ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གཏམ་བཟང་ཐོས་པ་དགའ་བ། | 2017/1/26 18:00:00

01.jpg

   དེ་རིང་འདིར་ངས་ཞུ་འདོད་པའི་སྐད་ཆ་ཞིག་ཡོད་པ་དེ་གང་ཡིན་ཞེ་ན་ཕ་ཡུལ་ཁྱུང་པོ་སྟེང་ཆེན་རྫོང་སྟེང་ཆེན་གྲོང་བརྡལ་སྟེང་ཆེན་གྲོང་ཚོ་ནས་འཚར་ལོངས་བྱུང་བའི་གསར་སྐྱེས་ཞིག་གི་ལོ་རྒྱུས་མདོར་ཙམ་ཞིག་དང་ཁོང་གིས་ལོ་མང་རིང་དཀའ་སྡུག་མང་པོ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་པ་སྟེ། དམིགས་བསལ་གྱི་ཁྱུང་པོར་རིག་གནས་གསར་གཏོད་ཅིག་བྱས་ཡོད་པ་དེ་གཉིས་ཡིན།

02.jpg

   དང་པོ། ཕ་ཡུལ་ཁྱུང་པོ་ནས་འཚར་ལོངས་བྱུང་བའི་གསར་སྐྱེས་དེའི་མིང་ལ་ར་མ་ཚེ་དབང་ནམ་མཁའ་ཞེས་འབོད་པ་དང་། ཁོའི་ཁྱིམ་ཚང་གི་འཚོ་བའི་གནས་སྟངས་རོང་འབྲོག་གཉིས་ལྡན་གྱི་ལས་ཀའི་དཀའ་ངལ་རྙོག་ཟིང་ཧ་ལས་པོ་དེ་འདྲ་ཡོད་པ་ཡིན་ཀྱང་།ཁོང་ནི་ཆུང་དུས་སུ་དམའ་འབྲིང་སོགས་སློབ་གྲྭར་འགྲོ་བའི་སྐལ་བ་ལྡན་ཏེ། ཁོང་ལ་ལྷན་སྐྱེས་ཀྱི་གཤིས་ཀའམ་དགའ་ཕྱོགས་དང་མོས་ཕྱོགས་ཆེ་བ་ཞིག་ཡོད་པ་དེ་ནི་རི་མོ་འདྲ་མིན་དང་ལྡེབས་རིས་སོགས་ལ་དགའ་པོ་ཡོད་པའི་དབང་གིས་ཆུང་དུས་སློབ་གྲྭར་འགྲོ་ཞོར་"རྡོ་ལེབ"དང་"ས"་ལ་སོགས་པ་གང་བདེ་བདེའི་སྟེང་དུ་རི་མོ་འདྲ་མིན་བྲིས་ནས་འདི་"ལྷ"ཡིན་འདི་"མི"ཡིན་སོགས་ཟེར་ནས་མང་པོ་ཞིག་བཤད་བཞིན་དུ་ནར་སོན་ཡོང་བ་ཞིག་ཡིན་པ་ནི་ད་ལྟ་ཁོང་ཚོའི་ཁྱིམ་མཚེས་དང་གྲོང་རོགས་ད་དུང་སློབ་ཆུང་སྐབས་སུ་སློབ་གྲོགས་དེ་ཚོས་ཁོང་ལ་"རི་མོ་བ་ར་མ་"་ཞེས་མིང་བཏགས་དགོས་པའི་རི་མོའི་སྒྱུ་རྩལ་ཧ་ལས་ཧང་སང་དགོས་པའི་དམིགས་བསལ་གྱི་འདྲ་རིས་མང་པོ་བྲིས་མྱངས་བ་ལ་སོགས་པ་ངག་རྒྱུན་ནས་གྲགས་བཞིན་པ་དང་ཁོང་གིས་ཀྱང་བཤད་མྱངས་ཡོད།

