གངས་རི་སོགས་ལ་གནས་སྐོར་འགྲོ་སྲོལ་ཆེས་ཆེར་དར་ཞིང་ཚུར་སླེབས་སྐབས་དར་ཚོན་སྣ་ལྔས་བརྒྱན་པའི་སྨྱུག་མ་དང་། སྦ་ཚ་ལག་གདུབ། སྟོན་པའི་གསེར་མཆོད། ས་སྣ་ཆུ་སྣ། གནས་རིའི་བདུག་པ། ཤིང་ཐོག་འདྲ་མིན། དེ་བཞིན་ཐོན་རྫས་གསར་པའི་རིགས་ཀྱི་འབབ་སྤྲད་པ་སོགས་ཀྱིས་རྐྱེན་བྱས་ཏེ་རང་ཡང་དེ་བཞིན་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་འདོད་པ་འགོག་དཀའ་བ་ཞིག་བྱུང་། ཟེར་སྒྲོས་སུ་འཛམ་གླིང་གནས་བརྒྱའི་གོང་བ་རྩེ་དྲུག་ཅེས་གནས་སྐོར་ཀུན་གྱི་དང་ཐོག་རྩེ་དྲུག་སྐོར་བར་འགྲོ་དགོས་ཞེས་གྲགས་པ་ལྟར་དགུན་ཁར་ཡུལ་མི་ཉི་ཤུ་ལྷག་ཙམ་དང་བསྡེབས་ཏེ་གྲོ་ཆས་རྟ་ལ་བཀལ་ནས་རྨ་ལ་བཞི་བརྒྱུད་དེ་སོང་། སྤྲུལ་སྐུ་བློ་ལྡན་གྱིས་ཕྱག་བཏབ་པར་གྲགས་པའི་ཕུག་དམར་དགོན་དུ་ཞག་གཅིག་བསྡད། དེ་ནས་ཉིན་བཞིའི་ཐོག་རྩེ་དྲུག་ཏུ་འབྱོར།
༧འཛམ་གླིང་གནས་བརྒྱའི་གོང་བ་ཁྱུང་པོའི་རི་བོ་རྩེ་དྲུག
དེ་དུས་དགོན་དེར་མཚན་ཉིད་བཤད་གྲྭའང་དབུ་ཚུགས་ཟིན་འདུག་ཅིང་རྩོད་པའི་སྐད་གསང་མཐོན་པོ་རྣ་བར་དང་པོར་ཐོས་ཤིང་རྩོད་པའི་ལུས་ཀྱི་སྟངས་སྟབས་འདྲ་མིན་དག་ཀྱང་མིག་ལམ་དུ་ཐོག་མར་མཇལ། འོན་ཀྱང་རང་གི་སེམས་སུ་བྱ་བ་འདི་ལེགས་པོ་ཞིག་ཡིན་འགྲོ་སྙམ་པ་ལས་རང་ཉིད་ཀྱང་ན་གཞོན་གྱི་གྲྭ་པ་ཞིག་ཡིན་པའི་ཆ་ནས་འདིར་རམ་འདི་འདྲར་ཞུགས་འདོད་ཀྱི་བློ་སྒོ་འབྱེད་མ་ནུས་པ་ནི་ཅི་འདྲའི་རྨོངས་པ་ལུག་ལས་ཀྱང་རིག་པ་རྟུལ་བ་ཞིག་མ་ཡིན་ནམ། གང་ལྟར་གནས་དེར་སྐོར་བ་བརྒྱ་ལྷག་ཙམ་དང་ངང་རི་སེང་གདོང་ཁྲ་མོ་ལ་བོན་སྐོར་བན་སྐོར་ཅི་རིགས་འགྲོ་མཁན་འདུག་པ་ལས་བོན་སྐོར་གཅིག་རྒྱབ་ཏེ་ཤར་རྒྱག་རང་ཡུལ་དུ་ལོག།
