༄༅།། བྱང་ཐང་རྫི་བོའི་ཉམས་མགུར།
༡༽ མི་མངོན་ནམ་མཁའི་དབྱིངས་སུ།།
སྙིང་རྗེའི་ལྷ་ཞིག་ཡོད་ན།།
འགྲོ་བ་མི་རིགས་ཀུན་ལ།།
མཐོ་དམན་མེད་པར་གཟིགས་ཤོག།
༢༽མི༵་ལུས་རིན་ཆེན་ཐོབ་ཀྱང་།།
མི༵་ཚེའི་རིན་ཐང་མ་ཤེས།།
མི༵་མེད་ལུང་སྟོང་འདི་རུ།།
མི༵་ཚེ་ཟད་ན་སྐྱོ་བ།།
༣༽གཡང་དཀར་ཁྱུ་ཞིག་མ་གཏོགས།།
གྲོགས་མེད་ལུག་རྫི་ཁེར་རྐྱང་།།
ས་མཐའི་བྱང་སྟོང་འདི་འདྲར།།
ལས་ཀྱིས་བསྐོས་པ་ཨེ་ཡིན།།
༤༽རྐང༵་འགྲོས་ལུག་རྫི་ཟེར་བ།།
རྐང༵་བཞི་མེད་པའི་དུད་འགྲོ།།
རྐང༵་གཉིས་མི་རིགས་ཤིག་གི།
རྐང༵་འདྲེན་མིན་ན་གང་ཡིན།།
༥༽དྲིན་ཆེན་ཕ་ལོས་བཟོས་པའི།།
དྲོ་འཇམ་ལུ་གུའི་ཚར་རུ།།
ལོག་ཆར་ཉིན་དགུ་མཚན་དགུས།།
ཕྱི་ནང་མེད་པར་བང་སོང་།།
༦༽བརྩེ་ལྡན་ཨ་མས་བསྐུར་བའི།།
ཡོས་གྲོ་ཁྲི་དཀར་སྟོང་ནག།
དཔྱིད་གསུམ་ཉི་མ་ཀླད་སྐོར།།
ལྟོགས་པའི་ལྟོགས་རོགས་ངོ་མ།།
༧༽གྲང་ངར་ལྷགས་པའི་ཐོག་མདའ།།
རུས་པའི་རྐང་ལ་མ་རྒྱག།
བྱང་ཐང་ཉི་མ་སྔོ་རིལ།།
རྫི་རྒན་འཁྱགས་པའི་འཁྱགས་རོགས།།
༨༽རྒྱ་ཟས་ལེ་འུ་བཅོ་བརྒྱད།།
རི་རྩེ་འདི་ལ་འཛོམས་ན།།
སྟོང་ཉིད་སྒོམ་པའི་གྲོད་པ།།
ལྟོགས་ནད་འདི་འདྲ་ཨེ་འབྱུང་།།
༩༽ཆུ་བོ་ཡར་ཀླུང་གཙང་པོ།།
ཁ་ཞེང་ཆེ་བས་ཅི་ཕན།།
སྐོམ་པས་གདུང་བའི་མི་ལ།།
ཐིགས་པ་ཙམ་ཡང་མེད་བ།།
༡༠༽ལ་ཁའི་སྤྱང་རྒན་རྔ་རིང་།།
སྡུག་སྐད་དེ་འདྲ་མ་རྒྱག།
ལུག་རྫི་ང་ཡི་རྣ་བར།།
ཚེར་མ་ལས་ཀྱང་རྩུབ་པ།།
༡༡༽སྒོ་རྩའི་ཁྱི་རྒན་རྒྱ་ལུ།།
མཚན་ལ་དེ་ཙམ་མ་ཟུག།
བུ་ཆུང་གཉིད་ལམ་སྐྱིད་པོ།།
ནམ་མཁའི་དབྱིངས་སུ་གཏོར་སོང་།།
༡༢༽མ་མོ་ཁྱི་སྲེ་རྒལ་ནག།
དྭངས་གཙང་ཆུ་འགོ་མ་སྙོགས།།
ཁོར་ཡུག་སྲུང་སྐྱོབ་མེད་ན།།
འཛམ་གླིང་བདེ་ཐབས་ཨེ་ཡོད།།
༡༣༽ཤབ་གཟན་མུག་རོ་མགོ་ཆེ།།
གར་ཞིམ་རྩྭ་དེ་མ་ཟ།།
ཉམ་ཆུང་ལུ་གུ་འདི་དག།
མུ་གེས་ཤི་ན་ཅི་བྱེད།།
༡༤༽མ་རྒན་ཁ་མང་སེམས་ཆུང་།།
བུ་ང་སྔ་མོར་མ་འབོད།།
ཐོ་རངས་གཉིད་ཀྱི་ཞིང་ཁམས།།
འོ་མ་ལས་ཀྱང་མངར་བ།།
༡༥༽གཡང་མོ་མ་བུར་བསམ་ན།།
རི་ལ་འཚོ་འདོད་ཡོད་ཀྱང་།།
ཟ་འདྲེ་སྤྱང་འཁྱམས་ཁེར་རྒྱུག།
ཐུག་ན་རང་ཡང་འཇིགས་པ།།
༡༦༽ཡིད་འོང་ལུ་གུ་ལག་སྐྱེས།།
དྭངས་གཙང་ཆུ་ལ་དགའ་ཡང་།།
སྡིག་རྒན་ཆུ་སྲིན་གྲེ་བར།།
ཚུད་ན་ཐར་པ་མི་འདུག།
༡༧༽འུར་རྡོ་ཆུ་མིག་དགུ་སྒྲིལ།།
དཔའ་ངར་ཁ་ཕོ་སྡོམས་དང་།།
སྤྱང་རྒན་ཚེ་སྲོག་ཕྲོལ་ན།།
ཤི་ཡང་བློ་སེམས་བདེ་བ།།
༡༨༽ལུང་ཁུག་རྫི་རྒན་ཁ་ལ།།
སྙན་པའི་གླུ་ཞིག་མེད་ཀྱང་།།
དཀའ་སྡུག་ཡིད་ཀྱི་སྨྲེ་ངག།
མ་ཐུབ་ཕྱི་རུ་ཤོར་སོང་།།
༢༠༠༩་༡༠་༡༢ཉིན།