ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དགོན་སྡེའི་སློབ་གསོ་དང་འབྲེལ་བའི་ཟུར་གླེང་།
[ 2012/9/6 12:10:00 | By: ཁྱུང་གསེར་ཞུན། ]
 

༄༅། །དགོན་སྡེའི་སློབ་གསོ་ལས་འཕྲོས་པའི་ཟུར་གླེང[i]།།

དེ་ཡང་འདི་སྐད་ཅེས་ ལོ་བརྒྱའི་ཇུས་ཆེན།  སློབ་གསོ་གཙོ་བོ།  ཞེས་དེང་གི་སློབ་གྲྭའི་ཁོར་ཡུག་གང་སར་ཁྱབ་པའི་ཚིག་འདི་ཐོག་མར་སུ་ཡིས་བྱས་པའམ་བར་དུ་གང་ནས་བརྒྱུད་པ་གང་ལྟར་ཡང་ཐད་ཀར་བལྟས་ཚེ་ཕྱི་ཚིག་གི་སྡེབ་སྦྱོར་དང་ནང་དོན་གྱི་བྲོ་བ་གང་ལ་གཞིགས་ཀྱང་གཏིང་ཟབ་པའི་དཔྱད་པ་དང་གནད་ཆེ་བའི་མྱོང་བ་མང་པོ་ལས་བྱུང་བའི་སློབ་གསོ་སྤྱི་ཡི་རིན་ཐང་དང་དགོས་གནད་སྟོན་པའི་སྡོམ་ཚིག་ཅིག་ཡིན་པ་ནི་སུས་ཀྱང་ཤེས་སླ་བ་གཞིར་བྱས།  སྤྱི་ཚོགས་འདྲ་མིན་དང་། རྒྱལ་ཁབ། མི་རིགས། ཆོས་ལུགས་གང་ཞིག་ལ་མཚོན་ཡང་སློབ་གསོ་ནི་གཞན་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ཞི་བདེ་དང་ཡར་རྒྱས་སམ། དེ་ལས་ལྡོག་པའི་འཁྲུག་རྩོད་དང་ཉམས་རྒུད་སོགས་ད་ལྟ་དང་ལྷག་པར་མ་འོངས་པའི་སྤྱི་ཚོགས་དེ་ཉིད་བཟང་ངན་གང་དུ་འགྲོ་བའི་ལམ་གྱི་གཞི་མདོ་ལྟ་བུ་ཡིན།  དེ་ལས་དགོན་སྡེའི་སློབ་གསོ་ནི་གཙོ་བོ་སྲོལ་རྒྱུན་བཅུ་ཕྲག་རིག་གནས་ཆེད་སྦྱོང་གི་གནས་ཤིག་ཡིན་ཅིང་དེ་ལྟའི་སློབ་གསོ་འམ་སློབ་གཉེར་བྱ་བའི་གོ་རིམ་ཁྲོད་ཚང་དགོས་པའི་ཆ་རྐྱེན་གང་མང་ཞིག་ཡོད་པ་ལས་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ནམ་སློབ་དཔོན་དང་།  ཇི་བཞིན་སྦྱོང་མཁན་གྱི་སློབ་མ་གཉིས་པོ་གཙོ་བོའི་གཙོ་བོ་ཉིད་དུ་ངེས། སློབ་སྦྱོང་བྱ་བའི་དམིགས་ཡུལ་ཡང་སློབ་མའི་རྒྱུད་ལ་ཤེས་བྱ་ཡོན་ཏན་ཕུན་སུམ་ཚོགས་ཤིང་ཆུང་ས་ནས་རང་གི་མི་ཚེ་དེ་ཉིད་ཆུད་ཟོས་དུ་མ་སོང་བར་སྒོ་གསུམ་དགེ་བའི་ཕྱོགས་སུ་བཀོལ་ཐུབ་པ་དང་། ཆེ་ས་ནས་རང་ཉིད་ཀྱི་མདུན་ལམ་སྨོས་མེད་ཐོག་ཁོར་ཡུག་གི་སྤྱི་ཚོགས་གང་ཞིག་ལའང་ཟས་ལ་ཚྭ་ཡིས་བྲོ་བ་སྦྱིན་པ་ལྟར་སྤྱི་ཚོགས་དེ་ཉིད་ལེགས་པའི་ཕྱོགས་སུ་ཁ་ལོ་བསྒྱུར་དགོས་པ་དེ་ཉིད་ཡིན།  