ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་དང་པོ།༽ 
[ 2013/1/11 10:04:00 | By: ཁྱུང་གསེར་ཞུན། ]
 

༄༅།  །བགྲང་བྱ་ཞེ་གཅིག་ཡན་གྱིམི་ཚེའི་བྱུང་བ་

 བརྗོད་པའི་གཏམ་དྭངས་གསལ་ཆུ་ཤེལ་མེ་ལོང་།།

          བྱང་གི་དབེན་གནས་ཤིག་ཏུ་བསྟི་སྐབས།

 

 

  བཟང་པོའི་ཚོགས་བསགས་འབྲས་བུ་དུད་པ་འམ།།

ངན་སྤྱོད་ཧ་ལའི་ས་བོན་རྒྱས་ཀྱང་རུང་།།

 བདེ་སྡུག་ཚོར་འདུ་སྐྱེན་པའི་མི་བུའི་རབས།།

མཆོག་གསུམ་དམ་པས་ནམ་ཡང་ཁྱོད་ལ་སྲུངས།།

 

སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར།།

བཟང་ལ་ངན་པའི་བྱུང་བ་སྣ་ཚོགས་པ།།

རང་རང་དུས་སུ་ས་ལེར་གསལ་ན་ཡང་།།

མི་བརྟན་རིམ་བཞིན་བརྗེད་འདི་ཅི་ཡིས་ལན།།

 

  སྒྲོ་འདོགས་རི་བོང་རྭ་ཅན་བསྒྱུར་བ་འམ།།

སྐུར་འདེབས་ཤྭ་ཕོ་ཡུ་བོར་སྒྲུབ་བྱེད་པའི།།

བཅོས་མའི་ལོ་རྒྱུས་ཁུ་བྱུག་སྐད་སྙན་ཡང་།།

དོན་གྱི་རིན་ཐང་ཆུ་ཤིང་དངོས་དང་མཚུངས།།

 

རང་བསྟོད་ང་རྒྱལ་སེང་སྐད་མི་སྒྲོགས་ཤིང་།།

གཞན་སྨད་ཕྲག་དོག་ལྐོག་མདའ་མི་འཕེན་བར།།

ཡིན་ལུགས་དྲང་བརྗོད་བདེན་གཏམ་ཚངས་པའི་དབྱངས།།

བསྐལ་པའི་མཐར་ཡང་མི་བསླུ་བྲེ་སྲང་བཞིན།།

 

༧ ལ་ལ་མི་སྒོམ་ཚིག་གི་སྤྲོས་པར་ཞེན།།

འགའ་ཞིག་མི་སྨྲ་དོན་ལ་རྩེ་གཅིག་གཞོལ།།

ཕལ་ཆེར་ལྟོ་གོས་ཆེད་དུ་འཕེན་པ་རྫོགས།།

ཁོ་བོའི་ཀ་ལིར་རཱེ་ཁ་དེ་མ་དམིགས།།

 

མང་པོའི་འཁོར་ཚོགས་མཆོད་པའི་བྱུང་གདབ་བམ།།

ཆེན་པོའི་བཀའ་གཙིགས་ཅོད་པན་མི་ལྡན་རུང་།།

མི་ཚེ་དཀྱུས་མའི་བྱུང་རབས་རྣལ་མ་ཞིག།

འགོད་པར་སྤྲོ་བས་སུ་ཡང་མ་བཤུངས་ཤིག།

 

༧ མི༵་ཡུལ་ལན་གཅིག་འགྲིམ་པའི་དགའ་སྟོན་དུ།།

མི༵་བུ་རང་གི་བྱུང་བ་ཡིག་ཐོག་ནས།།

མི༵་རབས་རྗེས་མར་སྐྱེས་སུ་ཕུལ་བ་དག།

མི༵་ཡི་མཚན་ཉིད་ཚང་བའི་དན་རྟགས་ཡིན།།

 

༧ སྐལ༵་ལྡན་མཁས་དབང་དག་ལ་མི་འཁོ་ཞིང་།།

སྐལ༵་ཟད་རྨོངས་པས་ཇི་བཞིན་མི་རྟོགས་མོད།།

སྐལ༵་མཉམ་བློ་གསལ་ཁོང་དགེ་ཅན་རྣམས་ལ།།

སྐལ༵་བཟང་བདག་གིས་ངག་རིག་བརྔན་ཆ་འབུལ།།

 

