ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་བཞི་པ།༽
[ 2013/1/12 13:29:00 | By: ཁྱུང་གསེར་ཞུན། ]
 

༧ གསུམ་པ་སྐྱེས་ནས་བྱིས་པའི་གནས་སྐབས་ཀྱི་བྱུང་རབས།། 

 

དེ་ལ་ཅུང་ཞིག་དཔྱད་ན་གནའ་མིའི་ངག་སྒྲོས་སུ་བུ་ཡིས་ཕ་ལོ་ཐོབ་ན་རྒྱལ་ས་ལན་དགུ་བཟུང་ཞེས་བྱ་བར་གྲགས་པ་ལྟར། རང་དང་སྐྱེད་བྱེད་གཉིས་ཀའི་ལོ་རྟགས་བྱི་བ་ཡིན་འདུག་ལ།  རང་ཉིད་སྐྱེས་ལོ་བྱི་བར་བབ་པ་ཙམ་དུ་མ་ཟད་མི་ཚེ་འདིའི་བྱ་བ་གལ་ཆེན་ཏེ།  མི་ཚེ་གཅིག་གི་སྐྲ་ལོ་བཅད་དེ་གྲྭ་པ་བྱས་པའི་ལོ་དང་།  རང་དགོན་གྱི་རྩ་བའི་ཚོགས་ཁང་ལེགས་བསྐྲུན་བྱས་པའི་ལོ་གཉིས་ཀར་མ་བསྒྲིགས་རང་བཞིན་གྱིས་བྱི་བའི་ལོ་ལ་ཁེལ་འདུག་པ་ནི་ཡ་མཚན་གྱི་གསང་བ་དེ་དང་དེ་འདྲར་འབྲེལ་བ་ཡོད་པ་ཞིག་མིན་འགྲོ་སྙམ་པའང་བྱུང་།  ཆུང་ངུའི་དུས་སུ་མིང་ལ་གཡང་སྐྱབས་དང་དེ་ལ་གཅེས་མིང་བྱས་ན་ཨ་སྐྱབས་ཀྱང་འབོད།  ཕྲུ་གུའི་དུས་སུ་སྨྲ་ལྕེ་བདེ་ཞིང་རྗོད་པ་ཤིན་ཏུ་མྱུར་བ་བྱེའུ་འཇོལ་མོའི་སྐད་དང་འདྲ་བ་ཞིག་ཡོད་འདུག་པས་ངན་མིང་ལྟ་བུར་ཡུལ་སྐད་དུ་འཇུ་ལུ་ཡང་ཟེར་བར་གྲགས།  གཞན་ནར་མའི་སྤྱོད་པ་བྱིས་པ་སྤྱི་མཚུངས་ལྟ་བུ་ཡིན་འགྲོ་སྙམ་པ་ལས་དམིགས་བསལ་གྱི་བྱ་སྤྱོད་ཅི་ཡོད་ནི་ད་སྐབས་གསལ་པོར་དྲན་རྒྱུ་མི་འདུག་ལགས།།

༼༡༩༧༩༽ལོར་རང་ལོ་བརྒྱད་ལ་སླེབས། དེ་སྐབས་མི་དམངས་ཀུང་ཧྲེ་ཞེས་པའི་སྤྱི་ཚོགས་སུ་འཚོ་དགོས་ཁེལ་འདུག་གཤིས་ཕ་ཡིས་གཅེན་པོ་ཁྲིད་དེ་རུ་ཁག་གི་རྟ་རྫི་བྱས།  དེ་དུས་གཅེན་པོས་ལྐོག་ཏུ་ཕ་ཡི་དྲུང་ནས་ཡི་གེ་བསླབས།  མ་ཡིས་གསེར་གཞོང་ཁ་རུ་ཕྱུགས་རའི་ཤེ་མ་བྱས་ཏེ་ཁོ་བོ་མ་ཡི་གམ་དུ་གནས་ཤིང་ལོ་ན་ཆུང་སྟབས་རིགས་ཕ་ཡིས་བསྐྱེད་པ་ཙམ་ལས་ཡི་གེ་སོགས་ཤེས་རིག་ཕ་ཡིས་བསྐྱེད་པའི་གོ་སྐབས་མ་བྱུང་བ་ནི་ཅི་འདྲའི་སྐལ་པ་ངན་པ་ཞིག་མ་ཡིན་ནམ།  ལྷག་པར་དུ་སྐབས་དེའི་ཡས་མས་སུ་སྤྱི་ཚོགས་ཁྱོན་ཡོངས་ལ་རིག་གསར་ཞེས་པའི་སྲིད་འགྱུར་ངན་པ་དེའི་མཇུག་མ་རྫོགས་པས་ཆོས་ལུགས་ཐད་ལ་ཧ་ཅང་ཛ་དྲག་ཆེ་བས་ཕ་ལ་རྨོངས་དད་མི་སྣའི་མཚང་མིང་གི་ཉེས་ཞྭ་བཀོན་པ་སོགས་འཚེ་བ་སྣ་ཚོགས་ཀྱིས་མནར་དང་མནར་བཞིན་པར་བརྟེན་མཐར་གཅེས་པའི་རང་སྲོག་ཀྱང་དོར་དགོས་བྱུང་འདུག་གོ།  

