ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཞིང་གཡག་པ་རྨ་བྱར་སྒྱུར་བ།
[ 2012/4/25 15:14:00 | By: ཁྱུང་གསེར་ཞུན། ]
 

༄༅།།  ཞིང་གཡག་པ་མ་རྨ་བྱར་སྒྱུར་བའི་གཏམ་རྒྱུད་མེས་པོའི་ཞལ་ལུང་།

བསྟན་རྣམ།

ང་ཚོ་ཁ་བ་རི་པའི་མེས་པོ་གོང་མ་རྣམས་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་ཐུན་མིན་གྱི་རིག་གནས་དུ་མ་ཡོད་པ་ཡང་ཤེས་དཔལ་ལྡན་པའི་མི་རིགས་གཞན་པ་དང་མཚུངས་པ་སྨོས་མེད་ཐོག   དེ་བཞིན་ཤེས་རིག་སློབ་གསོའི་ཐད་ལ་ཡང་གོ་སླ་བའི་གཏམ་རྒྱུད་སོགས་ལ་བརྟེན་ནས་ལོ་ཆུང་བྱིས་པ་ཚོ་ཤེས་ཡོན་སློབ་ལ་བསྐུལ་བའི་ཐབས་མཁས་ཀྱི་སྒྱུ་རྩལ་རིན་ཐང་ཅན་ཡང་གང་མང་མང་ཞིག་ཡོད་པ་ལས།  ཞིང་གཡག་པ་མ་རྨ་བྱར་སྒྱུར་བའི་གཏམ་རྒྱུད་ཅིག་ཡོད་པ་འདིར་ངོ་སྤྲོད་ཞུ་བར་མོས།   

༧ དེ་ཡང་གནའ་སྔ་མོའི་དུས་སུ་ཕུ་ལ་རྟ་ནོར་ར་ལུག་དང་མདོ་ལ་ས་ཞིང་རྒྱ་ཆེ་བའི་ས་མ་འབྲོག་གི་ཡུལ་ཞིག་ན་ཁྱིམ་དུ་བཟའ་མི་རྒན་རྒོན་གཉིས་ལས་མེད་པའི་དུད་ཚང་ཆུང་ངུ་ཞིག་ཡོད།  དེ་གཉིས་ལ་རྩ་བའི་འཚོ་རྟེན་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་ཕལ་ཆེར་སྐྱེ་ཐུབ་པའི་ཞིང་གཡག་པ་མ་ཞེས་པ་ཕྱི་དབྱིབས་ཡུ་བ་མེད་པའི་གཡག་པ་དང་འདྲ་པོ་ཞིག་ཡོད་པར་གདའ།   ཞིང་དེའི་གཡས་ངོས་ཅུང་མཐོ་བའི་ས་རུ་ཆུ་འགོ་རྟ་མིག་མ་ཞེས་པའི་ཆུ་འགོ་རྟ་ཡི་མིག་དང་མཚུངས་པ་ཞིག་ཡོད་པ་དེ་ལས་རྒན་རྒོན་གཉིས་ཀྱིས་དབྱར་དུས་ཆར་པ་དཀོན་པའི་དུས་སུ་ཆུ་འགོ་དེ་ལས་ཞིང་གཡག་པ་མ་རུ་ཆུ་འཁྲིད་ཀྱི་ཡོད།   ཡང་ཆུ་འགོ་དེའི་མཐོ་སར་གནས་བཅས་པའི་རི་དྭགས་གླ་བ་མ་བུ་གསུམ་ཡོད་པ་དེ་རྣམས་སྐབས་སྐབས་སུ་ཆུ་འགོ་དེ་རུ་ཆུ་འཐུང་བར་འགྲོ་སྲོལ་མཆིས།  ཞིང་དེའི་གཡོན་ཕྱོགས་ས་ཐག་ཅུང་རིང་བའི་ནགས་གསེབ་ཏུ་ཡང་ཤ་བ་མ་བུ་ལྔ་ཡོད་ལ་དེ་དག་ཀྱང་མཚན་མོར་ཞིང་རྟ་མིག་མའི་ནང་དུ་ལོ་ཏོག་བཟའ་བར་བསྐྱོད།  ཡང་རྒན་རྒོན་གཉིས་ཀྱི་ཁྱིམ་མཚེས་རྔོན་པའི་དུད་ཚང་ཞིག་ཡོད་པ་དེའི་རྔོན་པ་རྣམས་རྒན་རྒོན་གཉིས་ཞིང་ལས་སྐབས་ཁེལ་དུས་ཁོ་ཚོ་ཡང་ཞིང་ཁ་དེར་ཡོང་ནས་ཉིན་གུང་ཟ་མ་མཉམ་པོར་ཟ་ཞིང་ད་ལོའི་ཞིང་ཁའི་སྐྱེ་འཚར་བཟང་ཞན་དང་རྔོན་པས་རི་དྭགས་ཇི་ཙམ་སོད་མིན་སྐོར་གྱི་གླེང་མོལ་སོགས་ཀྱང་བྱེད།  ཡིན་ནའང་སྐྱེ་བའི་མཐའ་མ་འཆི་ལ།  འདུས་པའི་ཐ་མ་འབྲལ་ཞེས་པའི་མི་རྟག་པའི་གཤིས་ལུགས་ལྟར་དེ་སྔོན་བཟའ་མི་རྒན་རྒོན་གཉིས་ཧ་ཅང་གི་དབྱོར་ཕྱུག་ཅན་ཞིག་མ་ཡིན་ནའང་ཕན་ཚུན་གཅིག་གིས་གཅིག་ལ་བརྩེ་དུང་དང་ནང་ཁ་མཐུན་པོ་སོགས་ཕྱོགས་ཀུན་ནས་ཡུལ་མི་རྣམས་ཀྱིས་བསྟོད་བསྔགས་བྱེད་པའི་ཡུལ་ཞིག་ཡིན་མོད།   ཉིན་ཞིག་ལ་ཁོང་གཉིས་ཆུང་ཆུང་གི་རྐྱེན་ཞིག་ལ་བརྟེན་ནས་ཡུལ་མི་བློ་དཀར་བསམ་བཟང་ཅན་རྣམས་ཀྱིས་ཁ་ཏ་སློབ་གསོ་ཅི་རིགས་བྱས་ཀྱང་མ་ཕན་པར་མཐའ་འབྲས་ཚེ་མཇུག་ཁྱིམ་ཚང་གཅིག་ཏུ་སྐྱེལ་ཐབས་མེད་པའི་གནས་སུ་གྱར།   དེས་ན་ཐུན་མོང་གི་འཚོ་རྟེན་ཞིང་གཡག་པ་མ་ཡང་སོ་སོར་གང་ཐོབ་ཀྱི་བགོ་དགོས་པའི་གྲོས་ཐག་ཆོད་དེ་ཞིང་བགོས་པས་ཞིང་གི་གཡས་ངོས་རྒན་པོ་དང་གཡོན་ངོས་རྒན་མོ་ལ་བབ།  རྒན་པོས་རང་ལ་ཐོབ་སྐལ་གྱི་ཞིང་རྨོ་སྐབས་ཁལ་ངོ་ལེན་མཁན་གྱི་རོགས་མེད་སྟབས་རྨོ་ཁལ་མ་ཐུབ་ཏེ་ཞིང་མུའི་ཕྱི་རུ་ཡར་ཤོར་མར་ཤོར་ཐེངས་མང་བྱུང་།  རྒན་མོས་ཞིང་འདེབས་སྐབས་རྨོ་མི་ཤེས་པས་འཇོར་གྱིས་རིམ་པས་བརྐོ་བ་ལས་ཐབས་གཞན་མ་རྙེད་དོ།། 