03.jpg

   དེ་ནས་སློབ་ཆུང་ཐོན་རྗེས་དེ་བཞིན་དུ་སྔོན་ལས་ཀྱི་བག་ཆགས་སད་སྟོབས་དང་རྒྱུ་རྐྱེན་དུ་མ་ཞིག་འཛོམས་ཏེ་སྤྱི་ལོ་2007/ལོར་སྟེང་ཆེན་རྫོང་སློབ་འབྲིང་རི་མོ་འཛིན་གྲྭ་རུ་ཞུགས་ནས་ཁྱུང་པོའི་ལྷ་བྲིས་གྲགས་ཅན་དགེ་རྒན་ལྡོང་ཚ་ནོར་བུ་གཡུལ་རྒྱལ་གྱི་མདུན་ནས་ལྡོང་ལུགས་རི་མོ་དང་ཐིག་རྩ་ལ་སོགས་པ་ལོ་གསུམ་རིང་ལ་སྦྱོང་པ་ཧུར་བརྩོན་གནང་ནས་ཕུལ་བྱུང་གི་སློབ་མ་ཞིག་ཆགས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐུ་བཞིན་མཐར་2010/ལོར་སློབ་འབྲིང་སློབ་ཐོན་གྱི་ཕྱག་འཁྱེར་བཞེས་པ་རེད།

04.jpg

   སླར་ཡང་ཁོང་གིས་རང་སྦྱོང་དང་རང་མོས་ཐོག་ནས་ཁྱུང་པོའི་ལྷ་བྲིས་གྲགས་ཅན་ཡ་བཟའ་བུ་འབུང་དང་སྲུང་སྐྱབས་ཉི་མ་བུ་སྤུན་གཉིས་དགེ་རྒན་ལ་བརྟེན་ནས་མུ་མཐུད་ཁོང་གི་འདོད་མོས་ལྟར་རི་མོ་འབྲི་རྒྱུའི་ལམ་ལ་ཞུགས་ནས་2011/ལོར་གསར་དུ་དབུ་བརྙེས་པའི་༼ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང༽དུ་ལྡོང་ལུགས་རི་མོར་དཔེ་ཧ་ལས་དགོས་པ་དེ་འདྲ་སྦྱོང་པ་བྱས་ནས་

05.jpg

   2013/ལོར་ཆབ་མདོའི་གཙང་གསུམ་ཇ་རྟའི་གནའ་ལམ་ཁམས་པའི་རིག་གནས་འགྲེམ་སྟོན་ཁྲོད་ཁོང་གི་བརྩམས་ཆོས་དབལ་བོན་སྟག་ལ་མེ་འབར་གྱི་བྲིས་ཐང་ཞིག་ལ་སྡེ་ཁག་བཞིའི་ནང་ཕུལ་བྱུང་བྱ་དགའ་གཅིག་ཐོབ་ནས་ཕྱག་ཁྱེར་བཞེས་མྱངས་ཡོད།

06.jpg

   དེ་རྗེས་2014/ལོའི་ཁྱུང་པོའི་ལྷ་རིས་སྒྱུ་རྩལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་ནས་སློབ་ཐོན་དང་བསྟུན་ནས་ཐང་གའི་སྒྱུ་རྩལ་འགྲན་སྡུར་ཁྲོད་ཁོང་གི་བརྩམས་ཆོས་གཤེན་རབ་རྣམ་པར་རྒྱལ་བའི་བྲིས་ཐང་ཞིག་ལ་རིམ་པ་དང་པོའི་དང་པོ་བྱ་དགའ་ཐོབ་ནས་ཕྱག་འཁྱེར་ཡང་བཞེས་མྱངས་ཡོད།

07.jpg

   2016/9/པར་སྐབས་གསུམ་པ་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་ཕུལ་བྱུང་འགྲེམ་སྟོན་ཐོག་ར་མ་ཚེ་དབང་ནམ་མཁའ་ཁོང་གིས་ཕུལ་བྱུང་གཟི་བརྗིད་བྱ་དགའ་ཞིག་ཡང་བཞེས་མྱངས་ཡོད།