 

༧ བསྐལ་ངན་མར་འགྲིབ་དུས་ཀྱི་ཁུག་སོ་འདིར།།

སྐྱེད་བྱེད་དམ་པའི་སྐུ་ཚེ་མ་ཟིན་ཁར།།

དགེ་བའི་སྡོང་འདེབས་སྒྲུབ་པའི་གོ་སྐབས་དབེན།།

ཀྱེ་ཧུད་འདི་འདྲའི་སྡུག་བསྔལ་སུ་ཡིས་བཟོད།།

 

༧ རང་སྟོབས་ལང་ཚོའི་ཁོ་ལག་མ་རྒྱས་ཤིང་།།

གཞན་སྟོབས་དྲིན་ཆེན་ཕ་ཡི་གཟིགས་སྐྱོང་བྲལ།།

དྭ་ཕྲུག་ཅེས་པའི་མཚང་མིང་ངན་པ་ཞིག།

གློ་བུར་བྱིས་པའི་མགོ་ཐོག་སུ་ཡིས་ཕབས།།

ཞེས་ཀྱང་དབང་མེད་དུ་སྨྲེང་ངོ་།།

 

དེ་དག་སྐོར་རང་ཉིད་ལོ་ན་ཆུང་བའི་དབང་གིས་ཞིབ་ཕྲའི་དོན་གནད་ཅི་ཡང་མི་ཤེས་པར་མ་ཟད་སྐྱེད་བྱེད་གང་ལ་དྲིན་དུ་གཟོ་བའི་རྔོ་ཡང་མ་ཐོགས་པ་ནི་ངོ་མ་དུད་འགྲོ་ཕལ་པ་དང་ཅི་ཁྱད། དྲན་ཚོད་ལ་ཞག་གསུམ་རིང་མཚན་མོར་ཐོས་གྲོལ་འདྲ་ལྐོག་ཏུ་ཀློག་པའམ།   ཞེ་དགུའི་ཚེ་མཆོད་མེ་ཡང་རྫ་སྣོད་ལྟ་བུར་བསྐུངས་ནས་འབུལ་བ་ཙམ་ལས་གཞན་པའི་དགེ་རྫོངས་ཅི་ཡང་སྒྲུབ་པའི་གོ་སྐབས་མ་བྱུང་བ་ནི་ཡུལ་དུས་ཀྱི་གནས་སྟངས་སྐྱོ་པོ་འདི་ལྟ་བུ་ཆོས་ལྡན་བོད་པའི་ཞིང་ཁམས་སུ་དེ་སྔོན་ཡང་འབྱུང་དཀོན་ལ།  ཕྱིས་སུ་ཡང་མི་འབྱུང་བའི་སྨོན་ལམ་ཡང་ཡང་འདེབས་སོ།  དེ་ལྟར་རང་ཡང་འཇིག་རྟེན་མི་བུའི་གྲལ་དུ་ཕ་མ་ཁ་འཛོམས་ཀྱི་གཅེས་ཕྲུག་ཅིག་ནས་ཕ་མེད་དྭ་ཕྲུག་གི་མིང་ངན་ཞིག་ཁུར་དགོས་བྱུང་བར་མ་ཟད་ཁྱིམ་གྱི་འཚོ་བའི་དཀའ་ངལ་ཐ་དག་སྨིན་བྱེད་གཅིག་པུའི་ཐོག་ཏུ་བབ་པས་ངེད་མ་བུ་གསུམ་གྱི་ལུས་སེམས་གཉིས་ཀས་དཀའ་སྡུག་ཇི་ཙམ་མྱོང་ཡོད་པའང་བརྗོད་མཐའ་བྲལ།  དེ་ལྟའི་རྐྱེན་དབང་གིས་རང་ཉིད་ཆེད་དུ་སློབ་གྲྭར་འགྲོ་བའི་གོ་སྐབས་མ་བྱུང་ཡང་སྟབས་ལེགས་པ་ཞིག་ལ་རང་ལོ་བརྒྱད་དགུ་ཙམ་ནས་གཅེན་པོའི་མདུན་ནས་བོད་ཡིག་འབྲི་ཀློག་བསླབ་རྒྱུའི་འགོ་ཚུགས་པར་མ་ཟད་དཀའ་ཁག་ཀྱང་དེ་ཙམ་བྱུང་སྣང་ད་ལྟ་དྲན་རྒྱུ་མི་འདུག་པས་རྨང་གཞིའི་ཡི་གེ་ནི་གོ་རྒྱུ་ཡོད་ཙམ་ནས་ཤེས་ཡོད་སྣང་འདུག  དེས་ན་གཅེན་པོ་ནི་མི་ཚེ་གཅིག་གི་ཤེས་བྱ་རིག་གནས་ཀུན་གྱི་རྨང་གཞི་འདིང་བའི་ཐོག་མའི་སློབ་དཔོན་བཀའ་དྲིན་ཅན་དེ་ཡིན་ནོ།། 

