༧ཕ་ཡུལ་དཔའ་བརྡའི་སྣོད་བཅུད་ཀྱི་དཔལ་ཡོན་ལ་ལེགས་པར་
བསྔགས་པའི་ཚིག་ཕྲེང་དཔེ་རྒྱན་སོ་གསུམ་གྱི་ལམ་
དུ་དྲངས་པ་རང་གྲོལ་ངག་
གི་གླིང་བུ།།
༼ཤིས་བརྗོད།༽
༧དྲུག་འགྱུར་ངག་ལ་ཡེ་ནས་བྱང་ཆུབ་ཀྱང་།།
རྒྱུད་མང་ཟོལ་གྱིས་འཁྲོལ་བའི་སྒེག་ཉམས་ཅན།།
སྙིང་སྡུག་ན་ཆུང་ཚངས་པའི་སྲས་མོ་ཡིས།།
འགག་མེད་གྲེ་བའི་གསང་སྒོ་ད་ཕྱེས་ཤིག།
༼ཕྱག་བྱ་བ།༽
༧གཞུང་ལུགས་གདམས་ངག་གོ་བའི་ཉམས་ལེན་བཟང་།།
རིགས་ལམ་རྣམ་པར་དཔྱོད་པའི་བློ་གྲོས་གསལ།།
སྙན་ཚིག་ངག་རིག་འགྱུར་ལ་ཞལ་ཡངས་པའི།།
ས་སྟེང་རྒྱན་མཆོག་རྣམས་ལ་གུས་པས་འདུད།།
༼དངོས་པོ་ངེས་བསྟན།༽
༧ལུགས་གཉིས་དགེ་མཚན་འདོད་འབྱུང་དབྱིག་གི་དབང་།།
མཐོ་སྒང་མཛེས་པའི་ཆེད་དུ་བཤམས་འདྲ་བའི།།
ཕ་ཡུལ་དཔའ་བརྡའི་ངོ་མཚར་ལྟད་མོ་འབུམ།།
འདི་ཞེས་བརྗོད་ཀྱིས་རྣ་དབང་མ་ཡེངས་ཤིག།
༼བོན་དཔེ།༽
༧རྩྭ་ལྗང་ཞལ་ཁེབས་འཁྱུད་པའི་ཐང་ཡངས་པོ།།
གཡུ་གཞོང་ལན་བརྒྱར་ཕྱིས་བཞིན་ལྟ་ན་སྡུག།
གཞའ་རིས་སྣ་ལྔའི་ཆུ་སྐྱེས་རྒོད་པའི་དཔལ།།
རིན་ཆེན་ཕྱུ་བུར་སྤུངས་འདྲའི་ངོ་མཚར་རྫོགས།།
༼དངོས་པོའི་དཔེ།༽
༧ཁོར་ཡུག་རབ་དཀར་གངས་རིའི་ཕྲེང་ཚོམ་གྱིས།།
དངུལ་ཞུན་མཆོད་སྡོང་བསྟར་བའི་སྐལ་བཟང་འཕྲོག།
ཆེ་ཆུང་མ་ངེས་གཡའ་སྤང་རི་དེའུ་འབུར།།
མང་འདུས་ཁྲོམ་པའི་རྗེས་སུ་རྐང་འཇོག་བྱེད།།
༼ཟློག་པའི་དཔེ།༽
༧བྱ་གཅན་རི་གཡུང་ཁྱུ་ཚོགས་གཡོ་བ་བཞིན།།
སྣ་མང་ཚོང་རྫས་སྲང་དུ་ཐང་མར་བཀྲམ།།
དེ་དག་ཕན་ཚུན་བརྩེ་དགས་བཅིངས་པ་ལྟར།།
རྩ་གསུམ་ཁྱེའུ་ཆུང་ལྕམ་དྲལ་རྩེད་མོར་གཡེང་།།
༼ཕན་ཚུན་དཔེ།༽
༧མེ་ཞལ་ལམ་དུ་ཆུ་འཛིན་དཀྲིགས་པ་བཞིན།།
བལ་ལྡན་རྩྭ་ཐང་ངོགས་སུ་ཐང་མར་བདལ།།
གཡང་དཀར་ལུག་ཁྱུ་ཕྱོགས་ཕྱོགས་བསྐྱོད་པ་ལྟར།།
སྤྲིན་ཚོགས་འདུ་འཕྲོའི་བྱ་བས་ཁོམ་པ་དཀོན།།
༼ངེས་པའི་དཔེ།༽
