“སྟོང་ར་”དང་“གཏུམ་མོ་”ཞེས་པའི་གོ་དོན་ལ་ཐོག་མའི་དཔྱད་པ་གསར་བུའི་བློ་སྒོ་འབྱེད་པའི་ལྡེ་མིག།
༧སྤྱིར་རིག་པའི་གཞུང་ལུགས་གང་དང་གང་ལ་ཡང་གོ་བ་མཐར་ཕྱིན་པ་ཞིག་ལོན་དགོས་ན་གཞུང་དེའི་ནང་འཁོད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཐ་སྙད་རིགས་རྣམས་སོ་སོར་དབྱེ་ཐུབ་དགོས་པ་མ་ཟད། དེའི་ཐོག་གཞུང་དེའི་ཐུན་མིན་གྱི་ཐ་སྙད་རྣམས་ཀྱི་གོ་དོན་གཏིང་ཚུགས་པ་ཤེས་མིན་གྱི་རྗེས་སུ་འགྲོ་ལྡོག་བྱེད་ཅིང་གཞུང་དེ་ལ་མཁས་དང་མི་མཁས་ཀྱི་སྡོམ་ཚིག་ཀྱང་དེའི་ཐོག་ནས་འཇོག་ཐུབ་པ་ཡིན། འདིའི་ཐུན་མིན་གྱི་ཐ་སྙད་ཅེས་པ་ཡང་གཞུང་དེ་ལས་གཞན་དུ་ཐ་སྙད་དེ་རིགས་མེད་པའམ་ཡོད་ཀྱང་དོན་གྱི་གོ་བ་དམིགས་བསལ་བ་ཡོད་པའི་རིགས་ཏེ། ལུང་ལས། སྒྲ་ལ་མཐུན་ཡང་དོན་མི་མཐུན། །སྒྲ་མཐུན་དོན་སྤགས་ཁྱད་པར་ཆེ། །ཞེས་དང་། སྤྱིར་བཏང་བ་དང་དམིགས་སུ་བཀར། །བསྟན་བཅོས་ཀུན་ལ་གཅེས་པ་ཡིན། །ཞེས་དང་། རྗེ་རིན་པོ་ཆེས། དེས་ན་མཁས་པར་རློམ་པ་ཕལ་ཆེར་ནི་རྗེ་སུ་འགྲོ་ལྡོག་གི་ཁྱད་པར་མི་ཤེས་པར། གྲུབ་མཐའ་ལ་རྩོད་པར་བྱེད་ཅེས་ལུང་སྟོང་ཀུ་ཅོས་གང་བ་ངོ་མཚར་ཆེའོ། འོན་ཀྱང་རྨོངས་པའི་དགའ་བ་བསྐྱེད་པ་ལ་ཕན་པར་མཐོང་། ཁྱད་པར་དུ་རིགས་སྤྱི་དང་ཚོགས་སྤྱིའི་ཤན་མ་ཕྱེད་ན། ཟབ་མོའི་ལུང་དོན་ལ་ནོར་ས་ཆེན་པོ་ཡོད་པས་ལེགས་པར་སོམས་ཤིག ཅེས་གསུངས་པ་ལྟར་རོ། རྒྱུ་མཚན་དེ་དག་ལ་བརྟེན་འདིར་བཤད་པར་བྱ་བ་ཡང་ཐུན་མིན་སྔགས་ཀྱི་རྒྱུད་སྡེ་ལས་བྱུང་བའི་རིམ་པ་གཉིས་ལས་གཙོ་བོ་རྫོགས་རིམ་བསྒྲུབ་པའི་ཐབས་མཆོག་རྩ་རླུང་ཉམ་སལེན་སྐབས་སུ་བྱུང་བའི་ཐ་སྙད་སྟོང་ར་དང་གཏུམ་མོ་ཞེས་པའི་གོ་དོན་སྐོར་ཞིག་གླེང་བར་འདོད། དེ་ཡང་དཔྱད་གཞིའི་ལུང་འགོད་པ་དང་། ལུང་དོན་རིག་པས་འགྲེལ་ཚུལ་ལོ། དང་པོ་ནི། 《མ་རྒྱུད་》ལས། སེམས་ཀྱི་རྟོག་པས་རླུང་ཁྲིད་ལོག་པར་འཇུག །འཁྲུལ་བའི་རྩ་ལམ་རྒྱུ་བ་དགག་པའི་ཕྱིར། །དང་པོའི་དུས་སུ་སྤྲུལ་སྐུའི་ཏིང་ངེ་འཛིན། །འདེག་བྱེད་སྒྲོལ་མ་ཐབས་ཀྱི་ཁ་ཊཾ་ཅན། །སྐུ་རུ་བསྒོམ་པས་སྲུང་བའི་མཆོག་ཏུ་འགྱུར། །ལས་སུ་རུང་ནས་རྫོགས་སྐུའི་ཏིང་ངེ་འཛིན། །ཨ་དམར་མེ་རྒྱུན་ཐིག་ལེ་ཙཎྜ་ལི། །བྱིང་རྒོད་འཕྲོས་དང་ཚ་གྲང་གནད་ལ་བསྟུན། །རང་སེམས་ཐབས་དང་ཤེས་རབ་གང་འདོད་འབྱུང་། །ཡེ་ཤེས་རྙེད་ནས་བོན་སྐུའི་ཏིང་ངེ་འཛིན། །བདེ་གསལ་སྟོང་ཉིད་མཁའ་ལྟར་དག་པའི་དོན། །རྣམ་གྲོལ་ཟབ་མོའི་ལམ་ལ་བགྲོད་པར་བྱ། །འོད་གསལ་སྟོང་པའི་གཏུམ་མོས་བདེ་ཆེན་ཟིན། །ཞེས་དང་། 《ཐབས་ལམ་འགྲེལ་》ལས། །གང་ཟག་གི་ཕུང་པོའི་འཁམས་དང་འབྱུང་བ་མི་གཅིག་པས། ནད་དང་གགས་དང་སྐྱོན་བྱུང་ན་བཅོས་དགོས་པ་ཡིན་པས། དེ་ལ་ཡང་བསྡུ་ན་གསུམ་སྟེ། ཞེས་པ་ནས། སྟོང་ར་ནི་དེ་རྗེས་སྟོང་པ་ཉིད་གར་མི་བདེ་སར་བསྒོམ་པའོ། ཞེས་དང་། 《སྐུ་གསུམ་རང་ཤར་གྱི་གཏུམ་མོའི་ཉམས་ལེན་》ལས། དང་པོ་ལ་སྟོང་ར་བསྒོམ་པ། རྩ་ལམ་སྦྱང་བའོ། དང་པོ་ལ་གསུམ་ལས་དང་པོ་ལོངས་སྐུའི་སྟོང་ར་ལྷ་བསྒོམ་པ། ཞེས་དང་། གཉིས་པ་སྤྲུལ་སྐུའི་སྟོང་ར་རྩ་བསྐྱེད་པ། ཞེས་དང་། གསུམ་པ་བོན་སྐུའི་སྟོང་ར་ཐིག་ལེ་བསྒོམ་པའོ། ཞེས་སོགས་དང་། 《གསང་བ་སྔགས་ཀྱི་རྣམ་བཤད་བཀའ་འགྲེལ་གསལ་བྱེད་》ལས། དེ་ལྟར་ལུས་ཀྱི་གནད་དང་། རྩ་ཡི་གནད་གཉིས་ཀྱི་སྟངས་ར་གྲུབ་ནས་རླུང་གི་སྦྱོར་བ་སྦྱོང་བ་ལ། ཞེས་དང་། 《གནའ་བོའི་ཞང་བོད་ཚིག་མཛོད་》ལས། སྟངས་ར་རྣམ་གསུམ། བོན་སྐུའི་སྟངས་ར། རྫོགས་སྐུའི་སྟངས་ར། སྤྲུལ་སྐུའི་སྟངས་ར་བཅས་སོ། ཞེས་དང་། 《ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད་》ལས། དྲོད་གཏུམ་མོ། ཞེས་དང་། ཞང་ཞུང་སྐད་དུ་རྔུམ་མོ།༼གཏུམ་མོ༽ རྒྱ་གར་སྐད་དུ་ཙན་འད་༼ཙཎྜ་༽ལི། བལ་པོའི་སྐད་དུ་འེབ་ཏེ། རྒྱ་ནག་སྐད་དུ་གོ་གད། བོད་སྐད་དུ་དྲོད། ཅེས་གསུངས། གཞན་འདི་ལས་ཞལ་གསལ་བ་ཡོད་མེད་གང་ལྟར་ཡང་ཁོ་བོས་མཇལ་ཚོད་འགའ་ཞིག་བཀོད་པའོ། །གཉིས་པ་ནི། ཚེ་གཅིག་ལ་དམན་པའི་ས་བཟུང་ཧྲུལ་པོའི་གོས་གྱོན་ཏེ་མི་ལུས་ཐོས་བསམ་གྱིས་འཚོ་བའི་གྲོགས་མཚུངས་པར་སྤྱོད་པ་དང་། ལུང་རྟོགས་ནོར་བུའི་མཛོད་ལ་དབང་བསྒྱུར་བའི་མཁན་སློབ་འགའ་ཞིག་ལ་འདིའི་སྐོར་དྭོགས་འདྲི་ཞུས་པའི་བཀའ་ལན་གནང་དོན་དུ། འགའ་ཞིག་གིས་འདིའི་སྟོང་ར་ཞེས་པའི་དོན་རྩ་རླུང་སྔོན་འགྲོའི་སྐབས་ཀྱི་སྒོམ་རིམ་གང་ལ་ཡང་སྟོང་པའི་ར་བར་བཙུད་པ་སྟེ། གཞི་ཡི་གནས་ལུགས་རྟོགས་པའི་རང་རིག་ཡེ་ཤེས་ཀྱིས་དགོས་པ་དེ་ལ་ངོས་འཛིན་མཛད་པ་དང་། ཡང་ལ་ལས། སྟངས་ར་སྟེ། ནམ་རྒྱུན་ཁ་སྟངས་ལག་སྟངས་བྱེད་ཟེར་བས་མཚོན་གཞན་གྱི་ལད་མོའམ་སྟངས་ཀ་བྱེད་ཚུལ་ལ་གོ་བའོ། ཞེས་དང་། རེ་འགས་རྩ་བའི་གོ་བ་དེ་ལྟ་བུའི་ཐོག་སྤྱིར་དག་ཡིག་ཁག་ཏུ་ལད་མོའི་སྟངས་ར་ལ་འབྲི་ཚུལ་༼སྟངས་ར་༽འདི་བཞིན་དང་འདིར་༼སྟོང་ར་༽འདི་ལྟར་འབྲི་བ་ལུང་ཁུངས་མ་རྣམས་སུ་གསལ་ཡང་གཞུང་ཆེན་མོའི་དགོངས་པ་འགྲེལ་སྐབས་རྒྱ་ཆེ་བའི་འགྲོ་སྟངས་ཐོག་ནས་དཔྱོད་པ་ལས་མིང་གཞི་ཙམ་ལ་བརྟག་མི་བཟོད་པའི་ཚུལ་སོགས་གསུངས། ཡང་རེ་འགས་གོང་བཤད་དེ་དག་ལ་ཡིད་རྟོན་དཀའ་ཞིང་འདིའི་གོ་དོན་དམིགས་བསལ་བ་ཡོད་པ་འདྲ་ཡང་ད་ལན་འདི་ཞེས་ངེས་བརྟན་རྙེད་པ་ཞིག་ད་བར་མ་བྱུང་། ཞེས་གསུངས། དེ་ལྟར་གླིང་མི་རེའི་ཁ་ནས་གླུ་རེ་ཞེས་པའི་དཔེ་ལྟར་ལས་གཅིག་གྱུར་གྱི་ངོས་འཛིན་གསལ་ཁ་ཅན་ཞིག་མ་བྱུང་། ད་འོ་ན་ཁྱེད་རང་ཇི་ལྟར་འདོད་ཅེ་ན། བཤད་པར་བྱ་སྟེ། གོང་གསལ་བཞེད་པ་དེ་དག་ལ་སོ་སོའི་རྒྱབ་ལྗོངས་དང་དགོངས་གཞི་དགོས་པ་རེ་ཡོད་པ་སྨོས་མེད་ཅིང་། དེ་ལས་ལྷག་པའི་ཁོ་བོས་རང་སྟོབས་ཀྱིས་འདི་ཞེས་སུ་ཁ་ཚོད་གཅོད་དཀའ་མོད། གསུངས་ཚོད་ལ་ཟུར་ཙམ་དཔྱད་པ་ནི། བཞེད་ཚུལ་དང་པོ་ལྟར་ཡང་འཐད་དཀའ་སྟེ། གོང་གི་ལུང་སྟོང་ར་ནི་དེ་རྗེས་གར་མི་བདེ་སར་བསྒོམ་པའོ། ཞེས་སྐབས་འགར་སྟོང་ར་བསྒོམ་ཚུལ་རང་རིག་ཡེ་ཤེས་གསལ་གདབ་དགོས་པ་ཡོད་ཀྱང་། སྤྱིར་སྟོང་རའི་དོན་དེ་ལྟར་མ་ངེས་ཏེ་ཡོངས་གྲགས་སྟོང་ར་རྣམ་གསུམ་ཞེས་ལུས་དང་རྩ་རླུང་ཐིག་ལེ་སྐུ་གསུམ་དང་སྦྱར་ཏེ་བསྒོམ་ཚུལ་གོང་གི་སྐུ་གསུམ་རང་ཤར་གྱི་ལུང་གི་འཕྲོས་གཞི་མ་རྒྱུད་དུ་བྱུང་བ་མ་ཟད། དེ་ཡང་ཐབས་ལམ་སྒྲུབ་དུས་སྒོ་གསུམ་ལས་རུང་བསྒྲུབ་ཐབས་སུ་ལུས་སྐྱེད་བྱེད་རྩ་དང་། ངག་སྐྱེད་བྱེད་རླུང་། སེམས་སྐྱེད་བྱེད་ཐིག་ལེའི་སྐྱོན་གསུམ་སྦྱང་དགོས་ཤིང་དེའི་སྦྱངས་འབྲས་ཀྱང་སྐུ་གསུམ་སོགས་འབྱུང་རྒྱུ་ཡིན་ལ། གཞན་དུ་སྟོང་རའི་དོན་སྒོ་གསུམ་ལས་རུང་གི་མི་མཐུན་ཕྱོགས་དག་བྱེད་དེ། སྦྱོང་བྱེད་ལ་བཤད་པ་ཡང་གནད་གཅིག་སྟེ། 《སྡེ་སྣོད་མཛོད་》དུ་དབང་བཞིའི་སྦྱང་བྱ་དང་སྦྱོང་ཚུལ་སོགས་རྒྱུད་དོན་བཀྲལ་བ་ཡང་འདི་དང་འདྲའོ། མདོར་ན་སྟོང་རའི་དོན་གཏུམ་མོ་སྒྲུབ་པའི་མཐུན་རྐྱེན་རྩ་རླུང་ཐིག་ལེ་ལས་རུང་བསྒྲུབ་པའི་ཐབས་ཤེས་གཉིས་འཚོགས་ཀྱི་ཉམས་ལེན་ཞིག་ལ་འཇོག་པ་ལས། སྟོང་རའི་ངེས་ཚིག་དང་ཕྱོགས་འདྲ་བའི་གོ་བ་དེ་བཞིན་མི་འཐད་པའི་ཚུལ་གོང་བཤད་ལུང་རིགས་དེ་དག་གིས་གྲུབ་པར་སྙམ། འོན་ཀྱང་འདི་ལ་སྒྲ་བཤད་དང་འབྲེལ་བའི་གོ་བ་ཡོད་མེད་ད་དུང་བརྟག་གོ ༧ བཞེད་ཚུལ་གཉིས་པ་ཡང་ཁ་སྐད་དུ་མི་རྒོད་ཀྱིས་མི་ཡི་སྟངས་ར་བྱེད་ལྟ་བུས་མཚོན། གཞན་གྱི་ཚུལ་དང་འདྲ་བ་བྱེད་པ་ལ་སྟངས་རའམ་སྟངས་ཀ་བྱེད་ཟེར་བ་དང་སྒྲ་མཚུངས་གྱིས་རིགས་བསྒྲེས་པ་ལས་དོན་ལ་མཉམ་པར་དེ་ཙམ་མ་བཞག་པའི་གསུང་དུ་སྣང་བས་དཔྱད་བཟོད་དཀའ་བ་དང་། ༧ གསུམ་པ་ཡང་དེ་དང་ཕྱོགས་མཚུངས་ཤིང་ཞིབ་ཏུ་དཔྱད་ན། རང་གིས་རྟོགས་དཀའ་བའི་གནད་ཅིག་དང་ཚེ་དོན་དང་འབྲེལ་མིན་ཇི་ལྟར་ཡང་རང་གི་རྟོག་འཆར་ཞིག་ལ་བདེན་ཁ་བྱིན་པའི་ངང་ཚུལ་ལས་མ་འདས། ༧ ཚུལ་ཕྱི་མ་འདི་འདྲ་དེང་སྐབས་མང་པོ་འབྱུང་བཞིན་ཡོད་ཅིང་དེ་ལ་རྒྱུ་རྐྱེན་མང་ཡང་འདིར་བཤད་པའི་དགོས་པ་མ་མཐོང་། དེ་བཞིན་གཏུམ་མོ་དང་སྒྲ་མཚུངས་གཞུང་མང་པོར་གསལ་བ་དཔེར་ན། བོན་ཉིད་ཁྲོ་གཏུམ་འབར་བའི་གསས་མཁར། གཏུམ་གསས་མཁའ་འགྱིང་། ཁྲོ་གཏུམ་ནག་མོ། གཏུམ་ཆེན་དོམ་མགོ གཏུམ་པོ་རྗེ། གཏུམ་མ་ཆེན་མོ་ལྟ་བུ་ཚིག་གྲོགས་འདྲ་མིན་གྱིས་གོ་བ་ཐ་དད་ཡད་མོད། ཚིག་ཟུར་གཏུམ་གྱི་དོན་ནི་དྲག་པོའམ་ཚོམ་རྔམ་འཁྲོ་བའི་དོན་ཚུལ་ལ་གོ་བ་ཕལ་ཆེར་མཚུངས། འོན་ཏེ་འདིའི་གཏུམ་མོ་ནི་གོང་གསལ་《ཐུགས་ཀྱི་ཡང་གབ་ཉི་མའི་ལུང་》ལས་དྲོད་ལ་གོ་བར་གསུངས་ཤིང་། དེ་ཡང་སྤྱིར་གྱི་དྲོད་ཙམ་མ་ཡིན་པར་《རྩ་རླུང་གནད་ཀྱི་ཞལ་ཤེས་》ལས། གཏུམ་མོ་ནི་ཨ་ཐུང་མེ་ཡི་རང་བཞིན་ཏེ། འདི་ལ་བརྟེན་ནས་རླུང་སེམས་ཟུང་འཇུག་ཉམས་སུ་བླངས་པས་ཡེ་ཤེས་མེས་ལས་སྒྲིབ་ཐམས་ཅད་སྲེག་པར་བྱེད་པ་མེའི་ལས་ལྟ་བུའོ། ཞེས་དང་། 《མ་རྒྱུད་》ལས། བདེ་གསལ་སྟོང་ཉིད་མཁའ་ལྟར་དག་པའི་དོན། །རྣམ་གྲོལ་ཟབ་མོའི་ལམ་ལ་བགྲོད་པར་བྱ། །འོད་གསལ་སྟོང་པའི་གཏུམ་མོས་བདེ་ཆེན་ཟིན། །ཞེས་ཇི་ལྟར་གསུངས་པ་བཞིན་གོ་བར་བྱའོ། གཞན་ཡང་ཕལ་ཆེར་གྱིས་གཏུམ་མོ་ཞེས་པ་བོད་སྐད་རང་ཡིན་ཤག་བྱེད་པར་སྣང་མོད། དོན་དུ་《ཐུགས་ཀྱི་ཡང་གབ་ཉི་མའི་ལུང་》ལྟར་ཞང་སྐད་དུ་འདོད་ཅིང་། འདི་ལས་འཕྲོས་ཏེ་སྐད་རིགས་ཤན་སྦྱར་གྱི་ཐ་སྙད་འགའ་ཞིག་དགོས་པའི་དབང་གིས་འདིར་དྲངས་ན། 《རྒྱུད་དེ་ཉིད་》ལས། ཞང་ཞུང་སྐད་དུ་བྷ་དྷ། མེ་ཉག་སྐད་དུ་སྒ་བུ་ཤེ། བྲུ་ཤའི་སྐད་དུ་ཧ་ཧེ་ཨ། བོད་སྐད་དུ་སངས་རྒྱས། ཞང་ཞུང་སྐད་དུ་ཧོས། མེ་ཉག་སྐད་དུ་རོོག བྲུ་ཤའི་སྐད་དུ་རྒྱུང་མར། བོད་སྐད་དུ་བོན། ཞང་ཞུང་སྐད་དུ་ཨུ་པ་ཡ། མེ་ཉག་སྐད་དུ་རྣེ་ལྡེ་ཧྲངས། བྲུ་ཤའི་སྐད་དུ་ཟང་མ་ལྷང་། བོད་སྐད་དུ་གཤེན། ཞང་ཞུང་སྐད་དུ་ཐིས་སོ་རྒྱུང་། མེ་ཉག་སྐད་དུ་ཤེག