 

༧ ཤེས་བྱ་ཀུན་གྱི་གཞི་མ་ཡི་གེ་ཞེས།།

མཁས་མང་མ་བགྲོས་མགྲིན་དབྱངས་གཅིག་གྱུར་ལྟར།།

རིགས་ཀྱི་གཅེན་པོའི་བདག་རྐྱེན་ལ་བརྟེན་ནས།།

འབྲི་ཀློག་ཤེས་པའི་སྤྲོ་དགའ་སུ་ཡིས་མཚོན།།

ཞེས་སོ།།

རང་ལོ་བཅུ་པའི་ཐོག་སྟེ་༼༡༩༨༡༽ལོ་ནས་རྩ་བའི་སྲིད་ཇུས་ལ་འགྱུར་བ་བྱུང་ནས་མི་དམངས་ཀུང་ཧྲེ་བཤིགས་ཏེ་ས་ཞིང་རྒྱུ་ནོར་སྒེར་ལ་བགོས་པ་དང་སྟབས་བསྟུན་ངག་སྒྲོས་སུ་ཡུལ་ས་རབ་རྒྱལ་གྱི་སྙིང་དུ་གྲགས་པའི་ཝ་སྙིང་འབུར་མོའི་ཡར་ཟུར་མཚེར་ཆུང་ཁུག་ཅེས་པ་དེར་ཁང་པ་གསར་དུ་རྒྱབ་སྟེ་ཁྱིམ་གཞིས་དེར་ཆགས།  རང་ཡང་བེའུ་ཟོག་གི་རྫི་བོར་འགྲོ་ཐུབ་ཙམ་བྱུང་བ་ན།  མ་ཡི་བཀའ་ལྟར་ཕྱུགས་རྫིའི་ལས་འགན་བསྒྲུབས་ཤིང་ཞོར་དུ་ཆོས་ཕྱོགས་ཀྱི་སྲིད་ཇུས་ཀྱང་ཅུང་ལྷོད་དུ་འགྲོ་བའི་རྣམ་པ་དང་བཅས་རྩ་བའི་ཆོས་ལུགས་ཀྱི་དཔེ་ཆ་ཡིག་རིགས་ཅུང་རྙེད་རྒྱུ་དཀའ་ཡང་མའོ་ཀྲུའུ་ཞིའི་གསུང་རྩོམ་ཁག་དང་།  དེ་བཞིན་བོད་ལྗོངས་ཉིན་རེའི་ཚགས་པར་དང་དར་དམར་དུས་དེབ། རིམ་པས་གླིང་སྒྲུང་ཁ་ཤས་དང་། བོད་ཀྱི་ལོ་ཐོ་འདྲ་ཀློག་འདོན་བྱ་བའམ། ཁ་བའམ་ས་ངོས་དང་རྡོ་ངོས་སུ་ཡིག་གཟུགས་འབྲི་བ། རྫི་གྲོགས་གཞན་དང་མཉམ་དུ་གཏམ་དཔེ་ཉན་བཤད།  ལྡེའུ་སྐུལ་བ།  གླུ་ཤགས་འགྱེད་པ། འགྲིག་དང་མིག་མངས་བརྩེ་བ། ཤོའམ་ཤོག་བག་རྒྱག་པ་སོགས་རྨང་གཞིའི་ཤེས་རིག་འགའ་ཞིག་གི་བག་ཆགས་ཙམ་བཞག་པ་ལས་རྒྱ་ཆེའི་གཞུང་ལ་སློབ་སྦྱོང་སོགས་དོན་ལྡན་གྱི་བྱ་བ་ཆེ་རིགས་ཅི་ཡང་མ་འགྲུབ།  ཡིན་ནའང་རྒྱུན་ལྡན་མ་ཡིས་ཅི་མངགས་ལྟར་ཚུལ་བཞིན་ཉན་འཇོག་བྱེད་རྐྱང་ལས་ཉིན་གཅིག་ཙམ་ཡང་རང་དགར་གྱི་བྱ་བ་སྒྲུབ་སྣང་མི་འདུག་ལ་ཡུལ་མི་རྣམས་ཀྱིས་ཀྱང་ཆུང་ནས་མ་ཡི་ཁ་ལ་ཉན་པའི་ཕྲུ་གུ་ཡག་པོ་ཞིག་ཡོད་ཅེས་རྗེས་སུ་ཐོས།  རིག་པས་དཔྱད་ཀྱང་དེ་སྐབས་རང་ནུས་གང་ཡོད་ཀྱིས་སྨིན་བྱེད་ཡུམ་གྱི་ཞབས་ཕྱི་སྒྲུབ་པའི་སྐལ་པ་བྱུང་སོང་སྙམ་པའི་དགའ་སྤྲོ་ལས་དེ་ཙམ་ཞིག་དུས་ཚོད་ཁྲོགས་བརླག་བཏང་འདུག་བསམ་པ་ནམ་ཡང་སྐྱེ་རྒྱུ་མི་འདུག་གོ།     