དེ་ལྟར་བསྒྱུར་བ་ལ་དང་ཐོག་སློབ་མ་དེ་ཉིད་ལ་མི་གཞི་དང་། ཀུན་སྤྱོད།  རིག་གནས་བཅས་ཚད་གཞི་ངེས་ཅན་ཞིག་ལྡན་དགོས་ལ་དེ་ལྟར་མེད་ན་བཟང་པོའི་འབྲས་བུ་ཆེ་ཆུང་གང་ཡང་འབྱུང་ཐབས་དཀའ།  དེ་ལྟར་འབྱུང་མིན་གྱི་གནད་འགག་ཅིག་ནི་དང་པོའི་དགེ་རྒན་གྱི་སློབ་གསོ་གནང་ཕྱོགས་ལ་རག་ལས་ལ་དགེ་རྒན་གྱི་སློབ་གསོ་ནི་ཚྭ་ཚྭའི་བཟོ་དབྱིབས་ཅི་འབྱུང་གི་སྐུ་ཕོར་གྱི་རི་མོ་བཟང་ངན་ལྟ་བུ་ཡིན།  དེ་ཡང་སློབ་དཔོན་ནམ་དགེ་རྒན་གྱི་ངོས་ནས་ཞུས་ན་གཞུང་རྣམས་སུ་མཚན་ཉིད་དང་ལྡན་པའི་བླ་མའང་དགེ་རྒན་ལ་ཡོན་ཏན་ཇི་ཙམ་ཚང་དགོས་པའམ་མཚན་དང་མི་ལྡན་པའི་དགེ་རྒན་ནམ་བླ་མ་གང་ཞིག་ཡིན་པའི་སྐོར་ལ་ཞིབ་ཅིང་ཕྲ་བར་གསུངས་ཡོད་པ་ལས་འདིར་གོ་སླ་བའི་ཕལ་སྐད་གྱི་ཐོག་ནས་ཅུང་ཟད་ཞུས་ན།   རྩ་བའི་མི་གཞི་དང་།  རྒྱུན་ལྡན་གྱི་ཀུན་སྤྱོད།  ཡོན་ཏན་གྱི་ཆུ་ཚད་གསུམ་ལ་མ་འདུས་པ་མེད་སྙམ།  དེ་ཡང་འགའ་ཞིག་གིས་རིག་གནས་ཀྱི་ཆུ་ཚད་ཇི་ཙམ་ཡོད་མེད་ལས་རྩ་བའི་མི་གཞི་དང་ཀུན་སྤྱོད་སོགས་ལ་དོ་སྣང་དེ་ཙམ་མི་བྱེད་མོད།  གཙོ་བོ་རིག་གནས་གལ་ཆེན་ཡིན་མོད་ཀྱང་མི་གཞི་དང་ཀུན་སྤྱོད་བཟང་པོ་ཞིག་མེད་ན་སློབ་མ་དང་སྤྱི་ཚོགས་ལ་དེ་ཙམ་གྱིས་ཕན་སྟོབས་ཆུང་བ་ནི་དང་ཐོག་དེ་ཙམ་མི་གསལ་མོད་རྒྱུན་རིང་འཚོ་བ་དངོས་མྱོང་བའི་ཐོག་ནས་དཔྱད་ན་ཤེས་པར་འགྱུར་སྙམ། དེས་ན་མི་གཞི་ཞེས་པ་མི་ཡི་གཤིས་རྒྱུད་དེ་སྤྱི་ཚོགས་དང་ཁོར་ཡུག་གང་ཞིག་ལ་གནས་ཀྱང་ཆོས་ལུགས་ཀྱི་ཕྱོགས་ཞེན་དང་།  ཤོག་ཁག་གི་ལ་རྒྱ།  ཤེས་མདོག་གི་ང་བོ།  ཕ་རོལ་ལ་བརྙས་བཅོས།  མཐོ་བ་ལ་ངོ་སོ།  དམའ་བ་ལ་མཐོང་ཆུང་བཅས་མ་ཡིན་པར།  ཆོས་ལུགས་ཕན་ཚུན་ལ་བརྩི་བཀུར་དང་རང་བསྟན་གྱི་རྒྱུད་པ་འཛིན་ཐུབ་པ།  ཤོག་ཁག་གམ་མི་སུའང་མཐུན་ལམ་ཅི་ཡོང་གི་བྱ་བ་སྒྲུབ་པའམ་མིན་ཀྱང་དགོས་མེད་ཀྱི་བྱ་བ་ཆེ་ཕྲ་གང་ལའང་ཐེ་ཇུས་མི་བྱེད་པ།  གཞན་གྱི་གཡམ་ལ་མི་རྒྱུག་ཅིང་ནམ་ཡང་རང་ཚུགས་བརྟན་པ།  དགོས་མེད་ཀྱི་སྨྲ་བ་མི་མང་ཞིང་རྒྱུན་ལྡན་གྱི་བློ་སྣ་བརྟན་པ།  མདོར་ན་ཀུན་གཞི་ལྷོད་ལ་ངང་ཚུལ་བརྟན་པ།  སྨྲ་བ་ཉུང་ཞིང་གཞན་དང་བསྟུན་བདེ་བ་ཞིག་དགོས་པར་འདོད་དོ།  །གཉིས་པ་སྤྱིར་མི་གཞི་ཚད་ལྡན་ཡ་རབས་ཤིག་ཡོད་ཀྱང་ཀུན་སྤྱོད་ཀྱི་ཐད་ནས་སློབ་མའམ་གཞན་གྱིས་མིག་དཔེ་ལྟ་རུང་བ་ཞིག་མེད་ན་སློབ་ཁྲིད་ཀྱི་སྐབས་སུ་གསུང་བཤད་སྙན་མོ་དང་འགྲིག་པོ་ཇི་ཙམ་མཁས་ཀྱང་རྒྱུན་ལྡན་དཔེ་ཆ་དང་དགེ་སྦྱོར་ལ་དོ་སྣང་ཆེར་མེད་པའམ། ཟས་གོས་ལ་བཟང་འཆོས་བྱེད་པ།  འཕྲུལ་ཆས་ལ་བག་མེད་གཡེང་བ།   འཇིག་རྟེན་གྱི་མགོ་རྣ་རྩོད་པ།  ཕྱོགས་འཛིན་གྱི་རང་འདོད་ཆེ་བ། དཔལ་འབྱོར་ལ་འདོད་སྲེད་ཆེ་བ།  ཁྱིམ་ཚང་གི་སྐྱིད་སྡུག་ལྟ་བ།  དགྲ་གྱོད་ལ་ཇུས་གཏོགས་བྱེད་པ་སོགས་བོན་དང་མི་མཐུན་པའི་སྤྱོད་པའི་དབང་དུ་གྱུར་ན་ངང་ངམ་ཤུགས་ཀྱིས་སྤྱོད་ངན་དེ་དག་སློབ་མ་ལ་གོས་པའི་ཉེས་ཁ་ཆེ་བའམ། དེའི་རྐྱེན་གྱིས་སློབ་མས་བརྩི་བཀུར་དང་ཡིད་ཆེས་དད་མོས་ཆུང་དུ་འགྲོ་བའི་སྐྱོན་ཡང་འབྱུང་སྲིད་པ་སྟེ། དཔེར་ན་སློབ་མ་ཁམས་པ་ཞིག་གིས་བླ་མ་དབུས་པ་ཞིག་ལ་བསྟེན་ན་བླ་མས་ཁྱོད་ཀྱིས་དབུས་སྐད་རྒྱག་དགོས་ཞེས་མ་བསླབས་ཀྱང་བླ་མ་དང་རྒྱུན་ལྡན་འགྲོགས་ཆེ་བའི་དབང་གིས་སློབ་མ་རྣམས་ལ་དབུས་སྐད་ཀྱི་ཤན་ཞུགས་པ་ལྟ་བུ་དང་།  ཤ་མ་ཟ་ཟེར་མི་བླ་མ།  །ཚིལ་གང་ཆེ་ཟ་མི་བླ་མ། །ཞེས་པའི་ཁ་ཤགས་དེ་ཡང་རྒྱུ་མཚན་མེད་པ་ཞིག་མིན།  དེའི་ཕྱིར་སློབ་ཚོགས་སྐྱོང་བའི་དགེ་རྒན་དག་གིས་རང་གཅིག་པུའི་མདུན་ལམ་བཟང་ངན་ཙམ་མ་ཡིན་པར་ལྟོས་བཅས་ཀྱི་སློབ་མ་མང་པོའི་དཔེ་ལྟ་སའི་མ་ཕྱི་ལྟ་བུར་གྱུར་ཡོད་པ་མཁྱེན་པའི་ངོས་ནས་རང་ཡང་འགྲོ་བ་མི་རང་མཚན་པ་ཞིག་ཡིན་པའི་ཆ་ནས་གནས་སྐབས་དཀའ་ངལ་འགའ་ཞིག་འཕྲད་སྲིད་མོད་ཀྱང་ཆེ་ས་ཆུང་མལ་གྱི་ཐོག་ནས་དེ་དག་བཟོད་སྒོམ་ནུས་པའི་སྒོ་ནས་རྒྱུན་ལྡན་གྱི་སྤྱོད་ལམ་ལ་ཀུན་གྱིས་དཔེ་ལྟ་འོས་པ་ཞིག་དགོས་གལ་ཅིས་ཀྱང་ཆེ།   དེ་ལྟར་མི་གཞི་དང་ཀུན་སྤྱོད་བཟང་བའི་རྨང་གཞིའི་ཐོག་ཡོན་ཏན་གྱི་ཚད་གཞི་ཡང་ངེས་ཅན་ཞིག་ལྡན་དགོས། དེ་ལྟར་མིན་ཚེ་མ་འོངས་སློབ་མ་རྣམས་རིག་གནས་ཀྱི་ལས་རིགས་གང་ཞིག་ལ་འཇུག་ཀྱང་རང་ཚུགས་ཐུབ་པ་དང་ཕུགས་ཆོད་པའི་མཁས་པ་ཞིག་ཆགས་རྒྱུ་ཅིས་ཀྱང་དཀའ།  སྤྱིར་དགེ་རྒན་ནམ་སློབ་དཔོན་གང་ཞིག་ཡིན་ཡང་རྩ་བའི་བཤད་སྒྲུབ་གང་རུང་ནས་ཐོན་པ་ཞིག་ཡིན་སྟབས།   