༄༅།། ཚ་བ་མདའ་སྨྱུག་ལ་ཕུལ་བའི་འཕྲིན་གསར།
བསམ་གཞིག་གི་ནུས་ཚད་རི་ལས་མཐོ་ཞིང་། མཐོང་ཐོས་ཀྱི་ཟབ་ཚད་མཚོ་ཟབ་པའི་དཔྱོད་ལྡན་ཚ་བ་མདའ་སྨྱུག་མཆོག་
སྐུ་ཁམས་བདེ་ལགས་སམ། གུས་པ་ནི་ལོ་ཤས་གོང་གི་བོད་ཡིག་དྲ་འབུ་ཐོག་མདའ་དམར་པོ་ཟེར་བའི་ཁྱེད་ཀྱི་དྲྭ་གྲོགས་
དེ་ཡིན་ལ་གཅིག་བྱས་ན་དྲན་སྐུལ་མ་ཞུས་ཀྱང་ཁྱེད་ཀྱིས་དགོངས་ཀྱི་ཡོད་ཚོད་རེད། སྤྱིར་མཐོང་ཐོས་ཀྱི་རྒྱ་ཆེ་ཞིང་དྲང་
བདེན་གྱི་གཏམ་ལ་དགའ་བའི་བུ་རྒོད་རེ་གཉིས་ཀྱི་རྩོམ་གྱི་མྱུ་གུའི་འགོ་བུད་མ་ཐག་ཚང་མས་ཕྲག་དོག་གི་སེར་བས་
བརྡུང་རྒྱུ་ནི་འུ་ཅག་བོད་པ་ཚང་གི་ངན་གོམས་སུ་སོང་བའི་བག་ཆགས་རྙིང་པ་ཞིག་རེད་འདུག དཔེར་ན་ནམ་རྒྱུན་འུ་
ཅག་གིས་དཔེ་རྙིང་ཁག་ནས་གཟི་འོད་ཀྱིས་འཚེར་བའི་སྟོང་གསུམ་གྱི་སྟོང་ཆེན་པོ་འདིའི་ནང་དུ་ཚ་བ་སྒང་པའི་མདའ་
སྨྱུག་ཁྱེད་ཙམ་ཡང་མི་ཤོང་བའི་ངང་ཚུལ་ལྷང་གིས་མངོན་བཞིན་འདུག་པ་སྟེ། ཁྱེད་ཀྱི་ལྗགས་རྩོམ་《ལོག་རྟོག་སྙིང་
སྟོབས》་སམ་《ཕྱིར་རྟོག་》 རང་རེའི་མིག་གི་དགའ་སྟོན་ནམ་མིག་གི་ཐལ་བར་ལྟོས་བཅས་ཀྱིས་གྱུར་མ་ཐག་
གནས་ལུགས་ཡོད་མེད་སྣ་ཚོགས་ཀྱི་རྒོལ་ཚིག་གི་དྲག་ཆར་ཕབ་སོང་། འོན་ཀྱང་གུས་པས་ད་ཡན་མཐོང་བའི་དགག་ལན་
ཁག་ལས་ཆབ་མདོའི་ཤེས་རབ་ཕུད་དེ་བྱིངས་ནི་སྟོང་མིན་མཚོན་བྱེད་ཙམ་ལས་མགོ་ལྕོག་ལྡེམ་ཆོག་པའི་རྩོམ་བཟང་ཞིག་
ནི་མ་མཐོང་མོད། རྣམ་འགྲེལ་ལས་གསུངས་པ་ལྟར། མ་མཐོང་ཕྱིར་ན་མེད་པ་མིན་ལ། ཚ་སྨྱུག་ཁྱེད་ཀྱི་ལྟ་ཚུལ་ཡོད་ཚད་
སྐྱོན་མེད་དྲི་བྲལ་ཞིག་ཡིན་པའང་མཚོན་མི་ཐུབ། སྤྱིར་ང་རང་སྒེར་གྱི་སྣང་ངོ་ནས་བཤད་ན་ཚ་བ་མདའ་སྨྱུག་གི་རྣམ་
