བདེན་པ་གཙུག་ཏུ་བཀུར་ཡོད།།
འོལ་མོ་ཞེས་པའི་ལུང་པའི་ནང་དུ།།
གཤེན་རབ་ཟེར་བའི་མྱི་ཆེན་འཁྲུངས་ཡོད།།
ཐེག་པ་རིམ་དགུ་གཏན་ལ་ཕབ་ནས།།
སེམས་ཅན་ཀུན་ལ་ཕན་སེམས་བཅངས་ཡོད།།
ཁྱབ་པ་ཞེས་པའི་བདུད་རྒན་ཞིག་གིས།།
ཕྲག་དོག་དབང་གིས་མ་དགའ་གྱུར་ཡོད།།
མྱི་བོ་ཆེ་ལ་འགྲན་རྩོད་བྱས་ནས།།
ཆོ་འཕྲུལ་སྣ་མིན་སྣ་ཚོགས་བསྟན་ཡོད།།
སེམས་ཅན་ལས་དབང་བཙན་པོ་ཞིག་གིས།།
མུན་པའི་དཀྱིལ་ནས་སྒྲོན་བསྐལ་ཤར་ཡོད།།
གཡུང་དྲུང་བོན་གྱི་བསྟན་པ་དར་ནས།།
ཐེག་པ་རིམ་དགུ་སྤྱོད་དབང་ལྡན་ཡོད།།
མདོ་སྔགས་རྫོགས་གསུམ་ཉམས་སུ་བླངས་ནས།།
འཇའ་ལུས་འཕོ་ཆེན་ཉེར་བཞི་བྱོན་ཡོད།།
འཆད་རྩོད་རྩོམ་གསུམ་བརྡར་ཤ་བཅད་ནས།།
རྒྱལ་བ་གཉིས་པ་མཉམ་མེད་བྱོན་ཡོད།།
བོན་གྱི་བསྟན་པ་མཐའ་རུ་དར་ནས།།
བསྟན་པའི་དར་ཆེན་མཁའ་རུ་བསྒྲེངས་ཡོད།།
དྲང་པོའི་ལམ་ཁའི་མདའ་ནས་བགྲོད་པས།།
བདེན་པའི་ཚིག་གིས་ཕུ་ནས་གསལ་ཡོད།།
རྒྱལ་བས་བཀའ་ཚད་གཙུག་ཏུ་བཀུར་ནས།།
འཕགས་པས་ལུང་ཚད་རྒྱབ་རྟེན་བྱས་ཡོད།།
རང་གི་ཚད་མས་སྒྲོ་འདོགས་བཅད་ནས།།
རིག་པས་འཕྲུལ་འཁོར་སྐོར་ནས་ལྡིང་ཡོད།།
བཟང་ངོ་ཟེར་ནས་བསྟོད་བསྔགས་མེད་ཀྱང་།།
བདེན་པ་གཉིས་ཀྱི་ལམ་ནས་ཐོན་ཡོད།།
ངན་ནོ་ཟེར་ནས་སྨད་ར་ཡོད་ཀྱང་།།
སྐྱེས་ཆེན་དམ་པའི་ཤུལ་འཛིན་བྱས་ཡོད།།
༢༠༡༥/༤/༢༦/ཉིན་གྲོགས་པོ་ཞིག་གི་ནང་དུ་འགྲོ་ཞོར་དུ་རྙེད་པའི་བཞུད་ཟིན་པའི་མྱི་བོ་ཆེའི་ལམ།།
- ཟིན་ཐོ་གོང་མ།མ་ཡུམ་བཀའ་དྲིན་ཆེ།།
- ཟིན་ཐོ་འོག་མ།ཀ་ཁའི་རིན་ཐང་མ་རྟོགས་ན་དེ་ཙམ་རེད།