༄༅།། སྔགས་འཆང་ཀུན་བཟང་བསྟན་འཛིན་རིན་པོ་ཆེ།
སྔགས་འཆང་བ་ཤེལ་ཞིག་ཀུན་བཟང་བསྟན་འཛིན་རིན་པོ་ཆེ་ཁོང་ནི་ཞང་ཞུང་སྒོ་པའི་བར་པ་རྟ་སྒོ་གངས་ཀྱི་ར་བ་སྟེ། རྟ་སྒོ་སྡེ་པའི་གྲོང་ཚོ་གསུམ་པ་ཤེལ་ཞིག་དགོན་གྱི་ལྷ་སྡེ། སྐེད་ར་ཞེས་པའི་ལུང་པར་རྒོད་གསས་རྒྱ་ཡི་ཐུགས་སྤྲུལ་ཞིག་
པོ་བཅོ་བརྒྱད་ཀྱི་ནང་ཚན། ཞིག་པོ་ཤེལ་གྱི་གདུང་ལས་གྲོལ་བའི་བླ་མ་ཚེ་དབང་ལྷ་རྒྱལ་དང་། ཡུམ་མཚལ་བཟའ་
སྐལ་བཟང་བདེ་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༩༨༧ལོར་ངོ་མཚར་གྱི་ལྟས་དུ་མ་
དང་བཅས་སྐུ་འཁྲུངས། དགུང་གྲངས་བརྒྱད་དགུ་ཙམ་ནས་ཡི་གེ་དང་མཁྱེན་སྣང་ལ་སོགས་མ་བསླབ་རང་བརྡོལ་དུ་
ཅུང་ཙམ་མཁྱེན། བྱིས་པའི་དུས་སུ་ཁོང་གི་མཚན་ལ་བསོད་ནམས་གཡུང་དྲུང་ཞུ་ཞིང་། ཕྱིས་སུ་སྙུང་གཞི་ལ་བརྟེན་
ནས་དྭངས་རའི་འགྲོ་འདྲེན་བཅུ་གསུམ་གྱི་ཡ་གྱལ་མི་ཡི་འགྲོ་འདྲེན་གུ་རུ་འོད་ཟེར་གྱིས་ཀུན་བཟང་བསྟན་འཛིན་ཞེས་
པའི་མཚན་གསར་དུ་གསོལ། དེ་ནས་དགུང་གྲངས་བཅོ་ལྔ་ཡི་བར་དུ་རིག་འཛིན་མཁའ་འགྲོའི་ཞལ་མཇལ་ཞིང་ཚོགས་
གྲལ་འགྲིམས་པ་ལ་སོགས་པའི་ཉམས་སྣང་འདྲ་བ་མང་ཙམ་བྱུང་ཞིང་། རིག་འཛིན་མཁའ་འགྲོའི་གསང་མཚན་དུ་ནམ་
མཁའ་རང་གྲོལ་རྩལ་ཞེས་གསོལ། དགུང་གྲངས་བཅུ་བདུན་སྐབས་ཀོང་པོ་སྟག་བྲོ་སའི་མཁན་པོ་གཡུང་དྲུང་རྒྱལ་མཚན་
གྱི་མདུན་དུ་ཉིན་བཅུའི་རིང་སྟག་ལའི་ཚོགས་ཕུལ་བ་དང་། ཉིན་ཉི་ཤུ་ཙམ་གྱི་རིང་ཨ་ཁྲིད་སྔོན་འགྲོ་དང་། འཕོ་བ། དངོས་གཞི་སོགས་ཀྱི་ཁྲིད་ལུང་ཞུས། རག་ཤི་ཀུན་གསལ་སྙིང་པོའི་མདུན་ནས་ཞང་ཞུང་མེ་རི་དང་། རྒྱལ་ཐེབ། རྣམ་
འཇོམས་བཅས་ཀྱི་དབང་དང་། བསྙེན་བསྙུང་དང་རྣལ་བབ་སོགས་ཀྱི་ཁྲིད་ཞུས། གཞན་ཡང་སྲིད་རྒྱལ་དགོན་ཆེན་གྱི་
བླ་མ་མཁས་གྲུབ་ཉི་མ་དང་། རྒྱེལ་རི་དགོན་གྱི་མཁན་པོ་ཡེ་ཤེས་ཐབས་མཁས། མཁའ་འགྲོ་གཡུང་དྲུང་ལྷ་མཆོག་སོགས་