༧ དབུ་རྩེ་མཁའ་འགྲོས་རིགས་ལྔ་གྱོན་པ་བཞིན།།
རི་མགུལ་དགོན་ཆེན་ཕྲ་ཚོམ་བཀོད་ལྟར་མཛེས།།
རྩ་བར་གྲོང་དང་གྲོང་སྡེས་ཁྱུད་མོར་བསྐོར།།
ཨེ་མ་རྩེ་དྲུག་གནས་ཀྱི་བརྗིད་ཉམས་ལ།།
ཞེས་གནས་ཀྱི་ངོ་མཚར་བརྗོད་པའི་ཚིགས་སུ་བཅད་པའོ།།
འདི་ཙམ་ནས་རང་ཉིད་སྐྱེ་བ་འདི་ཡི་ཕ་དགོན་གྲགས་པ་ཅན་ཏེ་དབང་ལྡན་ཞུ་ཡི་གདན་ས་དཔལ་ལྡན་སྨིན་གྲོལ་གླིང་གི་སྒྲིག་ཁོངས་སུ་ཞུགས།
༧དབང་ལྡན་ཞུ་ཡི་གདན་ས་དཔལ་ལྡན་སྨིན་གྲོལ་གླིང་།
དེ་སྐབས་ཚོགས་ཞུགས་ཀྱི་མི་སྣ་ཡང་སྔ་མའི་བོན་རྒན་འགའ་ཞིག་དང་གསར་ཞུགས་རང་དང་ན་མཉམ་གྱི་གྲྭ་ཆུང་ངམ་བོན་ཆུང་འགའ་ཞིག་བཅས་ཡོད། དེའི་དབྱར་དགུན་གྱི་སྤྱི་རིམ་སྐབས་རང་ཉིད་རྩ་བའི་ཡི་གེ་འདོན་རྒྱུར་ཐོགས་རྡུགས་མེད་ཀྱང་དབྱར་འཚོགས་རྣམ་རྒྱལ་སྟོང་མཆོད་དང་དགུན་འཚོགས་དབང་ཆེན་ཁྲོ་བོའི་ཆོ་གའི་ཕྲིན་ལས་སྐོར་སོགས་ལ་མགོ་འཁོར་བའི་དཀའ་ངལ་ཤིན་ཏུ་ཆེ་བ་ཡོད་སྣང་ད་ལྟའང་བརྗེད་པར་མི་འདུག་གོ།
༧ དེང་དུས་འགའ་ཞིག་རྒྱ་ཆེའི་གཞུང་དོན་ལས།།
གྱེར་དབྱངས་བཅའ་འདོན་མཁོ་མེད་སྨྲ་ན་ཡང་།།
རང་ལུགས་ཁུངས་མའི་དགོངས་དོན་དངོས་འབྲེལ་བའི།།
ཤེས་རིག་འདི་འདྲ་དོར་ནའང་ཕོངས་སམ་སྙམ།།
ཞེས་ཀྱང་བར་སྐབས་ཚིགས་སུ་བཅད་པའོ།།
༧ ལྔ་པ་རྒྱུ་འབྲས་བདེན་པའི་བོན་ལ་ཉམས་ལེན་དངོས་བྱས་ཚུལ།།
༼༡༩༨༩༽ས་སྦྲུལ་ལོར་རང་ལོ་བཅོ་བརྒྱད་ཟིན། ལོ་དེའི་དབྱར་ཁར་བརྡ་ཕུའི་རི་ཁྲོད་དུ་རྩ་བླ་དེ་ཉིད་ཀྱི་དྲུང་ནས་དཔལ་གྲུབ་དབང་འཇའ་ལུས་པ་ཆེན་པོའི་སྔོན་འགྲོའི་སྒོམ་རིམ་གྱི་ཐོག་ནས་བོན་སྔོན་འགྲོ་ཐོག་མར་ཞུ་བའི་སྐལ་བཟང་ཤར།
༧ བརྡ་ཕུའི་རི་ཁྲོད་བདེ་ཆེན་གླིང་།