༧རིགས་བཟང་འགྲོས་མགྱོགས་ཁྲི་རྟ་གཞོན་ནུའི་ཚོགས།།
ཚད་མཐོའི་ཐག་རིང་བང་རྩལ་འགྲན་པའི་དཔེར།།
ཐང་དཀར་རྒོད་ཁྱུ་གཟན་ལ་འཇུམ་པ་ལས།།
གཞན་ཞིག་རུས་སྦལ་སྤུ་ཡི་ལྭ་བ་བཞིན།།
༼ངེས་མེད་དཔེ།༽
༧རུ་ཐུར་གནམ་དུ་གཟེང་བའི་ཞོལ་ཆེན་གཡག།
འོ་འཛིན་དོག་ལ་དཔྱང་བའི་མ་འབྲིའི་ཚོགས།།
རེ་ཞིག་འབྲོང་ཁྱུའི་མཚན་ཉིད་མཐུན་མོད་ཀྱང་།།
གཞན་ན་དེ་འདྲ་སྲིད་ཚེ་དཔེར་ཟླར་རིགས།།
༼བསྡུས་པའི་དཔེ།༽
༧དབྱིབས་ལེགས་ཁང་བཟང་སྦྲ་གུར་བསྟར་བའི་ཕྲེང་།།
མང་བ་གཅིག་པུས་རྒྱུ་སྐར་མཚུངས་མིན་ཏེ།།
མཚན་དུས་ཉི་ཆུའི་གློག་སྒྲོན་སྤར་བའི་འོད།།
ས་ཆེན་དཀར་འབྱམས་འགྱེད་པ་འདི་ཡིས་ཀྱང་།།
༼ཕུལ་བྱུང་དཔེ།༽
༧དཔའ་མཛངས་དཀྱེལ་ཆེ་སྟག་ཤར་གཞོན་ནུ་དང་།།
ཕྱོགས་ཀྱི་དགྲ་འདུལ་གླིང་དཀར་དཔའ་ཐུལ་ཟུང་།།
ཁྱད་པར་དུས་རབས་སྔ་ཕྱི་ཙམ་ཞིག་ལས།།
དེ་མིན་རྣམ་མཁྱེན་གྱིས་ཀྱང་དམིགས་མ་གྱུར།།
༼རབ་བཏགས་དཔེ།༽
༧མཚར་སྡུག་འབྲོག་མོའི་སྒེག་ཉམས་ལྡན་ནོ་ཞེས།།
སྐྱ་ལོའི་སེང་ལྕམ་འབྲུག་མོ་དྲེགས་མི་འཚལ།།
དེང་རབས་རྒྱལ་སྤྱིའི་ཕུལ་བྱུང་མཛེས་མ་ཡང་།།
ངོ་མཚར་མིག་གི་བདུད་རྩིར་ཅི་ཡང་སིམ།།
༼རྨད་བྱུང་དཔེ།༽
༧མང་འདུས་རྒྱ་ཟས་ལེ་འུ་བཅོ་བརྒྱད་ལ།།
ཚུགས་ཐུབ་ཞིམ་མངར་རོ་བརྒྱའི་བཅུད་ལྡན་ན།།
ད་གཟོད་འབྲོག་པའི་ཤ་མར་འོ་ཞོ་དང་།།
མར་ཐུད་ཕྱུར་བའི་དཔེ་ཟླར་རིགས་སོ་ཀྱེ།།
༼རྨོངས་པའི་དཔེ།༽
༧ཕྱུགས་རྫིའི་རྒྱང་གླུ་དཔྱིད་ཀྱི་ཕོ་ཉའི་དབྱངས།།
འཁྲུལ་ཏེ་གཡུ་ཤུག་ཁྲོད་དུ་མཉན་པར་ཕྱིན།།
རྗེས་སུ་ཁུ་བྱུག་འགྱུར་ཁུགས་དེར་སྙམ་ནས།།
མཛའ་མཐུན་བརྡ་དང་མིང་ཟུང་ཟུར་གྱིས་འཚོ།།
༼ཐེ་ཚོམ་དཔེ།༽
༧དབང་པོའི་ཡུལ་ལས་འགོངས་པའི་འགྲོ་འོང་འདི།།
འབྲོག་སྡེ་དབྱར་རུ་སྐྱ་སྤོའི་ཡོ་ལོང་ངམ།།
འོན་ཏེ་ཁྲོན་བོད་གཞུང་ལམ་འགྲིམ་འགྲུལ་གཉིས།།
