ཁྱུང་གསེར་ཞུན་གྱི་ཟིན་ཐོ།----དལ་མཚོའི་རླབས་ཕྲེང་།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།

           བསྟན་འཛིན་རྣམ་རྒྱལ།

      ཁ་པར།    ༡༣༦༤༨༩༦༩༠༩༦

ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
བྱམས་འབུམ་ལས་གསུངས་པའི་དབུ་མའི་གཏན་ཚིགས་སྐོར། 
[ 2011/12/7 14:29:00 | By: ཁྱུང་གསེར་ཞུན། ]
 

༄༅།། །།ཡེ་གཤེན་བཀོད་པ་དོན་འབུམ་ལས་གསུངས་པའི་དབུ་མའི་ལྟ་བ་

སྒྲུབ་བྱེད་ཀྱི་གཏན་ཚིགས་སྐོར་ཅུང་ཟད་གླེང་བ།།

 

༧ཇི༵་ལྟར་རང་གིས་གཟིགས་པའི་དོན། །

ཇི༵་བཞིན་གཞན་ལ་བརྩེ་བས་གདམས།།

ཇི༵་སྙེད་འགྲོ་མགོན་དམུ་རྒྱལ་གཤེན། །

ཇི༵་སྲིད་བར་དུ་སྐྱབས་སུ་བསྙེན། །

           

༧ག༵ང་གི་གསུང་རབ་ཟབ་མོ་ལས། །

             ག༵ང་དག་ཆ་ཤས་ཙམ་རེས་ཀྱང་། །

             ག༵ང་ལའང་བསོད་ནམས་མཆོག་སྦྱིན་པའི།།

             ག༵ང་ཞིག་གླེང་འདི་སྐལ་བཟང་སྙམ། །

 

དེ་ལྟར་འདིར་ཐེག་པ་ཆེན་པོ་ཡེ་གཤེན་ནམ་དབུ་མ་བའི་ལྟ་བ་གཏན་

ལ་འབེབས་བྱེད་ཀྱི་གཏན་ཚིགས་སྐོར་ཞིག་གླེང་འདོད་པས།   སྤྱིར་གྲུབ་

མཐའ་སྨྲ་བ་དག་གིས་དང་པོ་གཏན་ལ་འབེབས་པའི་གཞི་དང་།  བར་དུ་

ཉམས་སུ་ལེན་པའི་ལམ། ཐ་མ་ཇི་ལྟར་གྲུབ་པའི་འབྲས་བུ་བཅས་འདོད་པ་

བཞིན། ཐེག་པ་འདིས་བཞེད་པ་ནི།  གཞི་དབུ་མ་བདེན་གཉིས་ཟུང་འཇུག

ལམ་དབུ་མ་ཐབས་ཤེས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་

སྟེ་མཐའ་གཉིས་ཁེགས་པའི་ཆིངས་ཆེན་པོ་གསུམ་གྱི་སྒོ་ནས་གྲུབ་མཐའ་

བཟུང་ཞིང་། ཐོག་མར་གཞི་འམ་ལྟ་བ་གཏན་ལ་འབེབས་པ་ལ། དད་པ་ཙམ་

མམ།ཁ་ཕོ་ཙམ་གྱིས་མ་ཡིན་པར་གཏན་ཚིགས་ཡང་དག་འབའ་ཞིག་ལ་བརྟེན་དགོས་ཤིང་།  གཏན་ཚིགས་དེ་ཡང་དགོས་པའི་དབང་གིས་ཆེན་པོ་དང་། སིལ་བུ་སོགས་རྣམ་གྲངས་མང་ཉུང་གཞུང་སོ་སོ་ནས་བསྟན་ཚུལ་དུ་མ་ཞིག་བྱུང་བ་ལས། སྟོན་པའི་བཀའ་ཚད་མ་བྱམས་མ་འབུམ་ལྔའི་ཡེ་གཤེན་བཀོད་

