ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
མི་ཚེའི་བྱུང་རབས་རྣལ་མ།  ༼ཁག་གཉིས་པ།༽
[ 2013/1/11 10:11:00 | By: ཁྱུང་གསེར་ཞུན། ]
 

༧ དང་པོ་གང་དུ་སྐྱེ་བ་བླང་འི་ཡུལ།།

 

དང་པོ་གང་དུ་སྐྱེ་བའི་ཡུལ་ལམ་ས་ནི་མདོ་དབུས་མཐོ་སྒང་བོན་༼བོད་ཅེས་པའི་དོན་ལ་བཞེད་ཕྱོགས་འདྲ་མིན་འགའ་ཡོད་ཀྱང་སྔ་མོ་འདིར་བོན་བསྟན་ཁོ་ན་དར་བའི་རྒྱུ་མཚན་གྱིས་གྲུབ་མཐའི་མིང་ཡུལ་ལ་ཐོགས་པ་འདོད་དེ་བོནད་ཀྱི་ད་དྲག་རྗེས་འཇུག་ཏུ་སོང་བས་ད་གཟོད་བོད་ཅེས་གྲུབ་པར་བཞེད་པ་ཉིད་འཐད་ཕྱོགས་སུ་བཟུང་ངོ་།༽ནམ་བོད་ཅེས་གྲགས་པའི་ཐ་གྲུ་འདི་ལ་སྤྱི་ཡི་ས་ཚིགས་དབྱེ་ཚུལ་ལས་ཆོལ་ཁ་གསུམ་གྱི་ཁོངས་སུ་བྱས་ན་མདོ་སྟོད་མི་ཡི་ཆོལ་ཁ་དང་།  སྟོད་སྨད་བར་གསུམ་གྱི་དབང་དུ་བྱས་ན་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ལྷོ་ཕྱོགས་ནས་རྒྱལ་མོ་དངུལ་ཆུ་དང་བྱང་ཕྱོགས་ནས་རྫ་ཆུ་གཉིས་རྒྱུ་བའི་བར་དེར་རྔུལ་རྫ་ཟལ་མོ་སྒང་ཞེས་གྲགས་པའི་ཡུལ།  དེ་ལ་ཡང་བོན་མི་འགྱུར་བའི་བཀའ་རྟགས་སྦས་པའི་གངས་རི་ཆེ་བདུན་༼ གངས་དཀར་ཏི་སེ། སྤུ་རྒྱལ་གངས་རི། ཡར་ལྷ་ཤམ་པོ། རྡོ་ཐི་གངས་དཀར། ཁ་བ་གླང་རི། རྨ་རྒྱལ་སྤོམ་ར། རུ་དམ་ཟིལ་ཁྲོམ།༽གྱི་ཡ་གྱལ།  བོད་དང་བོད་ཆེན་གཉིས་ཀྱི་རུ་མཚམས།  ལྷོ་བྱང་མི་འགྱུར་བའི་གཟེར་ཆེན།      གནས་མཆོག་སྤུ་རྒྱལ་གཡུང་དྲུང་ལྷ་རྩེའི༼མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༦༣༢༨ཙམ་ཡོད།ལྷོ་ངོས། 