ཀྱི་མདུན་ནས་ཀྱང་ལུང་ཅུང་ཙམ་དང་། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མའི་མདུན་ནས་དམར་ཁྲིད་དུག་ལྔ་རང་གྲོལ་གྱི་
སྔོན་འགྲོ་འབྲིང་པོ་ཞུས། རང་ལོ་བཅུ་དགུ་ནས་ཉི་ཤུའི་བར་དུ་རྟ་དྭངས་ཚོགས་གཞུང་དང་། ལྷ་སྲུང་བཀའ་བསྒོ། གསང་
བདག་ཐུགས་སྒྲུབ། དྲང་ངེས་སྨོན་ལམ་སོགས་དང་ཉམས་མྱོང་གི་མགུར་མང་ཙམ་གསུངས་པ་དང་། དེ་བཞིན་དགོངས་
གཏེར་མང་པོ་དགག་སྒྲུབ་མེད་པར་ཐོལ་བྱུང་དུ་ཕབ་ཅིང་། ཟབ་ལམ་རྫོགས་པ་ཆེན་པོ་ཅིག་ཅར་གྱི་དགོངས་པ་རང་
\ཤར་དུ་བྱུང་ཞིང་། ཆགས་མེད་བརྟུལ་ཞུགས་ཀྱི་སྤྱོད་པ་སྣ་ཚོགས་བསྐྱངས་ཏེ་བསྟན་དང་འགྲོ་བའི་དོན་ཆེན་མཛད་རྒྱུའི་
འདུན་པ་ལྡོག་མེད་དུ་འཁྲུངས། དེ་ནས་ཡབ་ཀྱི་བཀའ་ལྟར་ལྕམ་བཞེས་པར་སྲས་གཅིག་འཁྲུངས། ལོ་དེར་ཁོང་གི་ཡབ་
དགོངས་པ་བོན་དབྱིངས་སུ་ཐིམས་པར་རྒྱུ་གསེར་ཟངས་ལས་གྲུབ་པའི་མྱང་འདས་བོན་སྐུའི་མཆོད་རྟེན་བཞེངས་པ་ སོགས་ཡབ་ཀྱི་དགོངས་རྗོགས་རྒྱ་ཆེན་སྒྲུབ་པ་དང་། ཟླ་བ་གསུམ་ཙམ་གྱི་རིང་ལ་དྭངས་རྭ་གཡུ་མཚོར་རྐྱང་ཕྱག་འབུལ་
གནང་མཛད། སྤྱི་ལོ་༢༠༠༩ལོར་ཀོང་པོ་བོན་རིར་མཇལ་བསྐོར་ཕེབས་ལམ་དུ། ཚ་རོང་གུར་མདོ་དགོན་པའི་མཁན་པོ་
གཡུང་དྲུང་དཔལ་ལྡན་མཇལ་འཕྲད་བྱུང་ཞིང་། ཁོང་གི་ཐུགས་འདུན་ལྟར་ཚ་རོང་མཛོ་སྒང་གུར་མདོ་དགོན་དང་། དཔའ་ཤོད་འབུ་ལུང་དགོན་སོགས་སུ་ཆིབས་བསྒྱུར་གནང་བ་དང་། སྤྱི་ལོ་༢༠༡༠ལོའི་དཔྱིད་ཀར་ཁྱུང་པོ་སྟེང་ཆེན་
དགོན་དུ་ཕེབས་ཏེ་མཁན་པོ་རྒྱ་མཚོ་ནོར་བུ་རིན་པོ་ཆེ་མཇལ་ཞིང་ཕན་ཚུན་གསུང་གླེང་མང་པོ་གནང་བ་དང་། དེ་ནས་བཟུང་ལྔ་སྙིགས་དུས་མཐའི་དགོངས་གཏེར་གྱི་བདག་ཉིད་ཆེན་པོ་འདིའི་མི་མངོན་པའི་བརྟུལ་ཞུགས་ཀྱི་
གསང་རྒྱའི་སྒོ་ཆེན་དེ་ཡོངས་སུ་འབྱེད་ཅིང་ཀུན་ཁྱབ་པར་མཛད་པའོ།།