བྲུ་ཤའི་སྐད་དུ་རྩ་དྲུང་། བོད་སྐད་དུ་དཔོན་གསས། ཞང་ཞུང་སྐད་དུ་ས་མ་ཡ། མེ་ཉག་སྐད་དུ་ན་མ་འགུ་ཏི། བྲུ་ཤའི་སྐད་དུ་མོར་མི་ལྗིགས། བོད་སྐད་དུ་ཡི་དམ། ཞང་ཞུང་སྐད་དུ་བ་ནེ་རྒྱུང་ཧྲངས། མེ་ཉག་སྐད་དུ་སལ་སལ་ཏིག བྲུ་ཤའི་སྐད་དུ་ཧ་བེ་མུ། བོད་སྐད་དུ་ལྷ་མོ། ཞང་ཞུང་སྐད་དུ་འདུས་པ། མེ་ཉག་སྐད་དུ་མུ་སྤུངས་ཤག བྲུ་ཤའི་སྐད་དུ་ལམ། བོད་སྐད་དུ་རྩ། ཞང་ཞུང་སྐད་དུ་ཉེ་ལོ་ཧོ། བྲུ་ཤའི་སྐད་དུ་སེ་ན་ཕྱོད། བོད་སྐད་དུ་དབུགས། ཞང་ཞུང་སྐད་དུ་རིག་པ། མེ་ཉག་སྐད་དུ་གསལ་དངས། བྲུ་ཤའི་སྐད་དུ་རྣམ་ཤེས། བོད་སྐད་དུ་སེམས། ཞང་ཞུང་སྐད་དུ་ཐིག་ལེ། མེ་ཉག་སྐད་དུ་གདུང་ཁུ། བྲུ་ཤའི་སྐད་དུ་བཅུད། བོད་སྐད་དུ་ཕོ་རྒྱུ་ཁུ་ཆུ་མོ་རྒྱུ་ཁྲག ཅེས་གསལ་བ་དེ་དག་ལས་ཤེས་པར་བྱ་བ་མང་ཡང་འདིར་དཔྱད་གཞི་ཙམ་དྲངས་ཤིང་། མདོར་ན་རང་གཞུང་ཁུངས་མ་ནས་བྱུང་བའི་ཐ་སྙད་འདི་རིགས་སྣང་ཆུང་གིས་ཞྭ་དཔེ་ལྷམ་ལ་མི་འགེབས་པར་ཞིབ་ཏུ་དཔྱད་རྒྱུ་ནི་ཧ་ཀྱང་གལ་འགངས་ཆེ་བར་མཐོང་ངོ་། དེ་ལྟར་གོང་དུ་བཤད་པ་རྣམས་ཀྱང་ཁོ་བོས་སྒྲོ་འདོགས་ཆོད་དྲག་པའམ། འོལ་ཚོད་ཙམ་གྱིས་ཀྱང་མ་ཡིན་པར་དེ་སྔོན་མཐོང་ཐོས་རྣམས་ལ་རང་བློས་གང་དཔོག་དཔྱད་ཁུལ་བྱས་ཏེ་ཟིན་ཐོའི་ཚུལ་དང་། མ་འོངས་འདི་རིགས་ལ་དཔྱད་པའི་སྒོ་ཙམ་འབྱུང་བའི་ཆེད་དུའང་བྲིས་པ་ལགས་པས་དེ་བཞིན་འབྲེལ་ཡོད་བློ་ལྡན་དག་གིས་མཁྱེན་པར་འཚལ་ལོ།།
སླར་ཡང་།
༧གསང་ཆེན་རྒྱུད་ལུང་ཆུ་གཏེར་གཡོ་བའི་བཅུད།།
ཟབ་དོན་དཀའ་གནད་རིན་ཆེན་དབྱིག་གི་དབང་།།
ཐོས་བསམ་རྒྱལ་མཚན་རྩེ་མོར་བཀུར་ཤེས་ན།།
དོན་གཉེར་རྨོངས་པའི་དབུལ་བ་ཅི་ཡང་སེལ།།
༧སྟོང་ར་གསུང་མཁན་མང་ཡང་དོན་ལ་དཔྱད་མཁན་ཉུང་།།
གཏུམ་མོ་སྦྱོང་མཁན་མང་ཡང་རྒྱུ་མཚན་ཤེས་མཁན་ཉུང་།།
གསང་དོན་འགྲེལ་མཁན་མང་ཡང་གཞུང་དང་མཐུན་མཁན་ཉུང་།།
ཉུང་གསུམ་རྗེས་སུ་འབྲེལ་ན་མཐོལ་བཤགས་སྙིང་ནས་འབུལ།།
ཞེས་ཀྱང་སྨྲས་སོ།།