                 གནོད་སྦྱིན་ཕྱོགས་ནས་མཇལ་བའི་སྤུ་རྒྱལ་གངས་བཟང་།

སྔོན་རྒྱ་བོད་ཚོང་འགྲུལ་བརྒྱུད་སའི་གྲགས་ཅན་གྱི་ལ་ཆེན་ཤར་ངོས་ནས་རྨ་ལ་བཞི་དང་ནུབ་ངོས་སྐེ་ལ་དང་གེ་ལའི་བར་མཚམས།  དེང་ཆར་ནུབ་ནས་ཤར་དུ་འཕྲེད་བཅད་བྱས་པའི་ཁྲོན་བོད་གཞུང་ལམ་ཆེན་མོ་སྟེ།  རྒྱལ་ཁབ་རིམ་པའི་གཞུང་ལམ་ཨང་༼༣༡༧༽བརྒྱུད་ཁུལ་དང་མཐོ་ཚད་མཚོ་ངོས་ལས་སྤྱི་ཁྲེ་༼༥༠༠༠༽ཙམ་འཕགས་པའི་ལ་ཆེན་གཤེར་ལའི་ནུབ་ཕྱོགས།  རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་བྱས་ན་སྤྱི་ཁྲེ་༼༤༢༠༠༽ཙམ་ཡོད་ལ་དེང་གི་སྟེང་ཆེན་རྫོང་གི་ནུབ་ཕྱོགས་ལེ་དབར་༼༨༨༽ཀྱི་མཚམས་སུ་༼ས་ཡི་གོ་ལའི་གཞུང་ཐིག་ཏུད་ ༣༡་༣༩དང་འཕྲད་ཐིག་ཏུད་ ༩༤་༤༦ཙམ།༽ཁོར་ཡུག་ཡུལ་ལྗོངས་ཀྱི་བཀོད་པ་ནི། བརྗིད་རྔམ་ལྡན་པའི་རི་བོ་དང་རི་ཕྲན།  ཁ་གཏིང་ཟབ་པའི་མཚོ་ཆེན་དང་མཚེའུ།  ཤག་ཤག་བྱོ་བའི་ཆུ་བོ་དང་ཆུ་ཕྲན། ལོ་འབྲས་འབྱམས་པའི་ཤིང་རིགས་དང་རྩི་ཐོག    རིན་ཐང་བྲལ་བའི་སྨན་རིགས་དང་གཏེར་ཁ།  ངོ་མཚར་ཆེ་བའི་བྱ་གཅན་དང་རི་གཡུང་།  སྤྱོད་སྒོ་མང་བའི་ཞིང་འབྲོག་དང་ཞོར་ལས།  ཕུན་སུམ་ཚོགས་པའི་ཆོས་ལུགས་དང་རིག་གནས་སོགས་ཀྱིས་མངོན་པར་ཕྱུག་ཅིང་སྔོན་ཞང་ཞུང་སྒོ་ཕུགས་བར་གསུམ་ལས་སྒོ་པའི་ཡུལ་དང་།  ཁྱུང་པོ་དཀར་ནག་སེར་གསུམ་ལས་ཁྱུང་སེར་གྱི་ཕྱོགས་གཏོགས།  ཚོ་བ་སོ་དགུའི་སྐབས་སུ་དམར་རུ་ཚོ་བ། བཀའ་ཤག་སྲིད་གཞུང་སྐབས་སུ་ལྷོ་ནེམ་ཁྲི་རྡོ་རྫོང་གི་ལྷོ་པ་ཤོག་དྲུག་གམ་ཤོག་བདུན་ལས་དམར་རུ་དཔོན་གྱི་ཁོངས་གཏོགས།  དེང་ཆར་སྟེང་ཆེན་རྫོང་དཔའ་བརྡ་ཤང་གི་ས་ཆ། 

                                                    མིས་སྨོན་རང་སྐྱིད་དཔའ་བརྡའི་མཛེས་ལྗོངས།

 

མིང་དུ་ས་སྐྱིད་པོ་དཔའ་བརྡ་༼འདི་ལ་འབྲི་ཚུལ་གཞན་དུ་སྤ་ཟླ་བྲིས་པ་ཡོད་ཅིང་དེའི་དོན་དཔྱད་གཞིར་བཞག་ཅིང་དཔའ་བརྡའི་དོན་ནི་སྒྲ་བླའི་དཔའ་མཁར་བསྟོད་སའི་ཆ་ནས་དཔའ་དང་མཁའ་འགྲོའི་བརྡ་ཡིག་གསལ་བའི་ཆ་ནས་བརྡ་རུ་འབྲི་བ་ཡིན།༽ལུང་པའམ་ཡོངས་གྲགས་སུ་དཔའ་བརྡར་འབོད་པའི་ནུབ་ཕྱོགས་གེ་བ་༼གེ་བ་ཞེས་པའི་ཟུར་གྱི་གེ་ཡི་དོན་འདི་ཡིན་གྱི་གསལ་བཤད་བྱས་པ་ད་ཕན་མ་མཇལ་མོད་གཅིག་བྱས་ན་འདོད་རྒྱལ་ཙམ་ཡིན་ཀྱང་སྲིད།  གཞན་དུ་གནའ་བོའི་ཞང་བོད་ཚིག་མཛོད་ལས། གེ་ནི་ཞང་སྐད་དུ་གྱེན་ལ་འཇུག་པར་བཤད་ཅིང་། དེ་ལྟར་ན་ས་ཆ་འདི་དཔའ་བརྡ་སུམ་མདོ་ནས་ལེའུ་མཁར་ལ་ཞེས་གྱེན་ནམ་ལ་ཆུང་ཞིག་གི་ཡར་ནང་དུ་ཡོད་པས་རྒྱུ་མཚན་དེའི་དབང་གིས་བཏགས་པར་སྙམ། ཡང་གེ་སར་རྒྱལ་པོ་དང་འབྲེལ་བའི་གཏམ་རྒྱུད་བོད་ཡུལ་གང་སར་ཁྱབ་པ་བཞིན་ཡུལ་མིའི་བཤད་སྲོལ་ལ་ཡུལ་འདིར་རྡོ་ངོས་སུ་རྟ་དང་འབྲོང་གི་རྐང་རྗེས་གཉིས་ཙམ་ཡོད་འདུག་པ་འདི་ཡང་སྔོན་གེ་སར་རྒྱལ་པོས་བདུད་ཀླུ་བཙན་བཏུལ་སྐབས་ཀླུ་བཙན་འབྲོང་ལ་བརྫུས་ཏེ་བྲོས་པས་གེ་སར་གྱིས་རྗེས་འདེད་བྱས་དུས་རྟ་རྐྱང་རྒོད་དང་འབྲོང་གི་རྗེས་དེ་གཉིས་བྱུང་བར་གྲགས། སྤྱིར་ན་མཁས་པ་འགས་གེ་སར་ནི་ས་ཆ་འགར་གེ་ཁོད་སྐྱབས་སུ་འབོད་པར་འདོད་ལ་དེའི་ཚིག་ཟུར་གྱི་གེ་ནི་ཞང་སྐད་དུ་བདུད་ལ་འཇུག་པ་སྟེ།   ཡི་དམ་གེ་ཁོད་ལ་བདུད་འདུལ་གེ་ཁོད་ཟེར་བ་དང་། བདུད་ཀྱི་གཟེར་བུ་ལས། ཞང་ཞུང་སྨར་གྱི་སྐད་དུ་ན། །གེ་རྒྱ་གེ་ཏ་གྲན་ལ་ཐིས། །ཞེས་སོགས་ཀྱིས་ངེས་ཤིང་དེ་དང་འབྲེལ་བ་ཡོད་མེད་དང་།  ཡང་ན་ཡུལ་འདིའི་བྱེ་བྲག་ཏུ་གེ་ཆེན་དང་གེ་ཆུང་ཞེས་པའི་ལུང་པ་གཉིས་ཡོད་པས་དེའི་བྱེ་བྲག་གི་མིང་ཡུལ་སྤྱི་ལ་ཐོགས་པ་ཡིན་མིན་སོགས་ནི་དཔྱད་གཞིར་སྣང་ངོ་།༽གྲོང་ཚོའི་ས་ཡི་ཐིག་ལེ་སྟེ་གེ་རིང་ཁ་ཞེས་གྲགས་པ། 

                                             དང་པོའི་ལྟེ་ཁྲག་འཐོར་ས་གེ་རིང་ཁ།   

རྒྱབ་རི་རྨོག་ཆེན་ཞེས་པའི་རི་བོ་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ་དང་མདུན་རི་ཐོ་ལོའི་རི་རྒྱུད་ཡིད་བཞིན་ནོར་བུ་སྤུངས་འདྲ།  གཡས་གཡོན་གཉིས་ནས་གེ་ཆུང་དང་གེ་ཆེན་ཆུ་གཉིས་མདུན་ཕྱོགས་གེ་ཆུ་དང་གཡུ་འབྲུག་མ་བུ་འདྲེས་པ།  མདུན་ས་རྩྭ་ཐང་མཎྚལ་བདལ་བ་ལྟ་བུའི་ས་དཔྱད་ཕུན་སུམ་ཚོགས་ཤིང་སྔ་མོའི་དུས་ནས་ལུགས་གཉིས་དཔལ་གྱིས་མི་དམན་པའི་གྲོང་དང་མི་ཁྱིམ་དུ་མ་བསྟི་བའི་གནས་དེ་ཡིན་པར་རྒན་རབས་ཀྱི་ངག་ལས་ཐོས་སོ།།

༧ ཕྱི་སྣོད་འབྱུང་ལྔའི་མཐུན་སྦྱོར་བཀོད་པ་ལེགས།།

ནང་བཅུད་ཤེས་དཔལ་ཟུང་གི་འཕེལ་ཁ་མཐོ།།

ངོ་མཚར་སྨན་ལྗོངས་དཔའ་བརྡ་ཞེས་གྲགས་པའི།།

མཚན་སྙན་ཕྱོགས་ཀྱི་གོ་ལར་ལྡིར་བ་བཞིན།།

 

༧ ཟབ་རྒྱས་རིག་པའི་གཞུང་ལུགས་ལྟ་ཅི་སྨོས།།

མི་འམ་ཡུལ་གྱི་མིང་གི་ཟུར་ཙམ་ཡང་།།

གནའ་བོའི་ཞང་བོད་ཤེས་རིག་དང་འབྲེལ་བའི།།

གསང་བ་ལྐོག་གྱུར་འདི་ཀོ་ཨེ་མ་མཚར།།

         ཞེས་བར་སྐབས་ངལ་གསོའི་ཚིགས་སུ་བཅད་པའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.