འོ་ན་ཡང་སྙིང་གཏམ་རྒྱུད་དེས་དོན་ཅི་ཞིག་མཚོན་སྙམ་ན་འདི་ལྟར་ལགས་ཏེ།  གཏམ་རྒྱུད་དེ་ལ་བརྟེན་ནས་རྨ་བྱའི་གཟུགས་ཤིག་འབྲི་བའི་ཐབས་ལམ་སྟོན་པ་ཡིན་ལ་དེ་ཡང་གང་སློབ་མཁན་གྱིས་གཏམ་རྒྱུད་དེ་ཁ་ནས་བཤད་རིམ་བཞིན་བྱིས་པ་ཚོ་ལ་རྨ་བྱ་འབྲི་རུ་བཅུག་པ་སྟེ།  གོང་གི་ཞིང་གཡག་པ་མ་ནི་རྨ་བྱའི་ལུས་ཕུང་དང་།  ཆུ་འགོ་རྟ་མིག་མ་ནི་རྨ་བྱའི་མགོ   གླ་བ་མ་བུ་གསུམ་ནི་གཙུག་ཕུད།  ཤ་བ་མ་བུ་ལྔ་ནི་རྔ་མ།   ཁྱིམ་མཚེས་ཀྱི་རྔོན་པ་ནི་སྒྲོ།   ཞིང་བགོས་པ་ནི་ལུས་ཀྱི་སྟོད་སྨད་ཀྱི་ཆ།  ཞིང་རྨོ་བ་དང་རྐོ་བ་ནི་ལུས་སྟོད་སྨད་དང་མཚུངས་པའི་སྤུ་རིས།   ཁལ་ཤོར་བ་ནི་རྐང་པ།  ཞིང་དུ་ཆུ་འཁྲིད་པ་དང་།  གླ་བས་ཆུ་འཐུང་བ་སོགས་ནི་རྨ་བྱའི་མགོ་དང་། རྔ་མ།  གཙུག་ཕུད།  གཤོག་སྒྲོ།  རྐང་པ་བཅས་ལུས་དང་སྦྲེལ་ཚུལ་ཏེ།   དེ་ལྟར་གཏམ་རྒྱུད་བཤད་རིམ་དང་མཉམ་དུ་རི་མོ་བྲིས་ན་གཏམ་རྒྱུད་བཤད་ཟིན་པ་དང་རྨ་བྱའི་གཟུགས་རིས་ཀྱང་ཐོན་པ་དུས་མཉམ་དུ་གྲུབ་པ་ཡིན་ནོ།།  

༧ དེ་ལྟར་གྱི་རིག་གནས་འདི་ནི་སུས་ཀྱང་གོ་སླ་བའི་གཏམ་རྒྱུད་ཐུང་ངུ་ཞིག་སྤྱད་དེ་མཛེས་སྡུག་ལྡན་པའི་རྨ་བྱ་ཞིག་གི་གཟུགས་རིས་ཡོངས་རྫོགས་བཀོད་འབྲི་ཐུབ་པ་མ་ཟད་གཞན་བྱིས་པ་ཆུང་ངུའི་དུས་ནས་སྔོན་བྱུང་གི་ལོ་རྒྱུས་དང་།  ཁོར་ཡུག་གི་བཀོད་པ།  སྤྱི་ཚོགས་ཀྱི་འཚོ་གནས་སོགས་ལ་གོ་བ་ལེན་སྟངས་ཀྱང་རིམ་པས་ཤེས་ཐུབ་པའི་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་པ་བཅས་ན་ཆུང་བྱིས་པའི་བློ་སྒོ་འབྱེད་བྱེད་རིག་འཕྲུལ་གསེར་གྱི་ལྡེའུ་མིག་ཅིག་ཀྱང་ཡིན་ནོ།། 

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.