08.jpg

   གཉིས་པ། ཁོང་གིས་ལོ་མང་རིང་དཀའ་སྡུག་མང་པོ་བྱས་ནས་ཞིབ་འཇུག་གི་གྲུབ་འབྲས་གསར་པ་ཞིག་ཐོབ་ཡོད་པའི་སྐོར་ནས་བཤད་པར་བྱ་བ་ལ། ཁོང་ལ་དམིགས་བསལ་གྱི་ཞིབ་འཇུག་གི་ལས་ལ་ཞུགས་དགོས་པའི་རྣམ་རིག་དམིགས་བསལ་ཞིག་ཡོད་པ་འདི་ལྟར་རོ། ཁོང་རྫོང་སློབ་འབྲིང་རི་མོ་འཛིན་གྲྭའི་ཁྱུང་པོའི་ལྷ་བྲིས་གྲགས་ཅན་དགེ་རྒན་ལྡོང་ཚ་ནོར་བུ་གཡུལ་རྒྱལ་གྱི་སློབ་མ་ཡིན་པའི་སྐབས་སློབ་གྲོགས་ཚོ་དང་ལྷན་དུ་རི་མོ་སྦྱོང་བའི་དུས་ཤིག་ནས་"རྡོ་ཚོན"དང་"ཆུ་ཚོན"ཟེར་ཚོན་གྱི་རིགས་སྐོར་སྐད་ཆ་བཤད་རེས་ལ་བརྟེན་ནས་ཁོང་གིས་"རྡོ་ཚོན"ཞེས་པའི་ཚོན་དེའི་གྲུབ་ཆ་ཅི་ཡིན་པ་དང་ཐོན་ཁུངས་སོགས་གང་ནས་ཡིན་གསལ་ཁ་ཡོད་པ་ཤེས་རྗེས།

15.jpg

   2009/ལོ་ནས་བཟུང་རྡོ་ཚོན་འདིའི་གྲུབ་ཆ་རྡོ་ཡིན་པ་དང་རྡོ་དེའང་བོད་རང་རང་གི་ས་ལ་ཡོད་པ་རྟོགས་རྗེས། ང་ཚོའི་ཡུལ་ལ་རྡོ་ཡོད་པ་དང་ང་ཚོའི་ཡུལ་ལ་ཡོད་པའི་རྡོ་ལ་ཚོན་འབབ་རྒྱུ་མེད་པའི་རྒྱུ་མཚན་མི་འདུག་བསམ་ཏེ། ཉིན་མ་དེ་ནས་བཟུང་རྡོ་ཚོན་ཞེས་པ་དེ་ང་ཚོས་ཀྱང་ལོས་ཐོན་སྙམ་ནས་རྡོ་ལ་བརྟག་དཔྱད་བྱེད་འགོ་བརྩམས་འདུག