བརྟགས་ཀྱང་སོམ་ཉིའི་དྲྭ་བ་ཆོད་མ་གྱུར།།
༼གཏན་འབེབས་དཔེ།༽
༧མཆོག་དམན་བར་གསུམ་རེ་འདོད་ཀུན་སྐོང་བ།།
འཇིག་རྟེན་ཆེ་དགུས་བདག་ཏུ་མ་བཅིངས་པས།།
ནོར་བུ་མ་ལགས་ས་མཐོའི་འབུ་གཡའ་གྲོ།།
གྭ་དོར་གླ་རྩི་ལས་སོགས་ཐོན་རྫས་ཉིད།།
༼སྦྱར་བའི་དཔེ།༽
༧ཆབ་དཔལ་རིག་གསུམ་ལང་ཚོའི་ན་དར་བའི།།
དབྱར་སྟོན་སྤྱི་རིམ་ཆེན་མོའི་མཛད་སྒོ་ནི།།
ཐོད་དཀར་སྲས་པོ་དམུ་རིགས་རྒྱལ་ས་རུ།།
ཕྱུང་བའི་རྟེན་འབྲེལ་འདུ་འགོད་རྗེས་སུ་ཕྱོགས།།
༼མཉམ་ཉིད་དཔེ།༽
༧མདངས་མཛེས་བསུང་ཞིང་འཐུལ་བའི་རྩི་ཐོག་དང་།།
སྣ་ལྔའི་དབང་གཞུས་འཁྱུད་པའི་སྨན་ལྗོངས་ནི།།
སུམ་རྩེན་སྐྱེད་མོས་ཚལ་གྱི་དགྲ་ཟླ་སྟེ།།
དབྱངས་སྙན་༼ཁུ་བྱུག་དང་ལྷ་ཡི་གླུ་མཁན།༽བྱེ་བས་ཀུན་ནས་བརྒྱན་ཕྱིར་རོ།།
༼སྨད་པའི་དཔེ།༽
༧སྟག་གཟིག་སྤུ་རིས་མཛེས་ཀྱང་ས་མདས་འཚེ།།
དོམ་དྲེད་གཏུམ་ཡང་ཉམ་ཆུང་སྲོག་ལ་རྒོལ།།
མི་ནོར་སྦྲ་གུར་ཀུན་སྲུང་ཤུ་ན་ཀཿ
དེ་དང་མཚུངས་ལས་ཁྱད་བོན་དུ་མས་འཕགས།།
༼བསྔགས་པའི་དཔེ།༽
༧གཡུ་འབྲུག་ངར་སྒྲས་གནམ་ས་འུར་ཆོམ་འགེངས།།
སེང་ཆེན་ཟིལ་གྱིས་སྐྱེ་འགུལ་དབང་དུ་བསྡུད།།
རྔམ་འཇིགས་རྡོ་རྗེའི་མཇུག་མའི་གཟི་བརྗིད་ཀྱིས།།
གང་དེའི་སྐལ་བཟང་འཕྲོག་ལ་སུ་ཞིག་ཚོམ།།
༼བརྗོད་འདོད་དཔེ།༽
༧ལུས་ཅན་ཐར་པའི་གྲོང་དུ་བཀྲི་བ་འམ།།
མི་འདོད་དུ་ཏིའི་གཅོད་སྦྱོང་སྦྱིན་ཡང་རུང་།།
རང་གཞན་གྲུབ་འཛིན་ལྡོམ་བུར་ཕེབས་པ་དང་།།
སྲས་བཅས་རྒྱལ་དང་མཚུངས་ཞེས་ཆེད་དུ་སྒྲོག།
༼འགལ་བའི་དཔེ།༽
༧གསེར་མིག་དལ་འབབ་མཛོད་དུ་རོལ་བ་དང་།།
རྭ་ཡིག་གཉིས་པ་པདྨའི་ཚལ་ལ་སྟེ།།
ན་གཞོན་སློབ་ལ་བརྩོན་པའི་འདུ་འགོད་གསུམ།།
མཚུངས་ཀྱང་གནས་གཞིའི་དབང་གིས་ཐ་དད་ལགས།།
༼དགག་པའི་དཔེ།༽
༧ལྷ་ཡི་རོལ་རྩེད་ཐག་རིང་གནས་ཀྱིས་བསྐལ།།
ཚངས་སྲས་རྒྱུད་མང་སེམས་མེད་བེམ་གཟུགས་ཀྱིས།།