རིག་གཞུང་ཁག་ལ་གཞན་དྲིང་མི་འཇོག་པའི་མཁས་པའང་འགའ་ཞིག་སྲིད་མོད་ཀྱང་།  ཕལ་ཆེ་བ་དག་གཞུང་ལུགས་སམ་རིག་གནས་ཁག་ལ་རྩ་བའི་རྨང་གཞི་ལེགས་པོ་ཞིག་ཆགས་ཡོད་པ་ལས་ད་དུང་ཞིབ་ཕྲའི་ཕུགས་ཕེར་ཞིག་ཡིན་པའི་ཁྱབ་པ་མེད་ཅིང་།  དེ་ཙམ་གྱིས་གཞན་ལ་སློབ་གཉེར་ཆ་ཚང་བའི་ནུས་པ་ཡང་ཐོན་དཀའ་བས་རབ་བྱུང་ན་བཤད་སྒྲུབ་གང་ཞིག་ལས་ཐོན་རྗེས་དམིགས་བསལ་དགེ་རྒན་གྱི་ཆེད་ལས་སློབ་སྦྱོང་བྱ་བའི་གོ་སྐབས་ཐོབ་ན་ཤིན་ཏུ་ལེགས་ཀྱང་དེ་འདྲ་ང་ཚོའི་ཁོར་ཡུག་ལ་ཆ་རྐྱེན་དཀོན།  དེས་ན་མཁན་པོའམ་དགེ་བཤེས་ཀྱི་མིང་ཞིག་ཐོབ་པ་ཙམ་གྱིས་མི་ཚིམ་པར་རྒྱུན་ལྡན་རིས་སུ་མ་ཆད་པའི་མཁས་པའི་གསུང་རབ་ཀུན་ལ་གཟིགས་ཀློག་དང་དཔྱད་ཞིབ།  གལ་གནད་རིགས་ཐུགས་འཛིན་ནམ་ཟིན་ཐོ་བཀོད་པ།  ཤེས་ཡོན་ཅན་གཞན་དང་ཆེད་དུ་གནད་ཡོད་ཁག་ལ་གླེང་མོལ།  རྒྱུན་དུ་འཆད་རྭར་ཕེབས་པའམ་སློབ་མ་ཁག་ལ་ཡང་དུས་དུས་སུ་བགྲོ་གླེང་གནང་བ་སོགས་མདོར་ན་ནར་མའི་ཟས་བཞིན་མི་ཚེ་དཔེ་ཆ་དང་མི་འབྲལ་བར་མཛད་ནུས་ན་རིམ་བཞིན་ཡར་རྒྱས་མཁས་པའི་གོ་སར་འཛེགས་ངེས་པ་སྟེ།  ཉམས་མྱོང་ཅན་དག་གིས་དགེ་བཤེས་གཏོང་སྐབས་དཔེ་ཆ་མཐའ་དག་ཤེས་ཟིན་པ་དཀའ།  དེ་དུས་དཔེ་ཆ་ལྟ་ཚུལ་ཤེས་པ་ཙམ་ནི་ཡོང་བ་ཡིན།  དེ་ནས་རིམ་པས་དཔེ་ཆ་ལྟ་རྟོག་བྱེད་རྒྱུ་མ་བསྐྱུར་ན་རིམ་པས་དཔེ་ཆའི་དོན་ལ་མཁས་ཡོང་།  ཞེས་གསུངས་པ་ལྟར་ཡིན་པར་སྣང་།  སློབ་ཁྲིད་སྐབས་སློབ་མ་ཕལ་རྣམས་གང་ཁྲིད་པའི་གཞུང་དེ་ལ་གསར་སྦྱོང་དང་རིག་པའི་ན་ཚོད་མ་སྨིན་པ་ཡིན་སྟབས།  དགེ་རྒན་གྱིས་གང་འགྲེལ་འཐད་ཕྱོགས་ལྟ་བུ་ལས་མེད་ཕྱིར་དེ་ཙམ་གྱིས་གཞུང་གི་དོན་ཁྲོལ་བའམ་དཔེ་ཆ་ལ་མཁས་པ་ཡིན་སྙམ་ན་ཡང་མ་ཡིན།   གཞུང་དོན་ཤེས་མིན་ཡང་གཞུང་གི་དཀའ་གནད་ཁག་ལ་གོ་བ་ཟབ་མིན་གྱིས་འབྱེད་པ་ལས་གསར་ཞུགས་སློབ་མར་ཀ་ཁ་ངོ་སྤྲོད་བྱེད་པ་ལྟ་བུར་མཁྱེན་པ་ཙམ་གྱིས་ཚིམ་མི་རུང་ངོ་།  །དེ་ནས་སློབ་མའི་མཚན་ཉིད་དང་སློབ་སྦྱོང་བྱེད་ཕྱོགས་སྐོར་ལ།  སློབ་མའི་མཚན་ཉིད་དམ་སློབ་མ་ལ་ཡོད་དགོས་པའི་ཆ་རྐྱེན་མང་ཡང་རྩ་བ་ནི།  