དེའི་བློ་ལྡོག་རྣམ་བཞི་སོགས་མཉན་རིམ་བཞིན་སྔོན་ཡང་སྡུག་བསྔལ་དུ་མ་མྱངས་ཟིན་པ་ལྟར་ད་ནི་ཅིས་ཀྱང་འཁོར་བའི་བྱ་གཞག་ལ་སྙིང་པོ་མེད་པར་ཡིད་ཆེས་ནས་ཇི་སྲིད་བར་དུ་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཁོ་ནར་ཉམས་ལེན་གྱི་སྙིང་ཐིག་བྱེད་དོ་སྙམ་པའི་འདུན་པ་ཤུགས་དྲག་བྱུང་བ་དང་ཆབས་ཅིག་སྔོན་འགྲོའི་ངག་འདོན་བློ་འཛིན་དང་ཉིན་ཚར་ཆག་མེད། འབུམ་དགུའི་བསགས་སྦྱོང་ཁག་ལ་སྒོ་གསུམ་གྱིས་བརྩོན་པ་ཆེར་བསྐྱེད་བྱས། དེ་མཚམས་འཕོ་བའི་གདམས་པ་ཐོབ་ཅིང་རྟགས་ཚད་ཚངས་བུག་ཟ་ཕྲུག་ལངས་པ་དང་ཚ་ཤར་རྒྱུག་པ་འདྲ་ཡང་བྱུང་། བླ་མས་ཀྱང་བུ་ཁྱོད་རང་ཡུལ་དུ་ཕྱིར་ལོག་མེད་ན་བླ་མེད་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འདི་འདྲ་ཐོབ་པར་དཀའ་བ་སོགས་དབུགས་དབྱུང་མཛད། དེ་བཞིན་སྟོན་ཁར་དངོས་གཞི་ཨ་གཏད་དང་འབྲེལ་སེམས་འཚོལ་སོགས་ཀྱང་གཞུང་ལྟར་ངེས་པ་གཏིང་མ་ཚུགས་བར་དུ་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་རྟོགས་འབུལ་དང་འབྲེལ་གདར་ཤ་ཅི་ཆོད་བྱས།
༧ བརྡ་ཕུའི་རི་ཁྲོད་དུ་རྩ་རླུང་སྦྱོང་སྐབས།
དགུན་ཁར་རི་ཁྲོད་དེར་མཆེད་གྲོགས་ལྔ་བཅུ་ཡར་འཕེལ་དང་མཉམ་དུ་སྐུ་གསུམ་རང་ཤར་གྱི་གཏུམ་མོའི་ཉམས་ལེན་ཡེ་ཤེས་མེ་དཔུང་ལྟར་རྩ་རླུང་སྦྱངས། དེ་ཡང་སྟོང་ར་རྣམ་གསུམ་དང་སྔོན་འགྲོའི་གསོལ་འདེབས། བསྐྱེད་རྫོགས་ལྟར་གྱི་གཞལ་ཡས་ཁང་དག་དྲན་དང་བཅས་པ། རྫོགས་ཆེན་དང་ཨ་ཁྲིད་ཀྱི་འཁྲུལ་འཁོར་རིགས་རྣམས་བློ་རྒྱུགས་འབུལ་རྒྱུ་དང་། ཐུན་བར་རྣམས་སུ་མི་རེ་རེ་ནས་འཁྲུལ་འཁོར་ཚང་མ་རྒྱུགས་ལེན་དང་། རླུང་འབུད་སྟངས་། ཐ་ན་དྷ་སིལ་དཀྲོལ་ཚུལ་དང་བཅས་པ་ཞིབ་ཅིང་ཕྲ་བའི་སློབ་ཁྲིད་གནང་སྲོལ་འདུག་པས་དེ་སྐབས་རྒྱུགས་འཕྲོད་མིན་སོགས་དཀའ་ཁག་ཅུང་བྱུང་རུང་འཁྲུལ་འཁོར་དེ་དག་བརྟན་པོར་ངེས་པས་ད་ལྟ་ཡང་བརྗེད་རྒྱུ་མེད་པ་ལྟ་བུར་འདུག་པ་ནི་རྗེ་བླ་མ་དེ་ཉིད་ཀྱི་ཐུན་མིན་གྱི་སྐུ་དྲིན་ཉག་གཅིག་ཡིན་པར་རྗེས་སུ་ངེས་པ་རྙེད་ཅིང་མི་ཕྱེད་པའི་དད་པ་སླར་ཡང་འཕེལ། གཞན་ཉ་སྟོང་ཁག་ལ་སྐུ་གསུམ་རང་ཤར་ལྟར་གྱི་ཚོགས་མཆོད་རྒྱས་འབུལ། ནང་མོ་བསང་དང་གཞུང་གི་ཕྲིན་ལས། ཉིན་གུང་སྙིང་པོ་དང་སྐབས་ཀྱི་ཁྲིད་ལུང་། དགོང་མོ་གཏོར་འབུལ་དང་གསུར་མཆོད། ཉལ་ཁར་ལུས་སྦྱིན་དང་བསྔོ་སྨོན་སོགས་ཆག་མེད་བསྒྲུབས། མཇུག་ཏུ་གོང་མའི་ཕྱག་སྲོལ་ལྟར་སྐམ་རས་ཞེས་ནམ་མཁའ་གཡའ་དག་པའི་ཐོ་རངས་ནས་རང་མགོར་ཉི་མ་མ་ཤར་བར་ས་སྟོང་དུ་རས་རྐྱང་ཞིག་གྱོན་ནས་དྲག་རླུང་མེ་དཔུང་མ་ལྟར་རླུང་བཟུང་བ་དང་། ཡང་ཆུ་རས་ཞེས་རས་དེ་ཉིད་ཆུས་བརླན་ནས་བླ་མས་རྩ་རླུང་གསོལ་འདེབས་དལ་པོར་ཚར་གསུམ་རེ་གསུང་པའི་ཡུན་དུ་གོང་ལྟར་རླུང་བཟུང་བ་ནས་དེ་བཞིན་ཆུ་རས་ཐེངས་གསུམ་བརྗེ་དགོས། དེ་ནི་གཙོ་བོ་རྩ་རླུང་སྦྱང་བའི་གྲུབ་དོན་དཔོག་པའི་ཐབས་ཤིག་ཡིན་འདུག་ཅིང་། དེ་སྐབས་གུས་པ་འགའ་ཞིག་དང་འདྲ་བར་ཆུ་རས་མེ་འབར་བ་དང་ཚིག་ནུས་པ་སོགས་ཡ་མཚན་གྱི་རྟགས་ཀྱང་མ་བྱུང་ལ། ཤིན་ཏུ་གྲང་སྟེ་འཁྱགས་འཕྱིད་ཀྱི་རྣམ་པ་ཡང་བྱུང་མི་སྣང་ངོ་། དེ་མཚམས་བདུན་ཕྲག་གཅིག་ལ་རྒྱབ་ཐུར་ལ་བརྟེན་ནས་རླུང་སྦྱང་དང་ཆུ་སྦྱང་བྱས་མཐར་བཅུད་ལེན་ཞེས་ཐོག་མར་དྭངས་མ་ལྔ་ཙམ་འོག་སྒོ་ནས་དྲངས་པ་ལས་བཟའ་བཏུང་ཅི་ཡང་མེད་པར་ཉིན་ཞག་བདུན་དུ་བསྡད། དེ་ནི་ཕན་ཡོན་ཆེ་ལ་ལུས་པོར་དཀའ་ཁག་ཀྱང་ཆེ་བའི་དགེ་སྦྱོར་ཞིག་ཡིན། རྩ་རླུང་གྲོལ་སྐབས་རབ་རྣམས་ཚེ་གཅིག་དང་ཐ་ནའང་མི་ལོ་གསུམ་རིང་ནང་མོ་སྔོན་འགྲོའི་ངག་འདོན་དང་རྩ་རླུང་གསོལ་འདེབས། དེ་བཞིན་དུག་རླུང་དགུ་ཕྲུག་དང་སེམས་རིག་འབྱེད་པའི་རླུང་ཁུག་གང་ལྕོགས་ཀྱི་མཇུག་ཏུ་མཉམ་བཞག་ཐུན་རེ་སྐྱོང་རྒྱུ། དགོང་མོར་གསུར་དང་ལུས་སྦྱིན། ཉལ་ཁར་བདུད་རྩི་འབེབས་སྦྱོང་གི་དམིགས་རིམ་སྒོ་ནས་ཡིག་བརྒྱ་ཅི་འགྲུབ་མཐར་ཞུ་ཐིམ་བཅས་ཆག་མེད་དང་། སྐུ་གསུམ་རང་ཤར་གྱི་བསྙེན་མཚམས་རེ་ཡང་འདུག་དགོས་པའི་བླ་མའི་བཀའ་གདམས་ལྟར་ཁས་ལེན་ཞུས། འདིའི་ཡས་མས་རྣམས་སུ་བླ་མ་ཞུ་ཚང་སོགས་ལྟོས་བཅས་འགའ་ཡི་ཞེ་དགུའི་ཨ་མཆོད་ཀྱང་མང་པོ་བསྡད་ཅིང་། གཞན་ཀུན་རིག་འབྲི་འདོན་དང་། མདོ་འབུམ་ཀློག་པ། སྤྱི་རིམ་འཚོགས་པ། དུད་སོ་སོའི་ལོ་རིམ་བཅའ་བ་སོགས་གྲོང་ཆོག་འགྲོ་བར་ཡང་ཤིན་ཏུ་བྲིན།།
༧ རྒྱ་ཆེའི་གཞུང་དོན་དྲི་ཙམ་དབེན་ན་ཡང་།།
རིགས་མཐུན་གྲོང་གསེབ་བཅའ་འབྲི་གྱེར་ཤེས་ན།།
དམངས་ཀྱིས་མཁས་པའི་ཆོ་ལོ་སྤྲད་དང་ལྷན།།
རང་ཡང་དེ་ཡིན་སྙམ་པའི་ཁེངས་སེམས་མཐོ།།
ཞེས་ཀྱང་གནས་ལུགས་དྲང་བརྗོད་དུ་ཐལ་ལོ།།
༼༡༩༩༠༽ ལྕགས་རྟ་ལོར་རང་ལོ་བཅུ་དགུར་སླེབས། དབྱར་ཁར་ཟླ་བ་གཅིག་རིང་རང་དགོན་གྱི་སྔགས་རྒྱུན་རེས་འཁོར་དུ་བབ། དེའི་འདོན་བྱའི་སྐོར་ཉིན་ལྟར་ཞོགས་པ་ཞུ་ལུགས་ཀྱི་འཚོགས་འདོན་རྒྱས་པ་དང་། དེ་ནས་བསང་མཆོད་དང་སྦྲེལ་ཏེ་སྲུང་མའི་བསྐང་གསོལ་གང་འགྲུབ། ཉིན་གུང་དབལ་གཞུང་ཚར་རེ་དང་ཉ་རྣམས་སུ་དབལ་གསས་ཀྱི་ཚོགས་འཁོར་རྒྱས་པ་རེ། དགོང་མོ་ཞུ་ལུགས་ཀྱི་བཀའ་སྐྱོང་རྒྱས་བསྐུལ་དང་གཏོར་འབུལ། རྗེས་སུ་སྨོན་ལམ་རྒྱས་པ་དང་གསུར་མཆོད། ཟླ་རེ་བཞིན་བོན་སྐྱོང་རྣམས་ཀྱི་གསོལ་ཁ་རྙིང་པ་འབུལ་ཞིང་གསར་པ་རེ་བཅའ་དགོས་པའི་སྔ་སྲོལ་ལྟར་དེ་དག་བཅའ་འདོན་སྐོར་ལ་དཀའ་ཁག་ཅུང་བྱུང་ཡང་རིམ་པས་རྔ་ཡུ་རང་གིས་ཟིན་ཙམ་གྱུར།
