༄༅།། མདོ་ཁམས་སྒང་དྲུག་གི་ངོས་འཛིན།།
དེ་ལ་སྤྱིར་བོད་ཀྱི་ས་སྐོར་ངོས་འཛིན་བྱེད་སྐབས་སྟོད་ལ་མངའ་རིས་སྐོར་གསུམ། བར་ལ་དབུས་གཙང་རུ་བཞི།
སྨད་ལ་མདོ་ཁམས་སྒང་དྲུག་ཅེས་གྲགས་པ་ལས་འདིར་སྨད་མདོ་ཁམས་སྒང་དྲུག་སྐོར་ཞིག་གླེང་བ་ལ། སྤྱིར་ན་སྒང་དྲུག་ཅེས་པའི་སྒང་གི་དོན་ལ་རྔུལ་ཆུ་དང་རྫ་ཆུ་སོགས་ཆུ་ཆེན་དག་གིས་བར་བཅད་པའི་རི་རྒྱུད་ཆེ་ཁག་གི་སྤྱི་མིང་དུ་ངེས་ཤིང་། སྒང་དྲུག་པོ་གང་དག་ཡིན་པའི་སྐོར་ལ་ཡིག་ཆའམ་མཁས་པ་སོ་སོའི་བཞེད་ཕྱོགས་མི་འདྲ་བ་དུ་མ་ཞིག་ཡོད་པར་སྣང་བ་ལས་འདིར་རེ་ཟུང་ཙམ་ཞིག་བཀོད་ན། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། མདོ་ཁམས་སྒང་བཞི་བྱ་བ་ནི། །ལྷོ་ཡི་སྨད་སྒང་རིང་མོ་དང་། །འབྲི་སྒང་རིང་མོ་དེ་དང་གཉིས། །ཟླ་སྒང་རིང་མོ་དེ་དང་གསུམ། །རྨའི་༼ཡི་༽བོ་སྒང་རིང་མོ་བཞི། །སྒང་བཞི་རྟ་རྒྱབ་གཤིབས་པ་འདྲ། །ཞེས་སྒང་བཞི་ཙམ་ལས་དྲུག་མ་གསལ། ཡང་དབྲ་སྟོན་པའི་གསུང་འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོ་སྣང་བ་ལས། སྨད་མདོ་ཁམས་སྒང་ལ་བརྩི་ཚུལ་མང་ཡང་། བསྡོམ་ན་རྔུ་༼རྔུལ་༽རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། ཤར་རྫ་༼ཟླ་འབྲི་བ་ཡང་སྣང་༽སྒང་། དམར་རྫ་སྒང་། མེ་ཉག་སྒང་། བུ་འབོར་སྒང་རྣམས་དང་། ཞེས་སྒང་དྲུག་གསལ་ཡང་དེ་དག་གང་དང་གང་དུ་ཡོད་པའི་ངོས་འཛིན་གསལ་བཤད་མ་བྱུང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྨད་མདོ་ཁམས་སྒང་དྲུག་ཅེས་པའི་སྒང་དྲུག་ནི། ཟལ་མོ་སྒང་དང་། ཚ་བ་སྒང་། སྨར་ཁམས་སྒང་། སྤོ་འབོར་སྒང་། དམར་རྫ་སྒང་། མི་ཉག་༼འདི་ལ་མེ་ཉག་འབྲི་བ་ཡང་འདུག་པས་རྒྱུ་མཚན་གཞན་ནམ་གང་བདེར་ཆོག་མིན་བརྟག་༽བར་སྒང་བཅས་དྲུག་སྟེ། དེ་རྣམས་ཆུའི་རྒྱུག་ཕྱོགས་ལ་བསྟུན་ནས་ཞིབ་ཙམ་བཤད་ན་འབྲི་ཆུ་དང་ཉག་ཆུའི་བར་གྱི་བྱང་རྒྱུད་ཀྱི་ས་ཁུལ་ལ་ཟལ་མོ་སྒང་དང་། རྒྱལ་མོ་རྔུལ་ཆུ་དང་རྫ་ཆུའི་བར་ལ་ཚ་བ་སྒང