དེང་རབས་འབྲོག་པའི་དགའ་བྲོ་སྐྱིད་གླུ་ལ།།
བསྒྲུན་པའི་བདོག་པ་ནམ་ཞིག་ཡོད་རེ་སྐན།།
༼ངོ་བསྟོད་དཔེ།༽
༧རྟག་གཟིགས་འོལ་གླིང་སངས་རྒྱས་དངོས་ཀྱི་ཞིང་།།
དབང་ལྡན་ཞུ་དགོན་དེ་ཡི་རྗེས་འཇུག་ཙམ།།
འོན་ཀྱང་བཤད་སྒྲུབ་འདུས་གྲྭ་ཆེར་རྒྱས་ཕྱིར།།
ཁྱད་པར་འདོད་གང་བླུན་པོ་དུད་འགྲོའི་ཟླ།
༼དེ་ཉིད་དཔེ།༽
༧མཛེས་སྡུག་འོད་བརྒྱ་འབར་བའི་སྒེག་ཉམས་ཅན།།
ཡ་བག་ཤ་ར་མ་ལགས་སྤུ་རྒྱལ་གངས།།
ཕ་མཐའ་མི་མངོན་དལ་འབབ་མཛོད་ཆེན་པོ།།
མ་པང་མིན་ཏེ་བརྡ་ཕུའི་དལ་མཚོར་ངེས།།
༼ཐུན་མིན་དཔེ།༽
༧ཐུན་མིན་དགེ་མཚན་གང་ཡང་འཇོ་ནུས་པའི།།
རྣམ་སྲས་མཛོད་ཀྱི་ཉིང་བཅུད་ར་བ་བཞི།།
ཁྱོད་ཉིད་མཚུངས་དཔེ་རང་ལས་སྲིད་གསུམ་དུ།།
མིག་སྟོང་བགྲད་དེ་བཙལ་ཡང་རྙེད་དམ་ཅི།།
༼འབྱུང་མིན་དཔེ།༽
༧འཇིག་རྟེན་གསུམ་གྱི་མཛེས་དཔལ་མཆིས་སོ་ཅོག།
སྐྱེ་དགུའི་བདག་པོས་ཕྱོགས་གཅིག་བསྡུས་འདྲ་བའི།།
དཔའ་བརྡའི་ཡུལ་ལྗོངས་བཀོད་པ་ངོ་མཚར་བས།།
མཐོང་ཐོས་ཡིད་དབང་འཕྲོག་འདི་ཅི་ལགས་སམ།།
༼སྲིད་མིན་དཔེ།༽
༧ཁྲི་གདུགས་ཁོང་ནས་མུན་སྨག་འབྱུང་བ་དང་།།
ཙན་དན་ཚལ་ལས་དྲི་ངན་མི་སྲིད་ལྟར།།
ཅན་བཞི་མངོན་དུ་གྱུར་པའི་ཐ་གྲུ་ལས།།
དབུལ་འཕོངས་དུཿཁའི་མིང་ཡང་ཐོས་མ་གྱུར།།
༼མང་བའི་དཔེ།༽
༧སྤྲིན་བྲལ་སྟོན་ཟླའི་བཞིན་དང་དུང་ཕྲུག་མདངས།།
རབ་དཀར་ཞོ་གསར་བསྐྱིལ་བའི་རྗེས་འགྲོ་བའི།།
རིགས་བཟང་ཁུངས་བཙུན་ཡུལ་འདིའི་མི་རྒྱུད་ཀྱི།།
ཟོལ་མེད་ལྷག་བསམ་སེམས་དཀར་དྲི་མའང་བྲལ།།
༼རྣམ་འགྱུར་དཔེ།༽
༧ཡར་ཐོན་གངས་ཕྲུག་རིག་གཞུང་དཔྱོད་པའི་སྤོབས།།
རྒྱན་དྲུག་མཁས་བཞིའི་མགུལ་ལས་འཁྲུངས་པ་བཞིན།།
གང་དེས་ལེགས་བཤད་སྤེལ་བའི་དཔྱད་རིས་ཀྱང་།།
ཚངས་སྲས་རྒྱུང་མང་སྦུབས་ནས་བརྐུས་པ་བཞིན།།
༼ཕྲེང་བའི་དཔེ།༽
༧ཆུ་འཛིན་སྟུགས་པོས་ཆར་དང་དེས་ལྗང་མྱུག།