པ་དོན་འབུམ་ལྟར་ན་གཞུང་དེ་ཉིད་ལས། ཡེ་གཤེན་ཆེན་པོ་ཞེས་པའི་ངེས་

ཚིག་ནི། ཡེ་ནས་སྣང་ཞིང་སྲིད་པ་ཐམས་ཅད་ཡེ་གཤེན་གྱི་དགོངས་པ་ཡིན་

ཏེ། ཞེས་བསྒྲུབ་བྱ་མདོར་བསྟན་པ་དང་། ཡང་། བརྟགས་ན་གཞན་གང་ཡང་

མེད་པའི་ཕྱིར་རོ།  བརྟག་པའི་གནས་གཉིས་ཏེ། ཡུལ་དང་ཤེས་པའོ། ཞེས་

པ་སོགས་ནས། སེམས་ཅན་ཡོངས་ཀྱི་མཐའ་བསྟན་པ། །འདི་ལས་འགྲོ་ས་མེད་

པར་བཤད།  །ཅེས་པའི་བར་གྱིས་སྒྲུབ་བྱེད་སོགས་ཀྱི་དོན་རྣམས་རྒྱས་པར་

བསྟན་ཅིང་། རོང་སྟོན་གྱི་འབུམ་འགྲེལ་ལས། ཡང་རིགས་པ་ལ་བརྟེན་ནས་

ཤེས་པར་བྱའོ། གཅིག་དང་དུ་བྲལ་གྱི་རིགས་པ། ཡོད་མེད་སྐྱེ་འགོག་དང་། མུ་བཞི་སྐྱེ་བྲལ་དང་། གཡུང་དྲུང་གཟེར་ཆེན་དང་། རྟེན་འབྲེལ་གྱི་རྟགས་ལ་

བརྟེན་ནས་ཐམས་ཅད་བདེན་མེད་དུ་ཤེས་པར་བྱའོ།  ཞེས་པའི་དོན་ཡེ་

གཤེན་བཀོད་པ་དོན་འབུམ་གྱི་ངོས་ནས་བསྟོད་པའི་ལེའུ་ལས།  སྣང་བར་

གྲུབ་པ་བདེན་མེད་དེ།  །རང་གཞན་རྒྱུ་མེད་གཉིས་ཀ་ལ། །བརྟག་ན་སྐྱེ་

བའི་གནས་མེད་དེ། །རང་ལས་རང་སྐྱེ་རྒྱུ་འབྲས་མིན།  །གཞན་ལས་གཞན་

སྐྱེ་ངེས་མེད་འགྱུར།  །གཉིས་ལས་སྐྱེ་ན་གཅིག་མི་སྲིད། །མེད་ལས་སྐྱེ་ན་

དངོས་མི་བདེན།  །དེ་ཕྱིར་སྣང་བའི་རྒྱུ་མ་གྲུབ།  །ཅེས་པས་གཡུང་དྲུང་

གཟེར་ཆེན་གྱི་གཏན་ཚིགས་དང་། ཡང་།  འབྲས་བུ་ཡོད་མེད་མི་དམིགས་

ཏེ། །ཡོད་ལས་དེ་སྐྱེ་འབྲས་མ་ཡིན། །མེད་པ་སྐྱེ་ན་རྒྱུ་མེད་འགྱུར། །དེ་ཕྱིར་མ་

བྱུང་འབྲས་བུ་མིན། །ཞེས་པས་ཡོད་མེད་སྐྱེ་འགོག་དང་། ཡང་། དུ་མ་འདུས་

པས་གཅིག་བསྐྱེད་ན། །དངོས་པོ་བརྒྱ་སྟོང་བྱེད་རྩོལ་འགྱུར། །དངོས་མེད་ནམ་མཁའ་ཅིས་མི་འགྱུར།  །གཅིག་གིས་གཅིག་བསྐྱེད་ཐམས་ཅད་གཅིག །མང་

པོར་སྣང་བ་ག་ལ་སྲིད། །ཅེས་པས་མུ་བཞི་སྐྱེ་འགོག་དང་། ཡང་། ངོ་བོ་རྣམ་

པར་དཔྱད་བྱས་ན། །དངོས་པོ་བདེན་པ་ཐོབ་པ་ཞིག །སྲིད་པ་ན་ཡང་མི་རྙེད་དོ། །དུ་མ་འདུས་ཀྱང་ག་ལ་འབྱུང་། །དེ་ཕྱིར་འཁོར་བ་བདེན་མེད་དོ། ། ཞེས་

པས་གཅིག་དང་དུ་བྲལ་གྱི་གཏན་ཚིགས་དང་།  ཡང་། དེ་ཕྱིར་འཁོར་བ་

བདེན་མེད་ན། །ཞེས་སོགས་ནས། གཏད་འཆའི་དྲི་མས་གོས་མ་མྱོང་། །ཞེས་

པའི་བར་གྱིས་རྟེན་འབྲེལ་ཆེན་པོའི་གཏན་ཚིགས་སོགས་རྒྱས་པར་བསྟན་པ་ཡིན་ནོ།། དེ་ལ་ཁ་ཅིག་ན་རེ། དེ་ལྟར་གཞུང་ཚིག་དེ་དག་གིས་གཏན་ཚིགས་

དེ་བཞིན་བསྟན་པའི་རྒྱུ་མཚན་གང་གིས་ཤེས་ཤེ་ན། འདིར་གཏན་ཚིགས་སོ་

སོའི་མིང་མ་གསལ་ཡང་ཐེག་རིམ་དང་དགོངས་དོན་མཚུངས་པའི་སྒོ་ནས་དེ་ལྟར་བཞག་པ་ཡིན་སྟེ། རོང་སྟོན་ཆེན་པོས། རིགས་པ་འདི་དག་ནི་ཐེག་རིམ་