་། རྫ་ཆུ་དང་འབྲི་ཆུའི་བྱང་རྒྱུད་བར་གྱི་ས་ཁུལ་ལ་སྨར་ཁམས་སྒང་། འབྲི་ཆུ་དང་ཉག་ཆུའི་ལྷོ་རྒྱུད་བར་གྱི་ས་ཁུལ་ལ་སྤོ་འབོར་སྒང་། མཚོ་སྔོན་ཞིང་ཆེན་ཁོངས་རྨ་ཆུའི་ལྷོ་ནས་ཉག་ཆུའི་སྟོད་ཀྱི་ཤར་བར་ལ་དམར་རྫ་༼འདི་ཆུ་བོའི་མིང་ལ་ལྟོས་ན་རྨ་རྫ་སྒང་ཟེར་ན་འཐད་སྙམ་༽སྒང་། ཉག་ཆུའི་ཆུ་སྐད་ཀྱི་ཤར་རྒྱུད་ལ་མི་ཉག་རབ་སྒང་བཅས་ཟེར། ཞེས་སྒང་དྲུག་གི་མིང་རྣམས་དབྲ་སྟོན་པའི་གསུང་དང་ཕལ་ཆེར་མཚུངས་ཤིང་ས་གནས་གང་ཡིན་ཡང་ཞིབ་ཙམ་གསལ། དེ་ཡང་༼བུ་འབོར་སྒང་༽དང་༼སྤོ་འབོར་སྒང་༽གཉིས་གཅིག་ལ། ༼རྔུལ་རྫ་ཟལ་མོ་སྒང་༽དང་༼ཟལ་མོ་སྒང་༽གཉིས་གཅིག་དགོས་པར་སྙམ་ཡང་ཚིག་མཛོད་ཀྱི་ངོས་འཛིན་སྐབས་ཅུང་མི་འདྲ་བས་བརྟག། ཡང་འགོམ་དཀོན་མཆོག་ཆོས་དབྱིངས་ཀྱིས་བརྩམས་པའི་མེས་པོའི་བྱུང་བ་ལས། ༡ སྒང་དྲུག་ནི་ལྷོ་ནས་རིམ་པར་བརྩི་བའི་སྒང་དང་པོ་སྤོ་བོ་སྒང་ངམ་སྤོ་འབོར་སྒང་ནི་རྒྱ་མོ་དངུལ་ཆུ་དང་ཀོང་ཡུལ་བྲེ་སྣའི་བར་གྱི་རི་རྒྱུད། ༢ དངུལ་རྫ་སྒང་ནི་དངུལ་ཆུ་དང་རྫ་ཆུ་གཉིས་ཀྱི་བར། ༣ འབྲི་རྫ་སྒང་ནི་རྫ་ཆུ་དང་འབྲི་ཆུ་གཉིས་ཀྱི་བར། ༤ རྨ་ཟླ་སྒང་ངམ་རྨ་རྫ་སྒང་ནི་རྨ་ཆུ་དང་འབྲི་ཆུ་གཉིས་ཀྱི་བར། ༥ མེ་ཉག་རབ་སྒང་ལྷོ་བྱང་དུ་ལྡོག་པའི་རྨ་ཆུའི་ཁུག་སོ་ཆེན་པོ་ནས་རྒྱ་བོད་ས་མཚམས་བར། ༦ ཤར་ཟླ་སྒང་ནི་རྨ་ཆུ་ཕན་ཆད་ཀྱི་ཨ་མདོའི་ས་ཆ་ཕལ་ཆེར་ལ་ངོས་འཛིན། ཞེས་སྒང་དྲུག་གསལ་པོར་བཤད་ཀྱང་དེ་དག་ངོས་འཛིན་ཐད་བོད་རྒྱ་ཚིག་མཛོད་དང་ཅུང་མ་མཐུན། འོན་ཏེ་བཞེད་པ་དེ་དག་ལ་རྒྱུ་མཚན་ནམ་དགོས་པ་རེ་ཡོད་དུ་སྲིད་ཀྱང་ད་ལན་ཁོ་བོས་བཤད་ཚོད་མ་ཐིག་མོད་འདིར་དཔྱད་པའི་གཞི་རུ་དྲངས་པ་ཡིན་ལ་རྗེས་ཕྱོགས་འདི་དག་ལ་དོ་སྣང་དང་གཟིགས་རྒྱ་ཆེ་བའི་མཁས་པ་རྣམས་ནས་རྒྱ་ཆེ་བའི་དཔྱད་ཞིབ་ཡོད་པར་མཁྱེན། གཞན་སྒང་དྲུག་གི་ངོས་འཛིན་འདི་དག་ལས་ཁ་གསལ་བ་ཡོད་མེད་ཁོ་བོས་ད་ལན་མ་མཇལ་ཡང་གལ་སྲིད་ཡོད་ན་འདིར་མཁོ་འདོན་གནང་བ་ཡང་ཟུར་དུ་ཞུ་བ་ལགས། བསྟན་མིང་པས།