09.jpg

   2011/ལོའི་ལོ་དེར་སྟབས་ལེགས་པ་ཞིག་ལ་ཁོང་གི་དགེ་རྒན་ལྷ་བཟོ་གྲགས་ཅན་བུ་འབུང་དང་སྲུང་སྐྱབས་གཉིས་མཉམ་དུ་ཁྱུང་པོའི་རྡོ་ཡི་ཚོན་རེད་ཟེར་ནས་རྡོ་ཚོན་སྨུག་མདོག་ཞིག་གིས་རི་མོ་འབྲི་རྒྱུར་ཚོད་ལྟ་བྱེད་རྒྱུའི་གོ་སྐབས་རག་པའི་རྐྱེན་གྱིས། ཁོང་ལ་སྔར་ལས་ལྷག་པའི་བསམ་བློ་དང་སྙིང་སྟོབས་གོང་འཕེལ་སོང་ནས་ཁྱུང་པོའི་ལུང་པ་མི་ཉུང་བ་ཞིག་གི་རྡོ་ལ་ཞིབ་འཇུག་བྱས་ནས་ཉིན་ཅིག་ལ་ཁོས་དགེ་རྒན་བུ་འབུང་དང་སྲུང་སྐྱབས་གཉིས་ལ་རྡོ་ཚོན་སྐོར་ང་ཚོའི་ཕ་ཡུལ་ནས་རྡོ་ལ་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་སྙན་འབུལ་ཞུས་པས། ཁོང་ལ་དགེ་རྒན་རྣམ་གཉིས་ཀྱིས་ཐུགས་ཟབ་རྒྱས་ངང་ནས་ཞིབ་འཇུག་གི་ལས་ལ་དགའ་བའི་རྗེས་སུ་ཡི་རངས་དང་དེ་འདྲའི་དམིགས་བསལ་གྱི་བསམ་བློ་གཏོང་སྟངས་ཡང་སྤྱིར་བཏང་ཞིག་མ་རེད་ཟེར་ནས་ཁོའི་དགེ་རྒན་སྲུང་སྐྱབས་ཉི་མ་ཡང་ཧ་ལས་པོའི་དགའ་བའི་ཉམས་སྟོན་ཞོར་དུ་ཁོང་ལ་རྒྱབ་སྐྱོར་གནང་བ་རེད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ར་མ་ཚེ་དབང་ནམ་མཁའ་ཁོང་གིས་སྔར་ལས་ལྷག་པའི་དཀའ་ངལ་མང་པོ་བགྲོད་འདུག ད་དུང་ཁོང་གི་རྡོ་ཚོན་དེར་ཞིབ་འཇུག་སྐབས་སུ་ང་ཚོའི་ཕ་ཡུལ་གྱི་ལྷ་བྲིས་ཕོ་གསར་ཞིག་གིས་ཁོང་ལ་ཁྱེད་ཀྱིས་རྡོ་ཚོན་དེ་དངོས་སུ་ལག་ལེན་བསྟར་ཐུབ་ཡོང་ན། ངས་"མགོ་དང་ལག་དང་པུས་མོ་ས་ལ་བཙུགས"ནས་"ཚེ་དབང་ནམ་མཁའི་མདུན་ལ་ཕྱག་འཚལ་ཆོག"ཅེས་སྐད་ཆ་དེ་དག་བཤད་མྱངས་འདུག

10.jpg

   2012/ལོ་དང་2013/ལོ་དང་2014/ལོ་བཅས་ལ་རི་མོའི་སློབ་གྲྭར་འགྲོ་ཞོར་དུ་ཁོམ་སྐབས་ལ་བསྟུན་ནས་རི་ཡི་འགོ་དང་ཐང་གི་གཞུག་གང་སར་རྡོ་ཉུག་ནས་སོང་བའི་མ་ཚད། སློབ་ཐོན་རྗེས་ནས་2015/ལོར་ཁོའི་སློབ་གྲོགས་སྟོབས་ལྡན་བློ་གྲོས་ཀྱང་རོགས་བཙལ་ནས་ཁོང་གཉིས་རྡོ་ཉུག་མུར་མཉམ་དུ་སོང་བ་ཞིག་རེད་འདུག སྔོན་མ་རི་མོ་སློབ་གྲྭ་ཐོན་རྗེས་ནས་ད་ལྟ་བར་དུ་ཁོང་གིས་རང་ཁྱིམ་ནང་དུ་བྲིས་པའི་བརྩམས་ཆོས་ཐང་ག་མི་འདྲ་བ་དུ་མ་ཞིག་ཡོད་པ་དང་

