༄༅། ། ༧ སྐྱབས་རྗེ་རྒྱལ་བ་སྨན་རི་བའི་༧མཁན་སློབ་ཉི་ཟླ་ཟུང་གི་མཛད་རྣམ་ལ་ཅུང་ཟད་བསྔགས་པའི་ཚིག་
ཕྲེང་བཀྲ་ཤིས་རེ་ཁཱའི་
མཆོད་ཐིགས།།
༧མ་ལུས་སྲས་བཅས་རྒྱལ་བའི་ཡུམ་གྱུར་ཀྱང་།།
བཅུ་དྲུག་ལང་ཚོའི་ཉམས་བརྒྱས་ཀུན་ནས་སྒེག།
སྒྲ་དབྱངས་རྒྱལ་མོ་དགྱེས་པའི་བློ་གྲོས་ཅན།།
བྱང་ཆེན་བར་དུ་བདག་མགྲིན་རྒྱན་དུ་རྩེན།།
༧དུས་ཚིགས་སྟོན་མཆོག་མཁན་སློབ་ཉི་ཟླ་ཟུང་།།
དད་གསུམ་ཨ་དར་ཤའི་ངོགས་འཛུམ་དང་ལྷན།།
སྙན་ཚིག་འཕྲུལ་གྱི་བཟོ་བོའི་བདག་རྐྱེན་ལས།།
རྟོགས་བརྗོད་བཀྲ་ཤིས་རེ་ཁཱ་འདི་ན་འཁྲུངས།།
༧རབ༵་མང་ཚོགས་གཉིས་ས་འཛིན་དབང་པོའི་སྤོར།།
རབ༵་དཀོན་རྟེན་བཟང་འདོད་འབྱུང་ལྗོན་པ་འཁྲུངས།།
རབ༵་ལེགས་མཚན་དཔེའི་ཡལ་འདབ་ཞུགས་ཐོག་གྲོལ།།
རབ༵་འབྱམས་བཤེས་གཉེན་པ༵དྨ༵་བསྟན་པའི་རྒྱན།།
༧བཟ༵ང་བཟ༵ང་ལུང་རིགས་བཅུད་བལྟམས་ལྟོ་བ་ལྡིར།།
ཟབ༵་ཟབ༵་བོན་གྱི་སྒྲ་འབྱིན་མགྲིན་པ་རིང་།།
ཆེ༵་ཆེ༵་ང་དྲེགས་གཏན་སྤངས་ཞབས་ཞུམ་པའི།།
མཛེ༵ས་མཛེ༵ས་འདྲེན་མཆོག་བུ༵མ་བཟ༵ང་བླ་ན་བཏེགས།།
༧བག་ཡོད་ཚུལ་ཁྲིམས་གཙང་མའི་ཁྲབ་རིས་མཛེས།།
ཟུང་འཇུག་རིམ་གཉིས་མངོན་གྱུར་ལྟོ་བ་དཀར།།
མ་བཅོས་ཟབ་རྩེ་གཟིགས་པའི་སྤྱན་དཀྱུས་ཟླུམ།།
དཔོན་གསས་གསེ༵ར་ཉ༵་དད་མཚོའི་ཀློང་ན་མཆོད།།
༧རླབས་ཆེན་བྱང་སེམས་གསེར་སྦྱངས་ཡུ་བ་བརྟན།།
དྲི་བྲལ་སྡོམ་གསུམ་དར་ཤམ་ལྷུག་པོར་གྲོལ།།
ཡང་རྩེ་གསང་ཆེན་ནོར་བུའི་ཏོག་མཛེས་པའི།།
བསྟན་པའི་རྒྱལ༵་མཚ༵ན་སྤྱི་བོའི་རྒྱན་དུ་བསྙེན།།
༧བོན་སྦྱིན་འཛད་མེད་འོད་རིས་གཡས་སུ་འཁྱིལ།།
ཀུན་ཁྱབ་གྲགས་པའི་མཚན་སྙན་སྒྲ་བརྒྱའི་དབྱངས།།
ཐོས་པའི་བུ་གར་ཞུགས་ཀུན་འཇིགས་ལས་གྲོལ།།
མཁས་གྲུབ་གཙུག་རྒྱན་དུང༵་དཀར༵་ཁྱེད་ལ་འདུད།།
༧བཅུ་རིག་རིན་ཆེན་དྲ་བ་སྟོང་གིས་སྤྲས།།
ཉམས་རྟོགས་གྲྭ་ཟུར་འཁྲུག་མེད་མཐུན་པར་བསྡེབས།།
མཐོང་ཐོས་དང་བ་འདྲེན་པའི་མཛད་རིས་ཅན།།
མཆོག་སྐུའི་དཔ༵ལ་བེ༵འུ་ལྷ་མིའི་དབུས་ན་མཛེས།།
༧ཟབ་རྒྱས་ལེགས་བཤད་མུ་ཁྱུད་འཁོར་མོར་འཁྲིལ།།
ཕྱོགས་མེད་ཕྲིན་ལས་རྩིབས་མ་སྟོང་ཕྲག་བཀྲ།།
སྒོམ་རྟོགས་ནོར་བུས་མཛེས་པའི་ལྟེ་བ་ཟླུམ།།
སྐལ་བཟང་བོན་གྱི་འཁོ༵ར་ལོ༵་ཆེ་ལ་བསྟོད།།
༧དགྱེས་འཛུམ་བརྩེ་བའི་ཚོན་སྐུད་ཐགས་སུ་བྲེས།།
སྤྱོད་བཟང་གསེར་ཞུན་བཙོ་མའི་ཤམ་བུ་གཡོ།།
སྲིད་པའི་ཚ་གདུང་འཕྲོག་པའི་བསིལ་གྲིབ་ཅན།།
རྣམ་འདྲེན་གདུགས༵་དཀར༵་ཚེ་རབས་གཏན་གྱི་སྐྱབས།།
༧གང་གི་མཛད་ཡོན་མུ་མེད་ཆུ་གཏེར་ལས།།
རྟོགས་དོན་ཟེགས་མ་ཙམ་ཞིག་འཐོར་བའི་དགེས།།
དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་ཅིང་།།
སྨིན་གྲོལ་བོན་གྱིས་ས་གསུམ་ཡོངས་ཁྱབ་ཤོག།