རང་ལོ་བཅུ་གཅིག་ཆུ་ཁྱི་ལོ་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀུན་ལ་ཁྱབ་པས་གསུང་རབ་ཀློག་འདོན་དང་གཏོ་བཅོས་རིམ་གྲོ་སོགས་ཀྱི་བོན་སྒྲ་ཕྱོགས་ཡོངས་ནས་སྒྲོག་པའི་སྐལ་བཟང་ཤར་བ་དང་ལྷན།  རང་ཡང་སྔོན་མའི་བག་ཆགས་འདྲ་སད་པའམ་ཕྲུ་གུའི་ཨ་གསར་ལྟ་བུ་གང་ཡིན་ཀྱང་རུང་སྔར་དང་མི་འདྲ་བར་བླ་མ་དང་གནས་རིའི་གསོལ་འདེབས་ཁག་དང་།  བར་ཆོད་ལམ་སེལ། སྙིང་པོ་རྣམ་གསུམ།  གསེར་འོད་སོགས་ཆོས་ཕྱོགས་ཀྱི་དཔེ་ཆ་ཀློག་པ་ལ་ཤིན་ཏུ་དགའ་ཞིང་དད་པ་དང་།  དེ་བཞིན་སའམ་རྙུ་བ་ལས་གཏོར་མ་བཅའ་བཀོད་དང་།  ས་རྡོ་དང་ཤིང་བུ་ལ་བརྟེན་ནས་དགོན་སྡེ་བསྐྲུན་ཚུལ།  གནས་རི་སྐོར་ཚུལ་དང་། རྔ་རྡུང་ཚུལ།  གཤང་དཀྲོལ་ཚུལ།  མཆོད་པ་འབུལ་ཚུལ་སོགས་བྱེད་པ་དང་།  སྐབས་དེ་དུས་བཅའ་འདོན་རིགས་ཚད་ལོངས་པ་མི་ཤེས་ཀྱང་དེ་དག་སྐབས་སུ་མཆོད་གཡོག་བྱེད་རྒྱུར་དགའ་ལ་བྱུང་གདབ་ཀྱང་མཁས་པ་དང་།  སྤྱི་རིམ་དང་མདོ་འབུམ་འདྲ་ཀློག་སྐབས་འདོན་གྲལ་དངོས་སུ་ཚུད་པ་ཡང་བྱུང་ངོ་།།

 

༧ རིང་མོ་ཞིག་ཏུ་རྒྱལ་བསྟན་པདྨོའི་ཚལ།།

བཞད་པར་མ་ནུས་རྡུལ་ཁྲོད་གཟིམས་གྱུར་ཀྱང་།།

དེང་འདིར་སྲིད་བཟང་ཉི་མའི་འོད་རླབས་ཀྱིས།།

སླར་ཡང་འདབ་རྒྱ་གྲོལ་བའི་དགའ་སྟོན་ཤར།།

ཞེས་བར་སྐབས་དགའ་སྤྲོའི་ཚིགས་སུ་བཅད་པའོ།།

 

 

 
 
Re:མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་བཞི་པ།༽
[ 2013/1/16 17:41:59 | By: སྐུ་མགྲོན་0g8Jbn(སྐུ་མགྲོན) ]
 
སྐུ་མགྲོན་0g8Jbn(སྐུ་མགྲོན)ཨོ་ཁེ།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.