མཛོད་ལས།  སྟོབས་ལྡན་བློ་གསལ་དད་ཆེ་ལ།  །ཞེས་ཡོན་ཏན་ནམ་སློབ་གཉེར་གང་ཞིག་བྱེད་ཀྱང་།  མཁས་པ་སློབ་པའི་དུས་ན་སྡུག  །ཅེས་གསུངས་པ་ལྟར་ངེས་པར་རང་ལ་ཡོན་ཏན་བཟང་པོ་ཞིག་ཐོབ་པའམ་མཁས་པ་ཞིག་ཡོང་དགོས་ན་དགེ་རྒན་ལ་བསྟེན་པ་ཙམ་དང་སློབ་གཉེར་ལ་ཞུགས་པ་ཙམ་གྱིས་ཐོབ་པ་མ་ཡིན་པར་སྒོ་གསུམ་གྱིས་དཀའ་སྡུག་མང་པོ་ཞིག་བཟོད་ནུས་པ་དང་སློབ་གཉེར་སྐབས་སུ་འཕྲད་པའི་ངལ་བ་མང་པོ་ཞིག་གདོང་ལེན་ནུས་པའི་བློ་སྟོབས་དང་ཆོད་སེམས་བརྟན་པོ་ཞིག་དགོས།  དེ་མེད་ན་ཐོག་མར་ཨ་གསར་ལྟ་བུས་སྦྱོང་བརྩོན་དང་སེམས་ཤུགས་ཡོད་པ་ལྟར་བྱེད་ཀྱང་།  རིམ་བཞིན་ལོ་ཟླའི་གྲངས་རིམ་འགའ་ཞིག་སོང་ཚེ་ཨ་གསར་ཡན།  གཉུག་ཟད་ནས་མཐར་ཡོན་ཏན་ལོབ་རྒྱུ་ཕར་ཞོག  དེའི་ཕྱོགས་ན་ལྟ་འདོད་ཙམ་ཡང་མེད་པར་འགྱུར་སྲིད།  དེས་ན་སློབ་སྦྱོང་དུས་སུ་བློ་མི་ལོན་པའམ།  དཔེ་ཆའི་དོན་མི་ཤེས་པ་སོགས་དཀའ་ཁག་གང་འཕྲད་ཀྱང་སེམས་ཤུགས་མི་ཉམས་པར་འདི་ནི་མི་ཚེ་གཅིག་གི་ནང་དུ་གོ་སྐབས་རྙེད་པར་དཀའ་ཞིང་དོན་ཆེན་ཞིག་ཀྱང་ཡིན་པས་ཅིས་ཀྱང་སློབ་པ་མཐར་ཕྱིན་པ་ཞིག་བྱེད་སྙམ་པའི་སེམས་ཤུགས་རང་གིས་བསྐྱེད་པའམ།  གཞན་གྱིས་ཀྱང་སློབ་གསོ་བཏང་སྟེ་སློབ་སྦྱོང་ལས་ཕྱིར་ནུད་མི་ཡོང་བའི་ཐབས་སུ་འབད་དགོས།  གཉིས་པ་བློ་གསལ་བ་ནི་བྱུང་ན་མི་རང་རང་ལྷན་སྐྱེས་ཀྱི་བློ་རིག་གསལ་བའམ་རྣམ་རིག་གྲུང་པོ་ཞིག་ཡོད་དགོས།  དེ་མེད་ན་སྦྱོང་འདོད་ཀྱི་བློ་སྟོབས་བརྟན་པོ་ཡོད་ཀྱང་རིག་གནས་སློབ་པའི་སྐབས་གཞན་དང་མི་འདྲ་བའི་དཀའ་ཁག་མང་པོ་འཕྲད་སྲིད།  དཔེར་ན་བློ་རིག་རྣོ་བ་ཞིག་གིས་ཉིན་གཅིག་ལ་བློ་ལོན་པ་དེ་བློ་རྩེ་རྟུལ་པོ་ཞིག་གིས་ཟླ་བ་གཅིག་ལ་ཡང་ལོན་དཀའ་བ་ལྟ་བུ་ཡིན། སྤྱིར་བློ་རིག་རྣོ་བ་ཞིག་ཡོད་ཀྱང་སྔོན་གྱི་བག་ཆགས་དབང་གིས་སམ་གང་ལྟར་འགའ་རེ་གཞུང་ཁོག་སྤྱི་ཡི་གོ་བ་བཟང་ཡང་རིགས་ལམ་རྩོད་པའི་ཚེ་དེ་ཙམ་མེད་པ་དང་།  