11.jpg

   2016/ལོར་ཁྱུང་པོའི་རྡོ་ལས་ཐོན་པའི་གསར་གཏོད་ཀྱི་ཚོན་ཆེན་དྲུག་ཅན་གྱི་ཁྱུང་པོའི་"རྡོ་ཚོན"ཅིག་དངོས་སུ་ལེགས་གྲུབ་བྱུང་ནས་ཁོང་ཉིད་ཀྱིས་ད་ལྟ་དངོས་སུ་བཞེངས་བཞིན་པའི་"མ་མོ་སྦོད་གཏོང"གི་ཐང་ག་ལས་"ཇོ་བོ་བྲག་བཙན"གྱི་ལྷ་རིས་རི་མོ་ཞིག་ཁྱུང་པོའི་"རྡོ་ཚོན"གྱིས་བྲིས་ཡོད་པ་དང་། དེ་བཞིན་ཉིན་ཅིག་ལ་ཁོང་ང་ཚོའི་གྲོང་ཚོ་ནས་ཉེ་འཁོར་གྱི་ནག་སྟོད་མཚོ་ཁ་པ་ཞེས་པའི་གྲོང་ཚོ་རུ་ཁོའི་གྲོགས་པོ་ཚེ་དབང་སྐལ་བཟང་གི་ཁྱིམ་ནང་འགྲོ་ཞོར་ཞིག་ལ་ཁོའི་དགའ་བའི་ཉམས་ཀྱིས་དེ་འདྲའི་གྲུབ་འབྲས་ཤིག་ཐོན་ཡོད་པའི་སྐོར་སྐད་ཆ་འགའ་བཤད་ཚེ། གྲགས་ཅན་ལྷ་བྲིས་པ་ལྡོང་མདོའི་དབུ་མཛད་ཆེན་མོ་ཕུན་ཚོགས་འབྱོར་རྒྱས་ལགས་ཀྱིས་ངོ་མ་རྟེན་འབྲེལ་འགྲིག་སོང་ཡང་གསུངས་འདུག དབུ་མཛད་ཁོང་གིས་མདང་ནུབ་ང་ལ་རྨི་ལམ་ཞིག་རྨིས་བྱུང་རྨི་ལམ་ནང་དུ་ཁྱུང་པོ་ལུང་པའི་ས་རྡོ་དེ་དག་"གཡུ"བྱུ་རུ"ལ་འགྱུར་བསྡད་བ་རྨིས་བྱུང་། རྨི་ལམ་དེ་དེ་རིང་གི་གཏམ་བཟང་དེར་རྟེན་འབྲེལ་འགྲིག་འདུག་གསུངས་ནས་དབུ་མཛད་ཁོང་གིས་རྟེན་འབྲེལ་ཆེན་པོ་ཞིག་ལ་བརྩིས་ནས་ར་མ་ཚེ་དབང་ནམ་མཁའ་ཁོང་ལ་རྡོ་དེ་ལག་བསྟར་བྱེད་སྟངས་སྐོར་མང་པོ་དྲིས་གནང་འདུག་ཚེ་དབང་ནམ་མཁའ་ཁོང་གིས་དེ་སྔོན་ཅི་ལྟར་ལག་ལེན་བསྟར་སྟངས་སྐོར་ཇི་བཞིན་ཆ་ཚང་འགྲེལ་བརྗོད་བྱས་ཚར་རྗེས་དབུ་མཛད་ཁོང་གིས་ངོ་མ་དཔེ་ཧ་ལས་ཡ་རེད་གསུངས་ཞོར་དུ་ཁོང་གི་སློབ་མ་དག་སང་ཞག་ནས་རི་འགོར་རྡོ་བཙལ་མུར་མངག་དགོས་གསུངས་འདུག དེ་མཚམས་ར་མ་ཚེ་དབང་ནམ་མཁས་ལྡོང་མདོ་དབུ་མཛད་ལགས་ལ་ཁྱུང་པོའི་རྡོ་ཚོན་ཅིག་སྤྱན་འབུལ་ཞུས་པས་ཁོང་དཔེ་ཐུགས་མཉེས་པོ་གནང་འདུག