༧ སངས་རྒྱས་ཐུགས་སྤྲུལ་ཀོང་པོའི་བོན་རི།
ལོ་འདིར་རྟ་ལོ་སྐོར་ཆེན་ཞེས་རྒྱལ་བ་གཤེན་གྱི་ཐུགས་སྤྲུལ་བོན་རི་ཆེན་པོ་དེ་ཉིད་སྤྲུལ་པའི་སྐུ་མཆོག་རི་པ་འབྲུག་གསས་ཀྱིས་གནས་ཀྱི་ངོས་འཛིན་དང་འབྲེལ་སྐོར་བ་འགྲོ་བའི་སྲོལ་བཏོད་པའི་ལོ་དུས་ཁྱད་པར་ཅན་དུ་ཁེལ་བ་དང་སྟབས་བསྟུན་བོན་རིར་གནས་སྐོར་འགྲོ་བའི་ཚ་རླབས་གསར་པ་ཞིག་ཀྱང་ཡུལ་ཕྱོགས་ཀུན་ནས་འཕྱུར། རང་ཡང་འགྲུལ་རོགས་སྐལ་མཉམ་གྱི་ཡུལ་མི་འགའ་དང་ལྷན་གནས་སྐོར་དུ་འགྲོ་རྒྱུའི་གོ་སྐབས་རྙེད། ངེད་རྣམས་དེང་རབས་ཀྱི་རླངས་འཁོར་ཆེ་གྲས་ཤིག་མཉམ་དུ་གླས་ཏེ་ལམ་དུ་ཞུགས། ཐོག་མར་བོད་ཀྱི་ལྟེ་བའི་གྲོང་ཁྱེར་གྲགས་ཅན་གྱི་གནས་མཆོག་ལྷ་ལྡན་ཉི་འོད་གྲོང་དུ་སླེབས།
གནའ་བོའི་ཁྲོམ་གཞུང་ལྷ་སའི་བར་སྐོར།
དེར་ལྷ་སའི་ཇོ་ཤཱག་ཅེས་སྙན་པ་ཕྱོགས་སུ་ཁྱབ་པའི་སངས་རྒྱས་དངོས་ཀྱི་སྐུ་ཚབ་དང་། གནའ་བོའི་བོད་ཀྱི་བཟོ་བཀོད་ཀྱི་སྒྱུ་རྩལ་ལས་ཐོན་པའི་གྲགས་ཅན་གྱི་ཕོ་བྲང་པོ་ཏཱ་ལ།
༧ མེས་པོའི་བླ་མཁར་པོ་ཏཱ་ལ།
མཁས་གྲུབ་བྱེ་བའི་བསྟི་གནས་གྲྭ་ས་སེ་འབྲས་དགའ་གསུམ། གཟི་བྱིན་འོད་སྟོང་འབར་བའི་ཞིང་མཆོག་ནོར་བུ་གླིང་ཁ་སོགས་ལ་གནས་མཇལ་དང་མཆོད་ཐིགས། སྐོར་བ་དང་ལྷ་ཕྱག གསོལ་འདེབས་དང་བསྔོ་སྨོན་སོགས་གང་འདོད་དང་། དེ་བཞིན་དེང་རབས་ཀྱི་ཐོག་བརྩེགས་ཁང་ཆེན་དང་སྤྲོ་འཆམ་གྱི་གླིང་ཁ། སྐད་དང་ཆས་གོས་མི་འདྲ་བའི་རྒྱ་བོད་ཧོར་སོགས་ཀྱི་ཁྲོམ་པ། དབྱིབས་དང་ཆེ་ཆུང་མ་ངེས་པའི་འཁོར་རིགས་