དེ་ལྟར་སྐབས་དོན་དང་འབྲེལ་བའི་སྔོན་འགྲོའི་ཚིགས་སུ་བཅད་པ་དུ་མས་རྩོམ་གྱི་འཇུག་སྒོ་ཐོག་མར་ཕྱེས་ཏེ་གང་ཞིག་གླེང་བར་བྱ་བ་ལ།  འདི་སྐད་ཅེས་མཁས་པའི་གསུང་ལས་ཐོས་ཤིང་རྟོགས་ཏེ། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུས་མ་ཤེས་ན།  ནགས་ཁུང་གི་སྤྲེའུ་འདྲ།  མི་རང་གི་ཆོ་འབྲང་མ་ཤེས་ན།  གཡུ་འབྲུག་ཟོལ་མ་འདྲ།  ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན།  མོན་ཕྲུག་ཡུལ་བོར་འདྲ།  ཞེས་ཇི་ལྟར་ལེགས་པར་གདམས་པ་བཞིན་འགྲོ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་སྨྲ་ཤེས་དོན་གོའི་མི་བུ་གང་ཞིག་ཚད་གཞི་ངེས་བརྟན་ཡོད་པའི་མི་ཚེའི་ཤུལ་ལམ་རིང་མོ་བརྒྱུད་མཁན་ཞིག་ལ་མཚོན་ན་དང་པོ་ཆོ་འབྲང་སྟེ་རིགས་རྒྱུད་གང་དང་གང་ལས་བྱུང་བ་དང་།  བར་དུ་སྤྱི་ཚོགས་གང་ཞིག་ཏུ་འཚོ་གནས་སམ་ལུགས་གཉིས་ལ་བྱ་གཞག་གང་ཞིག་བསྒྲུབས་ཡོད་པ།  ཐ་མར་ཚེ་ཡི་འཕེན་པ་རྫོགས་ཏེ་མི་ཚེའི་མཇུག་བསྡུས་པའི་ཆིངས་སུ་མ་འདུས་པ་མེད་པ་གཞིར་བཅས། དེ་དག་ཇི་མ་ཇི་བཞིན་ཆུ་ལམ་ཞུགས་དང་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་རིམ་པར་ཡིག་ཐོག་ཏུ་འགོད་ཐུབ་ན་ད་གཟོད་མི་བུ་རང་དང་རང་འབྲེལ་གྱི་བྱུང་རབས་ལོ་རྒྱུས་དངོས་དང་། སྤྱི་ཚོགས་རིམ་བྱུང་གི་འགྱུར་འགྲོས།  ཡུལ་དང་དུས་ཀྱི་གནས་བབ།  ལུགས་གཉིས་དང་འབྲེལ་བའི་རིག་གཞུང་ཁག་ལ་དཔྱད་ཞིབ། གལ་ཆེའི་སློབ་གསོ་སོགས་མི་རིགས་སྤྱི་ལ་སྨན་པའི་ཤེས་རིག་མང་པོ་ཞིག་ལ་རམ་འདེགས་ཀྱི་ནུས་པ་ཚད་ལྡན་ཐོན་ཐུབ་སྙམ།  འོན་ཏེ་ང་ཚོའི་སྔོན་བྱུང་ལོ་རྒྱུས་ཁག་ལ་ཕྱི་མིག་ཅིག་གཅེར་ན་ཡུལ་དུས་ཀྱི་ཚད་བཀག་གམ་རིག་གནས་ཀྱི་ཁོར་ཡུག་སོགས་ཀྱིས་རྐྱེན་པས་དེ་ལྟ་བུའི་གལ་འགངས་ཆེ་བའི་ཡིག་རིགས་མཇལ་རྒྱུ་ཤིན་ཏུ་དཀོན་ལ།  སྨྱུག་ཐོགས་པ་དུ་མ་ཞིག་ནི་དེ་རིགས་སྣངས་ཆུང་ངམ་དགོས་པ་གཞན་དབང་གིས་འཁྱོག་བརྗོད་ཀྱི་ཤན་ཞུགས་པ་སོགས་དོན་གྱི་བཞིན་རས་ངོ་མ་ལ་བཅོས་མའི་རམ་ཚོས་མ་བྱུག་པའི་མི་ཚེའི་བྱུང་རབས་དངོས་ཀྱི་འབོལ་རྩོམ་ཅུང་ཉུང་བ་ནི་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་དྭོགས་སོ།།  རྒྱུ་རྐྱེན་དེ་རིགས་ལ་བརྟེན་ནས་རང་རང་གི་མི་ཚེའི་བྱུང་བ་དངོས་ཤིག་འབྲི་དགོས་ན་གཙོ་བོ་རང་རྒྱུས་རང་ལས་ཆེ་བ་སུ་ཡང་མེད་པས་རང་ཉིད་ནས་བྲིས་ན་ཡིན་ལུགས་ལ་ངེས་པ་སྟེར་ཚབས་ཆེ་ཞིང་།  