འགའ་རེ་རིགས་ལམ་རྩོད་པའི་ཁྱབ་མཐའ་ཤེས་ཀྱང་རྩོམ་རིག་དང་བརྡ་དག་སྐོར་ལ་དེ་ཙམ་མི་ཤེས་པ། འགའ་རེ་ལོ་རྒྱུས་དང་རིག་གནས་སྐོར་ལ་གོ་བ་རྙེད་ཀྱང་གཞུང་དོན་ལ་དེ་ཙམ་གོ་བརྡ་མི་འཕྲོད་པ་སོགས་སོ་སོའི་མོས་པའམ་གོ་བ་འདྲ་མིན་ཡོད་འདུག་པས་དེ་དག་རང་རང་གི་བློ་སྟོབས་སམ་ཤེས་ཚོད་དང་བསྟུན་པའི་སློབ་གཉེར་ལ་ཞུགས་ན་ལེགས་པར་སྣང་།  དད་ཆེ་ཞེས་རང་ཉིད་ནད་པ་ལྟ་བུའི་འདུ་ཤེས་དང་དགེ་རྒན་ལ་ནད་འཆོས་པའི་སྨན་པ་ལྟ་བུ།  སྦྱང་བར་བྱ་བའི་རིག་གཞུང་ལ་ཕན་བྱེད་ཀྱི་སྨན་ལྟ་བུའི་འདུ་ཤེས་ཀྱི་སྒོ་ནས་དེ་དག་ལ་དད་པ་དང་མོས་གུས་ཁ་ཞེ་མེད་པའི་ཐོག་ནས་སློབ་སྦྱོང་དང་།  ཁྱད་པར་བླ་མའམ་དགེ་རྒན་གྱི་ཅི་གསུངས་ལེགས་པར་མཐོང་བའི་དད་མོས་འགྱུར་མེད་ཅིག་ཡོད་ན་ཡོན་ཏན་གང་བསླབས་ཀྱང་རང་ལ་ཕན་ཐོགས་ངེས་ཅན་འབྱུང་ཐུབ་པ་ཡིན།   དེ་ལྟར་མཚན་ཉིད་ལྡན་པའི་བླ་སློབ་གཉིས་འཕྲད་ཅིང་སློབ་གཉེར་དངོས་བྱེད་སྐབས་སྤྱིར་གང་བསླབ་པར་བྱ་བའི་གཞུང་དེ་ཉིད་ཡིན་མོད་ཀྱང་།   ཁྱད་པར་ཡོན་ཏན་གང་ཞིག་བསླབ་ཀྱང་དེའི་དགོས་པ་དང་ལག་ལེན་དངོས་ཇི་ལྟར་བྱེད་དགོས་པ་སྟེ། ཚིག་ཙམ་ཤེས་པས་མི་ཕན་པར་གཞུང་དང་ཉམས་མྱོང་གཉིས་པོ་ཡ་བྲལ་མ་ཡིན་པར་དཔེར་ན་བརྡ་དག་སྦྱོང་ཚེ་དཔེར་བརྗོད་འབྲི་བ་དང་རྒྱུན་ལྡན་དཔེ་ཆ་ལྟ་ཀློག་སྐབས་བེད་སྤྱོད་ཐུབ་པ།   སྙན་ངག་སྦྱོང་རིམ་བཞིན་དཔེར་བརྗོད་འབྲི་བ་ཙམ་གྱིས་ཆོག་མི་ཤེས་པར་རྩོམ་དངོས་ལ་འཇུག་པའི་བྱ་རིམ་ཇི་ལྟར་ལག་ཏུ་ལེན་དགོས་པ།  མཚན་ཉིད་ཀྱི་རིགས་ལམ་དེ་ཉིད་རྩོད་པའི་སྐབས་གཅིག་པུར་མ་ཡིན་པར་རྒྱུན་ལྡན་གཞུང་དང་རིག་གནས་གང་ལ་ཡང་དཔྱོད་བྱེད་ཀྱི་ལག་ཆ་ལྟ་བུར་བཀོལ་ཐུབ་པ།   གྲུབ་མཐའི་ལྟ་སྤྱོད་སོགས་ཀྱང་ཚིག་གི་བཤད་སྒྲོས་ཙམ་མ་ཡིན་པར་གང་ཞིག་དོན་དངོས་ཀྱི་ཐོག་ནས་རང་རྒྱུད་གྲོལ་བྱེད་དུ་འགྲོ་བའམ་རང་རྒྱུད་འདུལ་ཐབས་ཇི་ལྟར་བྱེད་དགོས་པ་སོགས་མདོར་ན་དཔེ་སྦྱོང་དང་ལག་ལེན་གཉིས་པོ་ཟུང་འབྲེལ་བྱེད་རྒྱུ་ནི་སློབ་གཉེར་གྱི་བྱ་བའི་གོ་རིམ་ཁྲོད་གནད་དོན་གལ་ཆེན་ཞིག་ཡིན་ལ་དེ་ལྟར་མ་བྱུང་ཚེ་དཔེ་ཆའི་གོ་བ་ཡོད་ཙམ་གྱིས་དོན་གོ་ཅི་ཡང་མི་འབྱུང་སྟེ།  