སྣ་ཚོགས། སྡོམ་གྱི་དྲ་བར་འཁྲུལ་པའི་སྣུམ་ནག་གི་གཞུང་ལམ། སྐར་ཚོགས་ས་ལ་འཕོས་འདྲའི་ལམ་ཟུར་གྱི་གློག་སྒྲོན། རྒྱལ་སྤྱི་རྒྱལ་ནང་ནས་ཐོན་པའི་ཚོང་རྫས་སོགས་ངོམས་པ་མེད་པའི་ལྟད་མོ་དེ་དག་གིས་སྨྲ་མི་ཤེས་པའི་ཚོར་སྣང་ཡ་མཚན་པ་འགའ་ཡང་སྟེར། དེ་དང་ཆབས་ཅིག་དེ་སྔོན་རང་ཉིད་གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་མྱོང་མེད་ཁར་གོ་ཐོས་སུ་ལྷ་སར་རྐུན་ཇག་གི་འཚེ་བ་ཅི་ཆེ་ཡོད་རབས་དང་། ང་ཚོ་གནས་སྐོར་བ་རྣམས་སྡོད་ས་གཞུང་ལམ་འཁྲིས་ཀྱི་ཐང་སྟོང་དུ་རི་སྒར་རྒྱག་དགོས་ཤིང་། མཚན་མོར་གྲོ་ཆས་ཅི་ཡོད་དཀྱིལ་དུ་སྤུངས་ཏེ་མི་རྣམས་དེའི་མཐའ་བསྐོར་ནས་ཉལ་བ་དང་། ཉིན་མོ་ཡང་རེས་མོས་གྱིས་མི་རེ་སྒར་སྲུང་འདུག་དགོས་པ། ཁྲོམ་ཚོགས་ཆེ་སར་འགྲོ་སྐབས་མི་རྣམས་སྔོན་རྗེས་ལག་སྦྲེལ་གྱིས་སོང་ན་མ་གཏོགས་རོགས་པ་ཡང་བོར་ཉན་ཆེ་བ་སོགས་ཀྱིས་སེམས་ལ་སྔོན་མེད་ཀྱི་དྭོགས་སྐྲག་ཅི་ཆེ་བྱུང་། འོན་ཏེ་རང་དང་གྲོགས་རྣམས་ཐབས་མཁས་ཤིང་གྲུང་ཆེ་བའམ་ལྷ་དང་བླ་མའི་སྐུ་དྲིན་བཟང་བ་གང་ཡིན་ཀྱང་རུང་སྟབས་ལེགས་པ་ཞིག་ལ་དེ་འདྲའི་རྐྱེན་ངན་འཕྲད་དེ་གོད་ཆག་དངོས་ནི་གཅིག་ཀྱང་མ་བྱུང་ངོ་།།
༧ སྔོན་སྲོལ་མ་ཉམས་ལྷ་ཁང་རྟེན་གསུམ་དང་།།
རྗེས་ལུས་མ་ཡིན་དེང་རབས་འཛུགས་སྐྲུན་སོགས།།
ངོ་མཚར་ལྷ་ལྡན་གྲོང་གི་བཀོད་པ་ཡིས།།
སུམ་རྩེན་གནས་ལའང་སྐྱེངས་པ་སྟེར་བར་དྭོགས།།
༧ ཨ་མ་མ་གཏོགས་མི་ངོ་མ་ཤེས་ལ།།
སྒོ་ཐེམ་མ་གཏོགས་ལ་མོ་མ་ཕོག་པའི།།
ལུང་ཁུག་སྐྱེས་པའི་མི་རྣམས་རྒྱ་གྲོང་དུ།།
སླེབས་ཚེ་རྐང་བཞི་མེད་པའི་དུད་འགྲོ་ཞིག།
ཅེས་ཀྱང་མྱོང་ཚོར་གླུ་རུ་བླངས་པའི་ཚིག་ཕྲེང་ངོ་།།