12.jpg

   དེ་དང་དེ་བཞིན་ཁྱུང་པོ་དཔལ་རྒྱལ་ལགས་ལ་རྡོ་ཚོན་སྐོར་སྙན་ཞུ་མང་པོ་ཞུས་ནས་ཁྱུང་པོ་དཔལ་རྒྱལ་ཁོང་གིས་ཀྱང་དགའ་བའི་ཡིད་རངས་དང་བཅས་ནས་དགོངས་འཆར་ལྷུག་པོར་བསྩལ་མྱངས་འདུག དེ་རྗེས་ཉེ་ཆར་སྟེང་ཆེན་གྱི་ལྷ་རྗེ་གྲགས་ཅན་སྐལ་བཟང་ཟླ་བ་ལགས་དང་ར་མ་ཚེ་དབང་ནམ་མཁའ་ཁོང་གཉིས་ཐུགས་འཕྲད་བྱུང་ནས་གསུང་གླེང་ཡང་མང་པོ་གནང་བའི་རྗེས་སུ་ལྷ་རྗེ་ཁོང་གིས་དཔེ་ཐུགས་མཉེས་པོ་གནང་ནས་ཡི་རངས་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་ཐོན་ཁུངས་ནི་རང་བྱུང་གི་གྲུབ་ཆ་ཡིན་པའི་རྗེས་ལ་རྫུན་བསླད་དང་འབག་བཙོག་གི་དྲི་མས་མ་གཡོག་པའི་རྒྱུ་ཆ་བཟང་པོ་ཡིན་ཚུལ་དང་དཔེར་ན་སྨན་རྫས་ཡིན་ན་དེ་འདྲ་རེད་གསུངས་ཏེ་ད་དུང་མུ་མཐུད་འབད་པ་དང་ཧུར་བརྩོན་གནང་དགོས་པའི་སྐོར་བཀའ་སློབ་དང་ལམ་སྟོན་མང་པོ་ཞིག་ཡང་གསུངས་འདུག དེ་དང་དེ་འདྲ་བ་མཁས་དབང་ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན་ལགས་ཀྱིས"དཀོན་མཆོག་མཁྱེན"བྱ་བ་དེ་འདྲ་བསམ་ཡུལ་ལས་འདས་པ་ཞིག་རེད་གདའ་གསུངས་ཏེ་ཁོང་ཐུགས་དགྱེས་ནས་བསྔགས་བརྗོད་དང་ཡི་རངས་དགའ་མགུ་མང་པོ་ཞིག་ཡང་གནང་འདུག

13.jpg

   ད་དུང་ར་མ་ཚེ་དབང་ནམ་མཁའ་ཁོང་གིས་2016/ལོར་ཁྱུང་པོའི་རྡོ་ཚོན་ལེགས་གྲུབ་བྱུང་རྗེས་ཐོག་མར་"ཇོ་བོ་བྲག་བཙན"གྱི་ལྷ་བཞེངས་དགོས་པའི་རྒྱུ་མཚན་སོགས་མང་པོ་བཤད་ཀྱིན་འདུག "ཇོ་བོ་བྲག་བཙན"ཞེས་པའི་ལྷ་དེ་དང་པོ་དབྲ་རིགས་ཀྱི་བླ་མ་ཞིག་དྲེགས་པར་གྱུར་སོང་བ་དང་དེའང་ཁྱུང་པོ་ལ་འབྲེལ་བ་ཡོད་པ་ཡིན། དེ་ནས་ཇོ་བོ་བྲག་བཙན་ཞེས་པའི་ལྷ་དེའི་སྐུ་མདོག་དང་ཕྱག་མཚན་སོགས་གང་ལ་བལྟས་ན་འདྲ་ལྷ་དེ་བཞེངས་བྱེད་ཀྱི་རྡོ་ཚོན་གཉིས་ལ་དམིགས་བསལ་འབྲེལ་བ་ཡོད་པ་དང་། ལྷ་འབྲི་མཁན་ཁྱུང་པོའི་མི་ཡིན་པ་དང་འབྲི་བྱེད་རྫས་ཆ་ཡང་ཁྱུང་པོའི་གཏེར་རྡོ་ཡིན་པ་སོགས་རྒྱུ་མཚན་འདྲ་ཆགས་པོ་དང་གྲ་འགྲིག་པོ་ཤ་སྟག་གསུངས་ཡ་འདུག དེ་དང་དེ་བཞིན་དུ། ཁོང་གིས་དཔེར་ན། མཁའ་ལྡིང་གི་རྫས། མེ་ཏོག་གི་རྩི། གཏེར་རྡོའི་ཚོན། དྲུམ་ཤིང་ཁུ་བའི་བཀྲག་མདངས་འབྱུངས་སོགས་ཅེས་མདོ་དྲི་མེད་གཟི་བརྗིད་ལས་གསུངས་པ་ལ་གཞིགས་ན་ད་དུང་ང་ཚོའི་ལུང་པར་གོང་གི་"ལུང་ལས"གསལ་བ་བཞིན་ཚོན་རིགས་འདྲ་མིན་སྐོར་བརྟག་དཔྱད་གཏོང་ན་གྲུབ་འབྲས་ཐོན་ཐབས་ཡོད་བ་སེམས་ཐག་རེད་འདུག་ཟེར་ནས་གཏམ་བཟང་མང་པོ་ཞིག་འཆད་ཀྱིན་འདུག