དཔེར་ན་བརྡ་དག་ལྟ་བུར་མཚོན་ན་འགའ་ཞིག་ལ་དོན་དང་འབྲེལ་སྒྲ་སོགས་རྗེས་འཇུག་ལ་ལྟོས་ཚུལ་ཁ་ནས་བརྗོད་ཚེ་ཇི་བཞིན་ཤེས་པ་ལྟར་ཡོད་ཀྱང་དོན་དངོས་རྩོམ་འབྲི་བའམ་ཡི་གེ་ཞུ་དག་སོགས་ཀྱི་སྐབས་སྦྱོར་ཚུལ་མི་མཐུན་པ་གང་མང་འབྱུང་བཞིན་འདུག་པ་ནི་དཔེ་ཆ་བསླབ་པ་དང་ལག་ལེན་གཉིས་ཟུང་འབྲེལ་གྱི་སློབ་གསོ་མ་བྱུང་བའི་སྐྱོན་ཉག་གཅིག་ཡིན་པས་དེ་དང་དེ་འདྲའི་སྐོར་ལ་བླ་སློབ་གཉིས་ཀས་གལ་ཆེའི་དོ་སྣང་མཛད་དགོས་པའི་བྱ་བ་ཞིག་ཡིན།  གཞན་རྩ་བའམ་རྒྱུན་ལྡན་གྱི་སྦྱང་བྱ་མ་ཡིན་ཀྱང་རྨང་གཞིའི་ཤེས་བྱ་གཞན་ཞིག་ནི་སློབ་མ་རྣམས་རྒྱུན་ལྡན་གྱི་མི་གཞི་དང་རིགས་ཁག་གི་མཐུན་ལམ།   ཡུལ་དུས་དང་འཚམས་པའི་ཀུན་སྤྱོད་དང་སྤྱི་ཡོངས་ཀྱི་ལྟ་བ།   མི་རིགས་ཀྱི་རིག་གནས་དང་ཡུལ་སྲོལ་སྐོར་ལ་དོ་སྣང་། སྤྱི་ཚོགས་དང་ཁོར་ཡུག་གི་འགྱུར་འགྲོས་དང་བསྟུན་པའི་བྱ་བ་སོགས་ཀྱང་སྣང་མེད་དུ་མ་ཤོར་བར་དུས་དང་སྐབས་སུ་སྒྲོག་འགྲེལ་དང་ལག་ལེན་བྱེད་ཐུབ་པ་ཡང་སྤྱི་ཡི་བྱ་བ་གལ་ཆེན་ཞིག་ཡིན་པས་ཤེས་དགོས། རིག་གནས་སམ་གཞུང་ཆེན་ཁག་འཆད་རྩོད་གཅིག་པུར་སྣང་ཆེན་ལྟ་བུ་ལས་དེ་དག་ལག་ལེན་དངོས་ཇི་ལྟར་དགོས་པའི་སྐོར་ལ་རྨོངས་པ་དང་། རྨང་གཞིའི་ཤེས་བྱའམ་ཐུན་མོང་གི་རིག་གནས་ཏེ་མི་རིགས་ཀྱི་སྐད་ཡིག་དང་། ཡུལ་སྲོལ་གཞན་དག་སོགས་ལ་དཔྱད་པ་ཙམ་ཡང་མི་འདུག་ཀྱང་དེ་དག་གི་རིན་ཐང་ཤེས་རྒྱུ་དང་། རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡང་དུས་བབ་ཀྱི་དགོས་མཁོ་དང་འབྲེལ་བའི་རྩ་གནད་ཡིན་ཕྱིར་ཅིས་ཀྱང་དོ་སྣང་དགོས་པའི་བྱ་བ་ཡིན།  དེ་ལྟར་སློབ་གསོའི་སྐོར་གྱི་རྩོམ་ཐུང་འདི་འབྲེལ་ཡོད་ཀྱི་ལེགས་ཉེས་བླང་དོར་ཁག་རྣམས་རང་གིས་ཇི་བཞིན་ཤེས་པའམ་ལག་ལེན་བྱེད་ཐུབ་མདོག་གི་ཁ་ཕོ་བྱས་ཏེ་སྡོམ་ཚིག་ལྟ་བུར་བཞག་པ་ཞིག་མ་ཡིན་པར།   བླུན་པོས་ཚིག་གཅིག་མ་སྨྲས་ན་མཁས་པས་བློ་མི་རྙེད་ཅེས་པ་ལྟ་བུའམ་རང་གི་བློ་ངོར་ཤར་ཚུལ་ཞིག་ལ་སྤྱིར་རྒྱུན་ལྡན་ང་ཚོའི་སློབ་གཉེར་བྱེད་ཕྱོགས་སྐོར་ལ་ཚད་གཞི་འམ་ཆ་རྐྱེན་འདི་འདྲ་ཚང་ན་ལེགས་པ་ཨེ་ཡིན་སྙམ་སྟེ་ཞུས་པ་ལགས་ཀྱང་། ད་དུང་ཚིག་དོན་གང་ཐད་ནས་སྐྱོན་དང་ནོར་བ་ཡོད་མཆི་བས་བླང་དོར་ཇི་བཞིན་གནང་མིན་འབྲེལ་ཡོད་སློབ་གསོར་ཉམས་མྱོང་ཟབ་པའི་དགེ་སློབ་ཡོངས་ནས་ཞིབ་དཔྱད་ཡོང་བར་མཁྱེན་འཚལ་ཞུ། །                                                ༢༠༡༢་༨་༡༥ཉིན།



 

 
 