བཅོས་མའི་འུད་བསྟོད་དང་མ་ཡིན་ཡིན་མདོག་བྱེད་པའི་གོ་སྐབས་ཀྱང་ཉུང་བས་ཕྱོགས་ཀུན་ནས་དགེ་མཚན་གཞན་ལས་ཆེས་ཆེར་འཕགས་པར་སྙམ།  དེས་ན་འདི་ལྟ་བུ་ཞིག་འབྲི་བར་བསྐུལ་མཁན་དང་དམིགས་ཡུལ་གཞན་མེད་ཀྱང་། ད་ལན་སྔོན་བསགས་བཟང་པོ་ཞིག་གིས་འཕེན་སྟོབས་ཀྱིས་ཕར་ལ་སྨྲ་ཤེས་ཤིང་ཚུར་ལ་དོན་ཡང་གོ་བའི་མི་ལུས་མཚན་ཉིད་ལྡན་པ་ཞིག་གི་སྐྱེ་བ་བླངས་པའི་ཁར་སྤྱི་ཚོགས་གང་ཞིག་ཏུ་དགའ་སྡུག་དང་བཟང་ངན་གྱི་འཚོ་བ་གང་ཞིག་མྱོང་ཚུལ་ལྟོས་བཅས་མི་རབས་རྗེས་མ་དག་ལ་ངོ་སྤྲོད་པའི་ཚུལ་དང་།   སྐལ་མཉམ་གཞན་ལ་ཡང་ཡུལ་དུས་དང་མཐུན་པའི་དྲང་བདེན་གྱི་སྒོ་ནས་མི་བུ་རང་རང་གི་ལོ་རྒྱུས་ཡིན་ལུགས་ཤེས་དཔྱོད་འབྲི་གསུམ་གྱི་རྟོགས་སད་ལ་བསྐུལ་བ།  རང་ཡང་དངོས་བྱུང་རྩོམ་འབྲིའི་ཤེས་བྱ་ལ་གོམས་པ་བསྐྱེད་ཐབས་བཅས་ལ་ཁ་ཕྱོགས་ཏེ་བྱ་བ་འདིར་ཞུགས་འདོད་འགོག་མེད་ཀྱི་སེམས་སྤོབས་ཤིག་བརྟས་སོ།  འོན་ཏེ་རང་ངོས་ནས་རྩ་བའི་ཤེས་རབ་དམན་པའི་ཁར་བརྗེད་ངས་ཀྱི་རྐུན་པོ་དོས་དྲག་པའི་དབང་གིས་མེས་པོའི་བྱུང་རབས་དང་འབྲེལ་ཡོད་དོན་གནད་ཁག་ཤེས་རྒྱུར་དཀའ་ཁག་ཆེ་བར་མ་ཟད།  ཞིབ་ཏུ་བསམ་ཚེ་ལོ་ལྔ་དྲུག་གོང་གི་རང་ཉིད་ཀྱི་བྱུང་བ་ཕལ་ཆེར་ཡང་བརྗེད་ཟིན་པ་ལྟ་བུའི་ཚོད་དུ་འདུག་པས་རྩོམ་འདིར་གཟིགས་ཀློག་པ་གཞན་ལྟ་ཅི་རང་གཅིག་པུ་ཡང་ཡིད་ཚིམ་པ་ཞིག་འོང་དཀའ་བར་དྭོགས་ཀྱང་ད་ནི་ཤེས་ཚོད་ཙམ་ཞིག་ཡིག་ཐོག་ཏུ་མ་བཀོད་ན་རྗེས་སོར་དེ་ལས་ཀྱང་བརྗེད་པར་འགྱུར་བས་ཅི་དྲན་གང་ཤེས་ཤིག་གོ་དཀའི་སྙན་ངག་མངོན་བརྗོད་ཀྱི་སྡེབ་སྦྱོར་དང་། རྒྱབ་བརྟེན་ཚིག་ཚོགས་མང་བའི་ལུང་འདྲེན།  དངོས་མིན་བླུན་པོ་བྲིད་པའི་འུད་བརྗོད་སོགས་ཀྱི་སྤྲོས་པ་མཐའ་དག་བསྐྱུངས་ཏེ་དངོས་དོན་མི་ཚེ་དཀྱུས་མའི་བྱུང་རབས་འབའ་ཞིག་གཙོ་གནད་དུ་བཟུང་སྟེ་འབྲི་བ་ལ་མངོན་པར་ཕྱོགས་སོ།།

 

༧ བདེན་དོན་མངོན་སུམ་ཕུ་ཡིས་མི་འདེད་ཅིང་།།

མི་འཐད་གཡག་སྣ་ཁུ་ཚུར་ཀྱིས་མི་འབིགས།།

ནམ་ཡང་གནས་ལུགས་ཁོ་ནར་ཡིད་སྨོན་པ།།

མུ་པའི་བཙུན་ཆུང་ལྷན་སྐྱེས་རང་གཤིས་ལགས།།

 

ཞེས་ཀྱང་སྐབས་དོན་ཚིགས་སུ་བཅད་པའི་ལམ་ནས་དྲངས་པའོ།།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.