ལས་ཤིན་ཏུ་རྒྱས་པར་བསྟན་པ་ལས་བལྟ་བར་བྱའོ། ཞེས་གསུངས་པའི་དོན་

ཡང་དེ་ལྟར་ཡིན་པའི་ཕྱིར།  གཞན་ཡང་གཏན་ཚིགས་དེ་དག་གི་སོ་སོའི་

དགག་བྱ་དང་། དགག་བྱ་དེ་དག་འདོད་པའི་ཕྱོགས་སྔ། རང་ལུགས་གཏན་

ཚིགས་ཀྱི་ཕྱོགས་ཁྱབ་གྲུབ་ཚུལ་སོགས་ཞིབ་པར་ཤེས་དགོས་ཀྱང་ཡིག་ཆ་

གཞན་དུ་གསལ་བས་འདིར་བསྐྱར་ཟློས་ཀྱི་ངལ་བ་མ་བྱས་སོ། བྱས་པ་ལ་ཁ་

ཅིག་གིས།  གོང་གི་འབུམ་ལྔའི་ལུང་དོན་ཡོངས་འཛིན་རིན་པོ་ཆེའི་དཀའ་

ཐུབ་རྣམ་བཤད་ལས་མུ་བཞི་སྐྱེ་འགོག་དང་༼འགྲེལ་དོན་ལྟར་ན་གཡུང་དྲུང་གཟེར་ཆེན་ཡིན༽། ཡོད་མེད་སྐྱེ་འགོག་དང་། གཅིག་དུ་བྲལ་༼ལུང་འདྲེན་

ལྟར་ན་མུ་བཞི་སྐྱེ་འགོག་འདིར་འདུས་༽གསུམ་དངོས་ཟིན་ལ་གསུངས། ཞེས་

དང་། མ་རིག་ངོས་འཛིན་ལས་ཀྱང་དེ་བཞིན་གསུངས་པ་དེ་རང་ལུགས་སུ་

འདོད་དགོས་པ་གང་ཞིག  དེ་ལྟར་ན་ཁྱོད་ཀྱིས་འདོད་པ་དེ་ཡིག་ཆ་དེ་

གཉིས་དང་འགལ་བའི་ཕྱིར།  ཟེར་ན། རྟགས་ཕྱི་མ་མ་གྲུབ། དེར་ཐལ། དེ་

གཉིས་ཀ་ལས་གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་མ་གསུངས་པའི་ཕྱིར། མ་གྲུབ་ན།  དེར་ཐལ། དེར་དངོས་སུ་མ་གསུངས་པའི་ཕྱིར་ན། མ་ཁྱབ་སྟེ། དེར་གཏན་ཚིགས་གསུམ་དངོས་སུ་བསྟན་ཅིང་གཡུང་དྲུང་གཟེར་ཆེན་གྱི་

གཏན་ཚིགས་ཤུགས་ལས་བསྟན་པར་འདོད་དགོས་པའི་ཕྱིར།  མ་གྲུབ་སྟེ་

མུ་བཞི་སྐྱེ་འགོག་ལས་གཞན་པའི་གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་

ཤིག་མ་དམིགས་པའི་ཕྱིར་ཏེ།  རྒྱུ་མཚན་ནི་དེ་གཉིས་ཀར་རྟགས་ལ་ཟུར་

བཞིར་ཡོད་པ་འདྲ་བའི་ཕྱིར་ཟེར་ན།  ཤིན་ཏུ་མ་ཁྱབ་སྟེ། དེ་གཉིས་ཀར་

རྟགས་ཟུར་བཞི་ཡོད་པར་མཚུངས་ཀྱང་ཁྱད་པར་དངོས་པོ་རང་དང་། གཞན་དང་།   རང་གཞན་གཉིས་ཀ་དང་།   རྒྱུ་མེད་པ་བཞི་ལས་

སྐྱེ་བ་དགག་པའི་གཏན་ཚིགས་དེ་གཡུང་དྲུང་གཟེར་ཆེན་གྱི་གཏན་ཚིགས་

དང་། ཡང་རྒྱུ་དུ་མས་འབྲས་སུ་གཅིག་བསྐྱེད་པ་དང་། རྒྱུ་གཅིག་གིས་འབྲས་

བུ་དུ་མ་བསྐྱེད་པ། རྒྱུ་དུ་མས་འབྲས་བུ་དུ་མ་བསྐྱེད་པ། རྒྱུ་གཅིག་གིས་འབྲས་

བུ་གཅིག་བསྐྱེད་པ་དགག་པའི་གཏན་ཚིགས་དེ་མུ་བཞི་སྐྱེ་འགོག་གི་གཏན་

ཚིགས་དང་།  གཞན་འབྲས་བུ་ཡོད་པ་སྐྱེ་བ་དང་མེད་པ་སྐྱེ་བ་དགག་པའི་

གཏན་ཚིགས་དེ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། ཡང་དག་པའི་གཅིག་