Re:དགོན་སྡེའི་སློབ་གསོ་དང་འབྲེལ་བའི་ཟུར་གླེང་།
[ 2013/2/18 16:56:33 | By: སྐུ་མགྲོན་NRi7LY(སྐུ་མགྲོན) ]
 
སྐུ་མགྲོན་NRi7LY(སྐུ་མགྲོན)ཁྱུང་གསེར་ཞུན་ལགས། ཁྱོད་ཚོའི་དགོན་པའི་དར་སྤེལ་བྱས་པའི་ལོ་དེབ་སྤུ་སྒྱལ་གངས་དཀར་ཞེས་པ་དེ་ཧོར་ཁྱུང་གཉིས་ཀྱི་བོན་དགོན་ཚང་མ་
ལ་བཀྲམ་ཐུབ་ན་ཡག་པོ་འདུག། ཐེག་མཆོག་རྒྱལ་མཚན་ནས་ཕུལ།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
རྒན་ཐེག་མཆོག་རྒྱལ་མཚན་ལགས་ནས་འདི་གའི་དུས་དེབ་འགྲེམ་སྤེལ་ཐད་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། དེ་སྔོན་དུས་དེབ་རྣམས་ཧོར་ཕྱོགས་སུ་སྤེལ་བའི་འབྲེལ་ལམ་ཅུང་མ་འདང་བ་ཡིན་པ་འདྲ། མ་འོངས་ཁྱེད་སོགས་དོན་གཉེར་ཅན་ཡོད་ན་དེ་ལུགས་འབྲེལ་བ་ཞུ་ཆོག་པ་ལགས་ཅིང་། འབྲེལ་ལམ་ཞལ་བྱང་གཤམ་གསལ་ལྟར། ༡༨༩༨༩༠༥༣༨༧༩ ཡང་ན། ༡༣༥༡༨༩༡༥༡༩༡
 
 
Re:དགོན་སྡེའི་སློབ་གསོ་དང་འབྲེལ་བའི་ཟུར་གླེང་།
[ 2012/12/29 16:28:10 | By: སྐུ་མགྲོན་Imd5Gs(སྐུ་མགྲོན) ]
 
སྐུ་མགྲོན་Imd5Gs(སྐུ་མགྲོན)བསླབ་གསུམ་ཚུལ་ཁྲིམས་དར་དཀར་ལས་གཙང་ཞིང་། ཡོན་ཏན་ནོར་
བུའི་བཅུད་གྱིས་ཕྱྭགས་པའི་དགེ་བཤེས་ཆེ་མོ་བསྟན་འཛིན་རྣམ་རྒྱལ་
ལགས་། བཀྲ་ཤིས་བདེ་ལེགས་ཞུ་། སྟོད་འགག་སྔོན་པོའི་འོག་གི་གྲ་
ཆུང་ནས་།
གཤམ་དུ་ཁྱུང་གསེར་ཞུན།་ལགས་ཀྱིས་ལན་སློག་པ་ནི་
མཚན་དངོས་མ་གསལ་བའི་གྲོགས་པོ་ནས་བསྔགས་བརྗོད་གནང་བར་གུས་འདུད་དང་ལྷན། མ་འོངས་རྩོམ་འདིའི་ནང་དོན་དང་འབྲེལ་བའི་དགེ་འདོན་སྐྱོན་སེལ་འདྲ་ནུས་ན་དེ་བས་ཀྱང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
 
 
Re:དགོན་སྡེའི་སློབ་གསོ་དང་འབྲེལ་བའི་ཟུར་གླེང་།
[ 2012/12/29 16:13:33 | By: སྐུ་མགྲོན་Imd5Gs(སྐུ་མགྲོན) ]
 
སྐུ་མགྲོན་Imd5Gs(སྐུ་མགྲོན)བཀྲཤིས་བདེ་ལེགས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.