ཁ་བྱང་མེད་པའི་སྡུག་གཏམ།།
མཐོ་པོས་སྡིག་དམོད་བྱས་ཀྱང་ངུ་ཤར་ཤར།།
དམའ་བས་ངོས་དགའ་ལབ་ཀྱང་བགད་ལ་ལ།།
གཞན་གྱི་ཟུར་ཟ་བྱེད་དུས་ཁྲོ་ཚར་ཚར།།
སེམས་པ་བལ་ལས་ཡོང་བའི་མི་བུ་ལ།།
སྙིང་གཏམ་ཇི་ལྟར་བཤད་ཀྱང་སྟོང་པ་འགྱུར།།
ངོས་ནས་འཛུམ་མདངས་སྟོན་ཁུལ་ཁྲ་ལམ་ལམ།།
ལྐོག་ནས་བརྒྱ་བཤད་སྟོང་བཤད་འུར་ཟིང་ཟིང་།།
བར་ནས་དབྱེན་བཅུག་མང་ལ་གློག་འཁྱུག་འཁྱུག །
ཕུང་གསུམ་མགོ་དམར་རིགས་དེ་མགྱོགས་མྱུར་མྱུར།།
བློ་ཡིད་གཏད་མཁན་ཡོད་ན་ཀླད་མེད་རེད།།
ཞོགས་པ་བ་ལྟར་ཉལ་ནས་ཡི་མུག་མུག །
ཉིན་གུང་ཕག་ལྟར་བཟའ་ནས་འཛུམ་མུལ་མུལ།།
དགོང་མོ་ཁྱི་ལྟར་རྒྱུག་ནས་ཁོལ་འཚབ་འཚུབ།།
བསམ་མེད་ཁྲལ་མེད་ལས་མེད་ཡ་མེད་ལ།།
ཨུ་ཚུགས་བྱེད་མཁན་ཡོད་ན་སྨྱོན་པ་ཡིན།།
ལུས་པོ་རི་ལྟར་བརྗིད་པའི་བརྗིད་ཆག་ཆགས།།
སེམས་པ་ནགས་ལྟར་སྤུངས་འདྲ་ནག་ཐིམ་ཐིམ།།
ལུས་སེམས་གཉིས་ཀ་མི་མཐུན་དམར་ལམ་ལམ།།
བཟང་ངན་ཤན་འབྱེད་མེད་པའི་མགོ་འཐུམ་ལ།།
བསམ་གཞིགས་ཇི་ལྟར་བྱས་ཀྱང་སྙིང་རྗེས་ཡུལ།།
- ཟིན་ཐོ་གོང་མ།དེ་རིང་གཟའ་མཇུག་གི་ལེའུ།།
- ཟིན་ཐོ་འོག་མ།གློ་བུར་དུ་རྙེད་པའི་སྙན་ངག་་་་གྲོགས་ལ་ཕུལ།།