དང་ཡང་དག་པའི་དུ་མ་དགག་པའི་གཏན་ཚིགས་དེ་གཅིག་དུ་བྲལ་གྱི་

གཏན་ཚིགས་སུ་འདོད་དགོས་པའི་ཕྱིར།  མ་གྲུབ་ན། དེར་ཐལ། དེ་ལྟར་

འཇོག་པ་ཐེག་འགྲེལ་སོགས་ཚད་ཐུབ་ཀྱི་ལུང་དུ་མའི་དགོངས་མཐུན་ཡིན་

པའི་ཕྱིར། མ་ཁྱབ་ན། འཁོར་གསུམ། མདོར་ན་དཀའ་ཐུབ་རྣམ་བཤད་ལས་

གཏན་ཚིགས་དེ་དག་གྲངས་འདྲེན་སྐབས་རྒྱུ་མཚན་གཞན་དབང་གིས་གོང་འོག་ཅུང་འཁྲུགས་པའམ་འདྲེས་པ་ལས་གཏན་ཚིགས་བཞི་ཀའི་དོན་ཚང་

བར་འགྲེལ་བ་ལ་སུས་ཀྱང་བསྙོན་དུ་མེད་པར་སྣང་བས་ཁོ་བོའི་འདོད་པ་དེ་དང་ཅིའི་ཕྱིར་འགལ།   འོན་ཀྱང་འདི་དག་ཁོ་བོའི་རྨོངས་འཆར་ཙམ་

ལས་བརྟག་མི་ཆོག་པའི་རིགས་མ་ཡིན་པས་ན་དོན་གཉེར་ཅན་མཆིས་ཚེ་ཇི་བཞིན་འཐད་མིན་བློ་གྲོས་ཞིབ་མོས་དཔྱད་པར་མཛོད་ཅིག

༧དེ༵་ལྟར་ཟབ་མོའི་གཞུང་ཆེན་དོན།།

དེ༵་ཉིད་མཁས་ནས་མ་ཡིན་ནའང་།།

དེ༵་ལ་མོས་པའི་བློས་བསྐུལ་ཏེ།།

དེ༵་སྐད་སྨྲ་བའི་སྒོ་ནས་ཐལ།།

ཞེས་པ་འདི་ཡང་བསྟན་རྣམ་པས་ཆབ་མདོ་དགོན་དུ་རབ་མཛོད་ལྕགས་ཡོས་ལོའི་ལོ་སར་ངལ་གསོའི་སྐབས་རྩིས་འཁོར་དུ་བྲིས།།

 

 
 
Re:བྱམས་འབུམ་ལས་གསུངས་པའི་དབུ་མའི་གཏན་ཚིགས་སྐོར།
[ 2012/2/4 15:36:04 | By: yongdrom ]
 
yongdromལམ་དབུ་མ་ཐབས་ཤེས་ཟུང་འཇུག་ཞེས་པའི་དབུ་མ་པའི་ལུགས་ལ་ལམ་ཐབས་ཤེས་ཟུང་འཇུག་བྱེད་ཚུལ་ཇི་ལྟར་ཡིན་ནམ།
 
 
Re:བྱམས་འབུམ་ལས་གསུངས་པའི་དབུ་མའི་གཏན་ཚིགས་སྐོར།
[ 2012/2/2 18:22:44 | By: སྐུ་མགྲོན་pUlw5B(སྐུ་མགྲོན) ]
 
སྐུ་མགྲོན་pUlw5B(སྐུ་མགྲོན)ཧི་ཧི། རིགས་རྩལ་དཔྱད་སྟོབས་ལས་བྱུང་བའི་ལེགས་བཤད་འབེལ་སྤྲོ་རྒྱུར་མོས་མཐུན་དཔག་མེད་ཡོད་དོ། རེམས་རེམས། ཞུ།
བཙན་རྒོད་ནས།
 
 
Re:བྱམས་འབུམ་ལས་གསུངས་པའི་དབུ་མའི་གཏན་ཚིགས་སྐོར།
[ 2012/1/1 15:08:54 | By: སྐུ་མགྲོན་o6Kv40(སྐུ་མགྲོན) ]
 
སྐུ་མགྲོན་o6Kv40(སྐུ་མགྲོན)ཧ་ཧ་ཧ་ཧ།
ཡོངས་འཛིན་ཆེན་མོའི་དཀའ་ཐུབ་རྣམ་བཤད་ནོར་བཅོས་བྱས་པ་དེ་འདི་ཡིན་པ་རེད། ཧོ་ཧོ། ག་ལེར་འདོན་གི་ཡིན།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.