14.jpg

   གསར་སྐྱེས་ཁོང་ལྟ་བུའི་ཕུགས་བསམ་དང་རྣམ་རིག་ཞིབ་འཇུག་གི་ལས་ལ་ཁ་ཕྱོགས་སྟངས་དང་སྐད་ཆ་བཤད་སྟངས་དེ་དག་གང་སར་ཇི་ལྟར་བསམ་གཞིགས་བྱས་ན་བདག་ལྟ་བུའི་མི་བུ་དག་གི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་འདུག ངས་ནི་སྐད་ཆ་དེ་ཚོ་གོ་རྗེས་དགའ་བའི་རྗེས་སུ་ཡིད་རངས་དང་བཅས་དོ་ནུབ་ཁོང་གི་ལོ་རྒྱུས་དག་མཛད་བཟང་ལེགས་གྲུབ་བྱུང་བ་འདི་ཧོད་ཧོད་ཚོད་ཚོད་གྱིས་རང་དགར་བྲིས་ཡོང་བ་དང་སྒྲོ་བཏགས་ཀྱིས་བསླད་ཡོང་བ་མིན་ཞེས་ཞུ་འདོད་བྱུང་། དེ་བཞིན་ཁོང་དང་ངེད་གཉིས་ཆུང་ནས་མཉམ་དུ་འཚར་ཡོང་བ་དང་ཁྱིམ་མཚེས་ཀྱི་འབྲེལ་བ་ཡོད་པ་ད་དུང་ལོ་ན་ཡར་ཡར་སོན་རྗེས་ངེད་གཉིས་སེམས་མཐུན་གྱི་གྲོགས་ཤིག་ཡང་ཡིན་པའི་རྒྱུས་མངའ་ཧ་ལས་པོ་ཡོད་པར་བརྟེན་ནས་རྒྱུ་མཚན་འདི་འདྲ་ཞིག་འབྲི་རྒྱུ་ནི་བདག་ལ་མ་སྐུལ་དང་བླངས་ཀྱི་འོས་པའི་ལས་ཤིག་ལ་བརྩིས་ཏེ་བྲིས་པའོ། 2017/1/22/དགོང་མོའི་དུས་ཚོད་23:12ཐོག་འགོ་བཙུགས་ནས2017/1/23/ནམ་གུང་དུས་ཚོད1:45/ཐོག་མ་ཡུམ་སློབ་གླིང་ཆེན་མོའི་མི་སྒེར་དཔེ་མཛོད་ཁང་ནས་ཁྱུང་བཙན་རྒོད་འབོད་པ་དེས་མཇུག་གྲུབ་བོ།། ཐ་ཚན་མུ་ཙུག་སྨར་རོ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.