དེ་ཡིས་འབྲུ་རིགས་བསྐྱེད་བཞིན་འབྲོག་ལས་ཀྱིས།།
ཚོང་གཉེར་དེ་ཡིས་དཔལ་འབྱོར་གོང་འཕེལ་དང་།།
དེས་ཀྱང་དུས་རབས་གསར་པའི་དགེ་མཚན་ནོ།།
༼ངག་དོན་དཔེ།༽
༧བོན་སྲིད་དབུ་ཁྲིད་གསེར་སྦྱངས་ལྷུན་བཞིན་བརྟན།།
དམངས་ཕན་ཐུགས་བསྐྱེད་བང་རིམ་བཞིན་དུ་གསལ།།
ཆབ་འབངས་མི་རྣམས་རི་བདུན་ཇི་བཞིན་འཁོར།།
ཕན་ཚུན་མཛའ་མཐུན་རོལ་པའི་མཚོ་བཞིན་ཟབ།།
༼ཟླ་དངོས་དཔེ།༽
༧མེ་ཞལ་ལམ་དུ་རྒྱུ་སྐར་བགྲང་ཡས་ཀྱང་།།
ཚ་ཟེར་ཅན་གྱི་སྐལ་བཟང་འཕྲོག་ནུས་སུ།།
གོ་ལའི་ཁྱོན་འདིར་རི་གཡུང་མང་བདོག་ཀྱང་།།
ནོར་མཆོག་འབྲི་གཡག་དོ་ཟླ་འགའ་ཡང་མེད།།
༼མཚུངས་སྦྱོར་དཔེ།༽
༧ཤང་ཀང་གྲོང་ཁྱེར་རྒྱལ་མཚམས་གོ་ལའི་སྟེང་།།
སྐྱིད་པའི་འབྲོག་སྡེ་སྨན་ལྗོངས་དགའ་མའི་པང་།།
དེ་ནི་ཕྱི་ནང་རྒྱལ་སྤྱིའི་ཚོང་འདུས་ཏེ།།
གཅིག་ཤོས་གངས་གླིང་མཛེས་པའི་རྒྱན་དུ་ཆེ།།
༼རྒྱུ་ཡི་དཔེ།༽
༧དཔལ་འབྱོར་འཕེལ་ཚད་མགྱོགས་པས་ཨམ་རི་ཀ།།
ཚན་རིག་ལག་རྩལ་དར་བས་རྒྱལ་པན་ཏེ།།
བོན་ལུགས་རྨ་མེད་སྤྱོད་པས་འོལ་གླིང་གི།
རྗེས་འགྲོ་དུས་རབས་གསར་པའི་དཔའ་བརྡ་སྐྱིད།།
༼དཔེ་ཡི་དཔེ།༽
༧དེ་ལྟའི་སྣོད་བཅུད་མཛེས་པ་ཕུལ་བྱུང་བ།།
ཆ་ཤས་ཡོངས་རྫོགས་སྟོན་ཟླའི་དཔལ་ལ་འཁུ།།
མཐོང་ཀུན་དང་བ་འདྲེན་པའི་ཟླ་དཀར་ཡང་།།
དབྱངས་ཅན་འཛུམ་ཞལ་ཇི་བཞིན་ལྟར་མི་ངོམས།།
༼མཇུག་གི་དོན།༽
༧སྐྱེས་སྦྱངས་གཤེར་ལྡན་བློ་གྲོས་རྫིང་བུའི་ངོགས།།
ཐོས་བསམ་རླབས་ཕྲེང་འཕྱོ་བའི་ཟེགས་མ་དང་།།
ངོ་མཚར་མཐོང་ཐོས་བསེར་བུའི་རྐྱེན་འཛོམས་པས།།
རྟོགས་བརྗོད་བདུད་རྩིའི་ལྦུ་དཀར་ཅི་དགར་འཐོར།།
༧རྗོད་བྱེད་ལང་ཚོའི་ཉམས་རྒྱས་ན་ཆུང་མར།།
སྡེ་བཞིའི་བརྗོད་དོན་བརྩེ་དུང་བླ་སྲོག་བརྟན།།
སྙན་འཇེབས་དཔེ་རྒྱན་རིན་ཆེན་འཕྱང་འཕྲུལ་ཅན།།
ཤེས་འདོད་སྐྱེ་བོ་དགེས་པའི་གསོས་སུ་བསྟབས།།