དཔྱོད་དང་དུང་ཞེན་གྱི་ཐད་ནས་དགེ་ཆོས་རྒྱལ་ཚབ་དང་། རྟོགས་སད་དང་དྲང་བདེན་གྱི་ཐད་ནས་དོན་གྲུབ་རྒྱལ་དང་
འདྲ་བའམ་དེ་ལས་བརྒལ་འདུག་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཏེ་ཁྱེད་ཀྱང་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་
གྱི་སངས་རྒྱས་དངོས་བྱོན་ཞིག་མིན་པས་མི་འདང་སའང་ལོས་ཡོད། དཔེར་ན། ཁ་ཕོའམ་འུད་ཤོབ་ཆེ་དྲགས་པ་དེ་ནི་ངའི་
མིག་ལམ་དུ་མངོན་པའི་ཁྱེད་ཀྱི་སྐྱོན་ཆ་ཆེ་ཤོས་ཤིག་ཏུ་སྣང་ངོ་།། འོ་ན་དཔེར་བརྗོད་ཅིག་དྲངས་དང་ཞེ་ན། ཁྱེད་ཀྱིས་
བརྩམས་པའི་བོད་ཡུལ་ཆོལ་ཁ་གསུམ་ཞེས་པའི་ནང་དུ་ཁམས་ཁུལ་གྱི་ཞན་ཆ་གླེང་བའི་སྐབས་ཀྱི་ཚིག་ཕྲེང་རེ་གཉིས་ཙམ་
འདིར་དྲངས་ན། ལྷག་པར་དུ་ཁམས་སྟོད་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་བཅུ་གཅིག་དང་ཉིང་ཁྲིའི་རྫོང་ཁག་བདུན་བཅས་
ཀྱི་ཁོངས་སུ་ནི་རྩོམ་རིག་སྒྱུ་རྩལ་གྱི་ལག་ལེན་དངོས་སུ་བསྟར་མཁན་ཞིག་ཕར་བཞག དེའི་སྐོར་གྱི་རྨི་ལམ་སྐྱིད་པོ་ཐེངས་
ཤིག་གཏོང་མྱོང་མཁན་ཡང་རི་བོང་གི་རྭ། མོ་གཤམ་གྱི་བུ། ནམ་མཁའི་མེ་ཏོག་དང་། རུས་སྦལ་གྱི་སྤུ་ཡིན་ལ། ཐ་ན་དུས་
དེབ་གོ་ཆོད་མ་གཅིག་པུ་སྟེ་<<སྦྲང་ཆར་>>ཞེས་པའི་དུས་དེབ་གཅིག་ཡོད་པ་གོ་མྱོང་མཁན་ཡང་རེ་རེ་གཉིས་གཉིས་ཡིན་
རྒྱུ་རེད། ཁོ་བོས་ཉིས་སྟོང་ཐམ་པའི་ཡར་སྔོན་ན་སྦྲང་ཆར་ཞེས་པ་ནི་ནམ་མཁའ་ནས་བབས་པའི་ཆུ་ཞིག་གི་མིང་ཡིན་པར་
ཤེས་པ་ཙམ་ལས་ཟི་ལིང་ནས་ཐོན་པའི་དེབ་ཅིག་གི་མིང་ཡིན་པ་གཏན་ནས་མི་ཤེས། ད་ལྟ་དེ་ཤེས་བཞིན་ཡོད་པས་ང་ཡི་ཕ་
ཡུལ་ལ་མཚོན་ན་ང་རང་གོ་རྒྱ་ཐོས་རྒྱ་ཆེ་ཤོས་ཡིན་རྒྱུ་རེད་སྙམ་ནས་ང་རྒྱལ་བྱེད་བཞིན་ཡོད། ཅེས་གསུངས་འདུག
ཁྱེད་ཀྱི་དེ་ལྟ་བུའི་གཏམ་ནི་ཤིན་ཏུ་ཐལ་ཆེ་བར་སྙམ་སྟེ། གུས་པའི་ངོས་ནས་བཤད་ན་རྣམ་དཔྱོད་ཀྱི་དབལ་དང་མཐོང་
ཐོས་ཀྱི་རྒྱ་ཤིན་ཏུ་ཆུང་བས་དྲྭ་གྲོགས་ཁྱེད་ནང་བཞིན་ཆབ་མདོའི་མི་འབོར་འབུམ་ཕྲག་དུ་མར་རེ་རེ་བཞིན་གྱི་རིག་གནས་
ཀྱི་ཆུ་ཚད་དང་རྩོམ་རིག་སྒྱུ་རྩལ་གྱི་ཐད་ནས་རྨི་ལམ་ཙམ་ཡང་གཏོང་མྱོང་ཡོད་མེད་དང་། སྦྲང་ཆར་གྱི་མིང་གོ་མྱོང་མཁན་
ཡང་ཁྱེད་མ་གཏོགས་མེད་ཚུལ་ངས་མ་ཤེས། ངས་ཤེས་པ་ནི་ང་རང་མི་གཅིག་ཁོ་ན་ཡིན་མོད། དེའང་ཁྱེད་ཀྱིས་གསུངས་པ་
ལྟར་མིན་པ་སྟེ། ཕྲན་གྱིས་སྦྲང་ཆར་ཞེས་པའི་དུས་དེབ་དེ་མཐོང་བའི་དུས་ཀྱང་ལོ་མང་པོའི་གོང་ནས་ཡིན་པས་མ་ཚད། ལོ་
ངོ་ལྔ་ཡི་ཡར་སྔོན་ནས་སྦྲང་ཆར་ཐོག་ཏུ་རྩོམ་སྤེལ་མྱོང་ལ་རྩོམ་ཡིག་བརྒྱ་དང་ཉི་ཤུ་ལྷག་ཙམ་ནང་ནས་བདམས་ཏེ་ཕུལ་བྱུང་
རྩོམ་ཡིག་གི་གྲས་སུ་བཞག་སྟེ་དམིགས་བསལ་དེབ་ཀྱང་བཏོན་འདུག་པ་དེ་དག་ལྟ་བུ་ཁྱེད་ཀྱིས་གཟིགས་མྱོང་མེད་པའི་སྐྱོན་
དུ་ཟད་པར་སྙམ་མོ།། ཡིན་ནའང་། དུས་དེབ་ཅིག་གི་ནང་དུ་རྩོམ་སྤེལ་བའམ་མིང་གོ་མྱོང་བ་ཙམ་ལ་བརྟེན་ནས་ཁྱེད་ནང་
བཞིན་ཕ་ཡུལ་ཁམས་ལུང་པའི་ནང་ནས་གོ་རྒྱ་ཐོས་རྒྱ་ཆེ་ཤོས་དེ་ང་རང་ཡིན་རྒྱུ་རེད་སྙམ་པའི་ང་རྒྱལ་དེའི་ཟུར་ཙམ་ཡང་
གུས་པར་དེ་སྔ་སྐྱེ་མྱོང་མེད་ལ་མ་འོངས་པར་ཡང་གཏན་ནས་སྐྱེ་མི་སྲིད་དོ།། མཇུག་ཏུ་ཁྱེད་ཉིད་རང་རེའི་རྟོགས་སད་ཀྱི་
མཁའ་དབྱིངས་ན་སྐར་ཆེན་བཞིན་ནམ་ཡང་བཀྲ་བ་ལ། སྐུ་སྲོག་རྡོ་རྗེའི་བྲག་ལས་སྲ་ཞིང་སྐུ་ཁམས་ཆུ་ཡི་ཤེལ་ལས་དྭངས་
བའི་སྨོན་འདུན་དང་བཅས་ལྷ་ས་དག་པའི་ཞིང་ཁམས་ནས་ཉིད་ཀྱི་དྲ་གྲོགས་ཐོག་མདའ་དམར་པོའམ་ཁྱུང་པོ་དཔལ་རྒྱལ་
ཞེས་འབོད་པ་དེས་བྲེལ་ཟིང་སྟོང་གི་བར་གསེང་ནས་ཐད་མྱུར་གྱིས་ཕུལ་བའོ།། །།